ཕྱིས་འབྱོར་ཁ་བྱང་གཅིག་པའི་སྙན་ངག་གི་སྡེ་བ།
དཔའ་བོའི་རྟོགས་བརྗོད།
མགོན་པོ་སྐྱབས།
རྨུ་ཐག་བཙན་པོའི་གདུང་ནས་འཐེན་པའི་བླ་མཁར་སྨུག་པོའི་བདག་པོ་ཡིན། །
ཁྲི་ཕྲག་དམག་གི་དཔུང་སྣ་འདྲེན་པའི་བཙན་པོས་མངགས་པའི་ཕོ་ཉ་ཡིན། །
ལ་རྒྱའི་གཡུ་རལ་སྙིང་ན་འཕྱོ་བའི་དམར་ཡག་སྟག་གི་འགྲན་ཡ་ཡིན། །
ཆོལ་གསུམ་ཕུ་ནུ་བདེ་སྡུག་བསམ་པའི་མེ་ལྕེ་དམར་པོོ་འོད་གོང་ཡིན། །
ཡབ་ཆེན་དམ་པའི་ཐུགས་ཀྱི་དྭངས་མའི་གཅེས་ཕྲུག་བུ་ལོ་ཚགས་སེ་འབར། །
ཡུམ་ཆེན་མ་ལོ་སེམས་ན་བཞད་པའི་སྙིང་གི་དུམ་བུ་ཤག་སེ་འབར། །
མིང་སྲིང་ཀུན་གྱི་དཀྱིལ་ན་མཁོ་བའི་དཔྲལ་བའི་མིག་ཟུང་ཧུར་ཀྱིས་འབར། །
དགོན་གྱི་གྲོང་ན་ཆོས་ཁྲིམས་གཙང་པའི་རྣམ་དག་དགེ་སློང་འོད་ཀྱིས་འབར།།
ཀླ་ཀློའི་གདུག་རྩུབ་ཐལ་བར་བསྲེགས་པའི་འཕྲུལ་གྱི་མེ་དཔུང་དམར་བོ་ཡིན། །
དྲང་བདེན་མེད་པའི་གཞུང་ངན་བསྲེགས་པའི་མེ་ལྕེའི་འཁྱིལ་ཞགས་རིང་མོ་ཡིན། །
རང་ས་གོར་མོ་རང་གི་སྲུང་བའི་གདུང་མཆོང་མེ་འོད་དམར་པོ་་ཡིན། །
ཞི་བདེ་འོད་སྣང་གླིང་འདིར་བསྐྲུན་པའི་སྐལ་བའི་མེ་དཔུང་གསོན་པོ་ཡིན། །
སྟོད་ཕྱོགས་ཡུམ་བུ་བླ་མགར་སྨུག་པོ་དཔའ་བོ་ཁྱེད་ཀྱི་བཙན་མཁར་ཡིན། །
བར་ཀྱི་མདོ་ཁམས་སྐྱིད་ཀྱི་ཞིང་ས་དཔའ་བོ་ཁྱེད་ཀྱི་སྲུང་དམག་ཡིན། །
སྨད་ཕྱོགས་མདོ་སྨད་རྟ་ཡི་ཆོལ་ཁ་དཔའ་བོ་ཁྱེད་དཔུང་རོགས་ཡིན། །
བྱེས་གྱར་གངས་རིའི་སྤུན་ཟླ་ཚང་མ་དཔའ་བོ་ཁྱེད་ཀྱི་རྒྱབ་རི་ཡིན། །
དཔའ་བོའི་ཞལ་ཆེམས་སྙིང་ལ་ཉར་ནས་མཐུན་སྒྲིལ་གནང་རོགས་གདོང་དམར་བ། །
དཔའ་བོའི་རྟོགས་བརྗོད་སེམས་སུ་བཟུང་ནས་དགྲ་དཔུང་འདུལ་དགོས་གངས་རི་བ། །
དཔའ་བོའི་མེ་ལྕེ་ལ་རྒྱར་འཛིན་དགོས་ཐུ་བྷོད་རུས་མཆེད་གངས་ཕྲུག་ཚོ།།
དཔའ་བོའི་བྱས་རྗེས་རྡོ་རིང་བཀོད་དགོས་ཕྱི་རབས་བོད་པའི་ཤུལ་བཞུགས་ཚོ།།
ལྷ་རྒྱལ་ཀི་སྒྲ་རིང་མོ་འདེབས་བཞིན་དཔའ་བོ་མཚན་སྙན་གླིང་བཞིར་སྒྲོག །
ཡིག་དྲུག་དབྱངས་རྟའི་འགྱུར་ཁུགས་བར་ནས་དཔའ་བོ་དམ་པར་འདས་མཆོད་སྒྲུབ། །
ལག་ཟུང་མཐོན་པོ་མཁའ་རུ་སྒྲེང་ནས་དཔའ་བོ་འདོད་དོན་ངར་གྱིས་སྒྲོག །
རང་ཡུལ་ཞི་བདེ་མ་ཐོབ་བར་དུ་སྲིད་གསུམ་འཇིགས་པའི་སྐད་ཆེན་སྒྲོག །
༢༠༡༢་༡༡་༡༥་ཉིན་རང་ཤག་ནས་བྲིས།
དངོས་མིང་། མགོན་པོ་སྐྱབས། སྨྱུག་མིང་། སོག་མདའ། ཆེད་ལས། བོད་ཀྱི་བསྐུ་མཉེའི་གསོ་ཐབས་པ།
—————————————————————————————
དཔའ་བོའི་རྟོགས་བརྗོད།
འཇིག་རྟེན་དུ་དྲང་བདེན་དང་གནས་ལུགས་མེ་ཡིས་བཤད་མྱོང་བའི་བོད་ཀྱི་དཔའ་རྒོད་ཚོ་ཡང་ཡང་དྲན་པ།
ཐོར་རྒོད་པ་སྤྱན་ཆབ།
གཡག་ཆད་གད་པ་དང་ཕག་སྣ་རྡོ་ལ་ཐུག་པས་ན
གཡུང་མོ་ལུག་གི་འདུ་ཤེས་དང་བྱ་བྱེད་ཐམས་ཅད
བོད་དཔའ་རྒོད་དག་གིས་དམར་པོ་མེ་ལ་བཏབ་པས
ཡོད་ཚད་མེ་རི་བཞིན་འབར་ཞིང་འཐོར
གོ་ལ་རིལ་བོའི་སྒལ་གཞུང་དུ
མིག་ཡོད་ཚད་ཀྱི་ནང་དུ
གནས་ལུགས་ཤིག་མེ་ཡིས་གཏོར
རྒྱུ་མཚན་ཞིག་སྲོག་གིས་བཤད
དཔའ་རྒོད་ཞེ་གཅིག་དང་ཚེ་སྲོག་ཞེ་གཅིག
དཔའ་གདེང་གི་ཀི་བསྭོ་དང་རང་དབང་གི་མིད་པ་ཡོད་ཚད
མེ་ནང་དུ་གནས་ཤིང་ང་རྒྱལ་གྱིས་འབར་བས
སེམས་གསོན་པོ་དག་གིས་མཆི་མ་ཆར་དུ་བསྙིལ
འཛམ་གླིང་གི་ལྷོ་སྣེ་དང་བྱང་སྣེར
མེ་དམར་པོས་ཅི་ཞིག་ཁྱེར་ཏེ་བུད་སོང
སེམས་ཀྱི་ཟབ་ས་དང་དཀྱིལ་ལ
སྲོག་དམར་པོས་ཅི་ཞིག་བཤད་དེ་བཞུད་སོང
དཔའ་རྒོད་གཅིག
ཚེ་སྲོག་གཅིག
སྐྱེ་བ་གཅིག
བཞུད་སྟངས་གཅིག
སྟོབས་དང་བདེན་པའི་གློ་སྙིང་ཡོད་ཚད་བཤམས་ནས
གནས་ལུགས་དང་རང་དབང་གི་ཁུ་ཚུར་དགུང་ལ་ཕྱར་ཏེ
དེ་རིང་ཨ་མའི་སློག་པ་ཕུད་ཅིང་མེ་ལྭ་དམར་པོ་མནབས
ཞི་བ་དང་དྲང་བཞག་གིས་རང་ཉིད་འབར་དུ་བཅུག
བདེན་པ་དང་གནས་ལུགས་ཀྱིས་རང་ཉིད་རྫོགས་པར་བྱས
ཕ་དམ་པ་དང་མ་ལོའི་རྒས་གཉེར
གཉེན་ཉེ་དུ་དང་མཛའ་བའི་གྲོགས་ཚོགས
ཡོད་ཚད་གདོད་མའི་ཨ་བྲད་བཞིན་དུ་དོར་ཏེ
ཐམས་ཅད་རྨི་ལམ་གྱི་ཁུ་ཞགས་སྣུམ་པོ་སྟེ
རང་དབང་གི་ཆེད་དུ
བདེ་སྐྱིད་ཀྱི་ཕྱིར་དུ
ད་ལྟའི་བཙན་གནོན་སེམས་ཀྱིས་མ་བཟོད་པར
ད་ལྟའི་བཤུ་བཞོག་མིག་གིས་མ་ནོན་སྟབས
རང་ཉིད་འདི་ལྟར་བུད་ཤིང་རྐང་གཅིག་གི་དོད་ཀྱིས
དཔའ་རྒོད་ཞེ་གཅིག་དང་ཚེ་སྲོག་ཞེ་གཅིག་འདི་ལྟར་འབར
འཇོན་པོའི་འུར་ཟིང་ཡོད་རྒུ་དང
མེད་པོའི་མེ་ཏོག་རྐང་འབུལ་གྱིས
དེ་རིང ཁྱོད་ཚོའི་ཉི་འོད་ལ་བཀྲག་མདངས་ཡོད་རྒུ་བསྩལད་བས
པར་ཆས་དང་ཁ་པར་གྱི་ནུས་ཤུགས་ཡོད་ཚད་ཁྱོད་ཚོ་ཁོ་ནར་གཏད
ངུ་ངག་དང་འོ་དོད་ཡོད་རྒུ་ཁྱོད་ཚོའི་ཕྱོགས་སུ་འབར
གཏམ་གླེང་དང་གསར་འགོད་ཐམས་ཅད་ཁྱོད་ཚོའི་ཕྱོགས་སུ་མཆེད
དེ་བས་ན མགོ་སེར་མི་དང་སྐྲ་ནག་བདག་པོ་ཐམས་ཅད་ནས
ཉིད་ཀྱི་བློ་སྤོབས་དང་དཔའ་གདེང་ལ་མིག་ནས་མཆི་མ་འགྲིལ་ཅིང
སེམས་ནས་ངུ་ཟུག་ཡང་ཡང་བྱས
ཡིན་ན་ཡང དཀར་ནག་ཅེས་པ་དེ་དང་བདེན་རྫུན་ཞེས་པ་དེ་ནི
ངའི་བོད་པའི་སྟེང་ལ
གནམ་གྱི་མེ་ཏོག་རེད
ས་ཡི་སྐར་མ་རེད
བོད་ཀྱི་ཐོད་པའི་ཁ་ཡིག་གི་ཚིག་འབྲུ་རེ་རེ
དྲང་བདེན་ཞེས་པ་དེའི་མིག་གོང་གི་རི་མོར་མ་ཡོད་པ་ལྟར་སྣང་ལ
བོད་ཀྱི་ལས་དབང་གི་ཐེམ་སྐས་རིམ་པ་རེ་རེ་ན
སྐྱ་རེངས་ཤར་བའི་སྐར་ཆ་ནས་འོད་གསལ་གྱི་ལམ་དེ་ཡོད་དམ་ཅི་གོ
དེ་ཡི་གདུག་རྩུབ་ཀྱི་གཡབ་མོས
ང་དང་བོད་མི་ཚོའི་སེམས་དང་རྐང་བྲུས་ནས་བུད་སོང
ང་དང་བསམ་ཤེས་ཚོའི་མིག་ཏུ་ཁྲག་བསྐྱིལ་ནས་བཞུད་སོང
དེ་བས་ན། མི་རྣམས་ཀྱིས་ཉིད་ལ་སྙིང་གི་ཆུ་བཙགས་ནས
བོད་རྣམས་ཀྱིས་ཁྱོད་ལ་རྐང་གི་ཁྲག་བཏོན་ནས
དེ་རིང་གི་འོ་དོད་དང་ངུ་ངག་གིས་རྒྱལ་ཁམས་བསྒུལ
དེའང་ལོས་ཀྱང་ཡིན་དེ
འཇིན་རྟེན་ནི་གོ་བ་མེད་པའི་རྡོ་བ་ཞིག་མ་ཡིན་པས
མི་ཡུལ་ནི་བདེན་རྫུན་དབེན་པའི་སྤྱང་ལྟོགས་དེ་མ་ཡིན་པས
ཡིན་ན་འང བདེན་དང་རྫུན་པ་གཏད་པས་གནས་ལུགས་དང
དྲང་དང་འཁྱོག་པོ་འཕྲད་པའི་དཀར་ནག་གིས
མི་ཡུལ་ནས་མིག་གི་ཟིན་ཚོར་དང་སེམས་ངལ་མ་ཤི་བར་ཏུ
ཁྱོད་ཀྱི་གསོན་སྲེག་དང་བདེན་ཚིག་ཡོད་དོ་ཅོག
ང་ཡི་ངུ་འབོད་དང་མིག་ཆུའི་ཕེབས་སྐྱེལ་དག
ང་ཡི་པར་ཆས་སུ་གསལ་བའི་འདྲ་རིས་བཞིན
གཅིག་ཀྱང་ཤོར་ས་མེད་པའི་ཚད་དུ་ལྷུང་ཡོད
དཔའ་རྒོད་ཞེ་གཅིག་དང་ཚེ་སྲོག་ཞེ་གཅིག
ཡང་སྙིང་ཉིད་ཀྱིས་ཅི་ཞིག་ཞུ་བར་འདོད་དམ
ང་བཞུད་འགྲོ་བས་ཁྱོད་ཡིན
ང་སོང་ཤུལ་ནས་ཁྱོད་ཡིན
ང་ཡོད་ནའང་ཁྱོད་ཡིན་ལྟ་བུའིོ
འཇིག་རྟེན་མུན་པ་དང་ལྷན་དུ་འཚོ་བ་དག་ལ
ཉིད་ཀྱིས་ཡང་སྙིང་ཅི་ཞིག་ཞུ་བར་འདོད་དམ
༢༠༡༢།༠༣།༣༠ཉིན་བྲིས། ༠༦།༢༢ བཟོ་བཅོས་ཀྱིས་གྲུབ།
དངོས་མིང་། རྡོ་རྗེ་ཚེ་རིང་། སྙུག་མིང་། སྐྲན། ཐོར་རྒོད་པ་སྤྱན་ཆབ། ལས་ཐོབ། དྲ་རྒྱའི་རྩོམ་སྒྲིག་པ་དང་གསར་འགོད་པ།
—————————————————————————————
དཔའ་བོའི་རྟོགས་བརྗོད།
_______མེ་ལྕེ།
འཇམ་དཔལ་ཚུལ་ཁྲིམས།
མེ་ལྕེ ལག་པ་དང་རྐང་བའི་བུད་ཤིང་ལས་མཆེད
ཟུངས་ཁྲག་དང་ཀླད་ཞོ་ཡི་རམ་འདེགས་ལས་མཆེད
མེ་ལྕེ མེ་ལྕེ སྙིང་སྟོབས་དང་གཞན་ཕན་གྱི་རླུང་བུས་བསྒུལ
བློས་གཏོང་དང་ཕུགས་བསམ་གྱི་མེ་སྐྱོར་ལས་མཆེད
མེ་ལྕེ མེ་ལྕེ མེ་ལྕེ
གཟུགས་ཅན་ཤིང་དང་རྡོ་སོལ་གྱི་བུད་ཤིང་ལས་མ་མཆེད
གཟུགས་མེད་དཔའ་དང་སེམས་བསྐྱེད་ཀྱི་བུད་ཤིང་ལ་མཆེད
ངའི་ཀླད་ཞོ་དཀར་བོ་ལས་མེ་ཁ་གསོ་དུས
ལྷ་ཕྱག་ན་པད་མོའི་ཕྱག་གིས་བདུད་རྩིས་བྲན
ངའི་ཟུངས་ཁྲག་དམར་པོ་ཡི་རམ་འདེགས་འབུལ་དུས
མགོན་འོད་དཔག་མེད་ཀྱི་གསུང་གིས་དབུགས་དབྱུང་ཐོབ
ངའི་མྱིད་ཐག་སྨུག་པོ་ལ་མེ་ལྕེ་ཞུགས་དུས
ལྷ་ཕྱག་ན་པད་མོ་ལ་འབོད་པ་མགྲིན་པར་བབས
ཕྱི་ལྤགས་པ་ཡི་སྐྱི་མོ་རེ་རེ་བཞིན་ཞུ་དུས
ནང་རྟོགས་སད་ཀྱི་འབོད་པ་རེ་རེ་བཞིན་ངག་ལ་འབྱོར
རུས་སྒྲོམ་གྱི་ལྷུ་ཐག་རེ་རེ་བཞིན་འཐོར་དུས
རང་དབང་གི་རྣམ་གྲངས་རེ་རེ་བཞིན་ནོད་པར་གྱུར
ང་ཡོངས་སུ་འབར་སོང
ངའི་ལུས་པོ་ཡོངས་སུ་འཚིག་སོང
ངའི་འོ་དོད་ནམ་མཁའི་སྙན་ལམ་དུ་གསན་སོང
ངས་འཛམ་གླིང་ལ་ཚེ་འབར་བསྒྲོན་སོང
ང་ནི་དུས་གཏན་དུ་འབར་བཞིན་པའི་ཚེ་འབར་ཞིག
འོད་ལྷབ་ལྷུབ་ཀྱི་མེ་ལྕེ དམར་ཟང་ཟིང་གི་མེ་ལྕེ
ང་ནི་དུས་གཏན་དུ་འགྱེད་བཞིན་པའི་འོད་ལང་ཞིག
མེ་ལྕེ མེ་ལྕེ མེ་ལྕེ སྙིང་སྟོབས་ཀྱི་མེ་ལྕེ
མེ་ལྕེ་འདི་བདག་གི་རྒྱན་ཆ་ཡིན
ན་ཟུག་འདི་བདག་གི་ལུས་ཕུང་ཡིན
འཚིག་སྒྲ་འདི་བདག་གི་གླུ་དབྱངས་ཡིན
ངའི་ལུས་ཐོག་ན་འབར་བཞིན་པའི་མེ་ལྕེ་འདི
དུས་གཏན་དུ་བཏལ་མཁན་མེད་པར་ཤོག
ཚེ་གང་ལ་འབར་བཞིན་གནས་པར་ཤོག
༢༠༡༢.3.14་ཧུན་སུར་ནས།
དངོས་མིང་། ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། ལས་ཐོབ། དགེ་རྒན།
—————————————————————————————
དཔའ་བོའི་རྟོགས་བརྗོད།
སེར་ཤུལ་རིན་ཆེན་དོན་གྲུབ། ལྷོ་ཕྱོགས།
ཁྲག་གིས་འཚོས་པའི་འཇིག་རྟེན་འདི་ཡིས་ཅི་ཞིག་ནན་བརྗོད་བྱེད་བཞིན་ཡོད། །
སྙིང་སྟོབས་མཆོག་གི་མཛད་པ་འདི་ཡིས་གང་ཞིག་མགྲོན་དུ་བསུ་བཞིན་ཡོད། །
མེ་ལྕེ་དམར་པོའི་ངར་ཤུགས་འདི་ཡིས་སུ་ལ་ཁ་གཏད་གཅོག་བཞིན་ཡོད། །
འཛམ་གླིང་གོ་ལའི་ཟིན་ཐོ་བརྒལ་བའི་སྒུལ་ཤུགས་འདི་ཡིས་ཅི་ཞིག་བསྙད། །
ཁྱེད་ཀྱིས་སྲོག་དང་ཚེ་ཡིས་འབོད་པ་ཞི་བདེ་བསུ་བའི་དབྱངས་རྟ་ཡིན། །
ཁྱེད་ཀྱིས་སེམས་དང་བསམ་པས་འཚོལ་བ་རང་དབང་རྫོགས་ལྡན་སྐལ་བ་ཡིན། །
ཁྱེད་ཀྱི་ལུས་དང་ལོངས་སྤྱོད་དོར་བ༸རྒྱལ་མཆོག་ཕེབས་པའི་ཉེར་བསྡོགས་ཡིན། །
ཁྱེད་ཀྱིས་གོ་ལར་མཛེས་སྡུག་བསྐྲུན་པ་གངས་ཅན་དཔའ་བོའི་སྙན་པ་ཡིན། །
ཀྱེ་ཧོ་དཔའ་མཛངས་སྙིང་སྟོབས་དེ་ནི་གདོང་དམར་རུས་ཀྱི་རྒྱུད་ལས་འཁྲུངས། །
འཚེ་མེད་ཞི་བའི་ཐབས་མཆོག་དེ་ནི་ནང་བསྟན་ཆོས་ཀྱི་དཔལ་ལས་བྱུང་། །
གཞན་གནོད་སྤོང་བའི་འཐབ་རྩོད་ནུས་ཤུགས་བླ་ན་མེད་པའི་སྦྱོར་བ་ལས། །
འཛམ་གླིང་དཔྱོད་ལྡན་སྐྱེ་བོའི་འཛུམ་ཞལ་གངས་ཅན་ལྗོངས་ལ་འཛུམ་པར་བྱས། །
མི་ཡི་རིགས་ཀྱི་ལོ་རྒྱུས་གླེགས་བམ་དལ་གྱིས་ཀློག་པར་རྩོམ་པ་ན། །
རྒྱལ་ཁའི་ཆེད་དུ་ཚེ་སྲོག་གཏོང་བའི་དཔའ་བོའི་ལོ་རྒྱུས་མོད་ན་ཡང་། །
རང་གི་ཆེད་དུ་གཞན་སྲོག་གཅོད་པའི་རྟུལ་ཞུགས་དང་དུ་བླངས་བ་ལས། །
རང་ཉིད་བསད་ནས་རྒྱལ་ཁབ་སྐྱོང་བའི་ལོ་རྒྱུས་རི་མོ་ཤིན་ཏུ་ཉུང་། །
དེ་དག་བསམ་དུས་ཁྱེད་ཀྱི་མཛད་རྗེས་དཔའ་བོའི་མཛད་བཟང་བླ་མེད་ཡིན། །
མེ་ལྕེའི་རླབས་ཀྱི་ཞི་བདེའི་འབོད་སྒྲ་འཛམ་གླིང་ཟིན་ཐོ་གསར་བ་ལགས། །
སྙིང་སྟོབས་སྟོང་གི་རེ་འབོད་གཉོམ་པོར་དགྲ་སྙིང་གཏོར་བའི་ནུས་སྟོབས་མཆིས། །
ཤིན་ཏུ་རྨད་དོ་མཆོག་ཏུ་གྱུར་ཏོ་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ། །
དམར་པོའི་སྙིང་ལ་ཚེ་སྲོག་གཅེས་པའི་འདུ་ཤེས་ཅུང་ཙམ་མེད་ན་ཡང་། །
ཚེ་སྲོག་གཏོང་བའི་བློ་སྟོབས་བྱ་བར་ཡང་དག་འབྲས་བུ་སྨིན་ངེས་པས། །
ཁྱེད་ཀྱི་ཁྲག་དྲོན་གསར་པས་བསྐྲུན་པའི་ཁ་བའི་ལྗོངས་ཀྱི་མི་རིགས་འདིར། །
རང་དབང་སྐལ་བ་མྱུར་དུ་ཤར་བའི་ཡིད་ཆེས་སྤོབས་བདག་ལ་ཟབ། །
བདེན་པའི་གནས་ལུགས་རིན་ཐང་ཡོད་པ་དུས་ཀྱིས་གསལ་བོར་བྱེད་ངེས་ཤིང་། །
ཁྲག་དྲོན་འཕྱུར་བའི་ལོ་རྒྱུས་འདི་ཉིད་མེ་ལྕེས་རླབས་ཀྱིས་བསྒྱུར་ངེས་པས། །
དཔའ་རྒོད་དག་གི་རྣམ་ཤེས་འབོད་སྒྲ་སྙིང་གི་དྲོད་རླབས་ལ་ཉར་ཏེ། །
རེ་བའི་གནས་སུ་མདུན་དུ་སྐྱོད་དང་རིགས་གཅིག་གངས་ཅན་བོད་པ་ཚོ། །
བླ་ན་མེད་པའི་སྙིང་སྟོབས་འདི་ནི་གངས་ཅན་དཔའ་བོའི་མཚོན་དོན་ཡིན། །
འཚེ་མེད་ལྟ་གྲུབ་ཟབ་མོ་འདི་ནི་རིག་གཞུང་རྒྱ་མཚོའི་སྙིང་བཅུད་དོ། །
གོ་ལ་བརྒལ་བའི་སྙན་པ་འདི་ནི་དཔའ་བོས་བསྐྲུན་པའི་བྱས་རྗེས་ཏེ། །
མངོན་པར་བསྟོད་དོ་ཡི་རངས་བྱ་འོ་སེམས་ཀྱི་དཔའ་རྒོད་དམ་པ་ཚོ། །
རྒྱལ་གཅེས་སྙིང་སྟོབས་ཅན་གྱི་དཔའ་རྒོད་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་འཚེ་མེད་ཞི་བའི་སྟོབས་ཤུགས་བཀོལ་སྤྱོད་ཀྱིས་ཆེས་ཚད་གཞི་མཐོ་བའི་འཐབ་རྩོད་དེ་རང་ལུས་མེར་སྲེག་གི་ལས་འགུལ་བྱུང་དང་འབྱུང་བཞིན་པ་དང་དུས་མཚུངས་སུ་ཁོང་ཅག་གི་བླ་ན་མེད་པའི་སྙིང་སྟོབས་ཀྱིས་བྱེད་སྟངས་དེ་དང་། རང་ཉིད་ཀྱིས་གང་ཡང་བྱེད་མི་ཐུབ་པའི་སྡུག་ཡུས་དང་ངོ་ཚ་འདྲེས་མའི་ཚོར་བ་ཞིག་གི་རྡབ་སྐྱོད་དང་ལྷན་དུ་འདི་ཁོང་ཅག་གི་བྱས་རྗེས་ལ་རྗེས་སུ་ཡི་རང་གི་མཚོན་བྱེད་ཙམ་དུ་བྲིས་པའོ།།
༢༠༡༡/༡༡/༡༦
དངོས་མིང་། ་སེར་ཤུལ་རིན་ཆེན་དོན་གྲུབ། ལས་གནས་དགེ་རྒན།
—————————————————————————————
དཔའ་བོའི་རྟོགས་བརྗོད། ༼ཚན་པ་གཉིས།༽
_______འཚིག་བཞིན་པའི་དཔའ་བོ་དག་ལ་རྗེས་དྲན་དུ།
དོལ་སྨྱོན།
དམར་པོ་མེ་ལྕེའི་རང་འོད་འོག་ནས་བདེན་པའི་བུ་ཆུང་བཞུད་ནས་ཐལ། །
དམར་པོ་མེ་ལྕེའི་འབར་སྟངས་ཁྲོད་ནས་ཞི་བའི་རྣལ་འབྱོར་ཡལ་ནས་ཐལ། །
དམར་པོ་མེ་ལྕེའི་རྔམ་ཁའི་དཀྱིལ་ནས་བྱམས་བརྩེའི་མ་ཡུམ་བུད་ནས་ཐལ། །
དམར་པོ་མེ་ལྕེའི་ཚ་ཞགས་ཁོངས་ནས་དྲིན་ཅན་ཕ་ལོ་གཤེགས་ནས་ཐལ། །
མུན་པའི་ཀློང་ན་ལྷིང་ངེར་འགྱིང་བའི་ཇག་ཚོགས་དག་གི་སེམས་པ་དེ། །
གཙང་ཆུས་དྲིལ་བའི་རྡོ་ཞིག་ཡིན་རུང་ད་ནི་དུམ་བུར་འཐོར་ངེས་ཡིན། །
རང་གི་ཁ་ཕོར་སྲུང་ལ་མཁས་པའི་མཉམ་འབྲེལ་རྒྱལ་ཚོགས་ཆེན་མོ་དེ། །
ལོ་གསུམ་སྨྲ་བ་བཅད་ན་མ་གཏོགས་ད་ནི་ཁ་ཞིག་གྲག་ངེས་ཡིན། །
གཞིས་ཀྱིས་རེ་བ་བྱེས་ལ་བཅོལ་ནས་ལོ་ངོ་ལྔ་བཅུ་ཟད་ནས་ཐལ། །
བྱེས་ཀྱིས་རེ་བ་གཞན་ལ་བཅོལ་ནས་ལོ་ངོ་ལྔ་བཅུ་བུད་ནས་ཐལ། །
གཞན་དག་གཞན་གྱིས་གཡོ་སྒྱུས་བསླུས་ནས་ལོ་ངོ་ལྔ་བཅུ་ཡལ་ནས་ཐལ། །
ཡོད་ཚད་སྟོང་འདང་ཁྲོད་ནས་ཡལ་བའི་ལོ་རྒན་ལྔ་བཅུ་རྫོགས་ནས་ཐལ། །
མི་ལ་མི་ཡི་ཐོབ་ཐང་མེད་པའི་ཞ་ར་ལྟ་བུའི་སྤྱི་ཚོགས་དེར། །
མི་ལ་མི་ཡི་རིན་ཐང་མེད་པའི་བྱོལ་སོང་ལྟ་བུའི་ཁོར་ཡུག་དེར། །
རིག་གཞུང་རིན་ཐང་མུན་པར་བརྫངས་པའི་མུན་ནག་ལྟ་བུའི་གྲུ་ཁ་དེར། །
མི་རིགས་རང་དབང་རྡོག་པས་བརྫིས་པའི་བཙོན་རྭ་ལྟ་བུའི་བསྟི་གནས་དེར། །
བཙན་གནོན་དྲག་པོའི་དྲག་ཆར་བབས་པས་དྲང་བདེན་མགོ་བོ་གཉའ་ནས་བཀུག །
ལོག་བཤད་རླུང་དམར་ཀུན་ནས་འཚུབ་པས་དྲང་བདེན་གཏམ་གྱི་རང་འོད་སྒྲིབ། །
མི་ཟད་གཉའ་གནོན་ཁུར་གྱིས་གནོན་པས་དྲང་པོའི་རུས་རྐང་འཁྱག་ལ་འབྱར། །
མི་བུའི་རང་གཤིས་རླུང་ལ་བསྐུར་བས་ཡོད་ཚད་མིག་ཆུའི་ཀློང་ལ་བསྟིམས། །
ཉིན་གྱི་སྣང་བ་རིང་མོ་དེ་ནི་དམར་ཆུང་སེམས་ཀྱི་ཟུག་རྔུ་ཞིག །
མཚན་གྱི་ཆུ་ཚོད་རིང་མོ་དེ་ནི་སྡུག་གིས་སྤུར་བའི་དབུགས་རིང་ཞིག །
མུན་པས་གཡོགས་པའི་ཁོར་ཡུག་དེ་ནི་མི་བཟོད་གཤིན་རྗེའི་བཙོན་རྭ་ཞིག །
རྫོགས་པར་དཀའ་བའི་ཉིན་ཞག་དེ་ནི་བཟོད་ཐབས་བྲལ་བའི་ན་ཟུག་ཅིག །
ལོ་རྒྱུས་བདེན་པའི་རང་ངོ་སྤྲད་ཀྱང་རྫུན་གྱི་ཁ་ལྕེ་གཞན་དུ་ཀྱོག །
མི་རིགས་རིག་གཞུང་དཔང་པོར་བཞག་ཀྱང་བདེན་པའི་མིག་ཟུང་སྔ་ནས་ཟུམ། །
བདེན་པའི་སྐད་འབོད་ཞི་བས་བསྒྲགས་རུང་མེ་མདའ་བོའུ་ཐུང་དག་གིས་བསུས། །
དམར་པོ་མེ་ཡིས་ཟེགས་མ་མཆེད་རུང་མེ་ལྕེའི་རང་འོད་འགེབས་ལ་བརྩོན། །
སྐྱོ་བས་བཞུར་བའི་མིག་ཆུ་དེ་ཀོ་བསྐྱིལ་ན་མཚོ་ཞིག་ཁེངས་ངེས་རེད། །
སྡུག་གིས་སྤུར་བའི་དབུགས་རིང་དེ་ཀོ་བསྡུས་ན་རི་རབ་འགུལ་ངེས་རེད། །
གདུང་བས་མནར་བའི་སྨྲེ་ངག་དེ་ཀོ་བསྡོམས་ན་འཇིག་རྟེན་འདར་ངེས་རེད། །
སྐྱོ་གདུང་ཡོད་ཚད་གཟུགས་སུ་གྲུབ་ན་སྟོང་གསུམ་འདི་ཡང་ཆུང་ངེས་རེད། །
བདེན་པའི་རང་འོད་སྔ་ནས་འགྲིབ་པའི་མི་རིགས་དེ་ཡི་གོ་འགྲམ་ན། །
བདེན་པ་གནས་ལུགས་རྒྱུ་མཚན་ཟེར་བ་ལྐུགས་པའི་ཁ་ཡི་བུ་རམ་སྟེ། །
རང་དབང་འདྲ་མཉམ་རླུང་ལ་བསྐུར་བའི་ཇག་ཚོགས་དག་གི་མིག་མདུན་ན། །
རང་ལུས་དམར་པོའི་མེ་རུ་སྒྲོན་ལས་གཞན་པའི་ཐབས་ཤིག་མེད་པ་འདྲ། །
སུམ་ཅུར་ལོན་པའི་སྟག་ཤར་གཞོན་པ་དམར་པོ་མེ་ཡི་དཀྱིལ་ནས་ཡལ། །
དྲུག་ཅུར་སོན་པའི་དྲིན་ཅན་ཕ་ལོ་དམར་པོ་མེ་ཡི་ཀློང་ནས་བཞུད། །
བདུན་ཅུར་སླེབས་པའི་བརྩེ་ལྡན་མ་ལོ་དམར་པོ་མེ་ཡི་ནང་ནས་བུད། །
ཞི་བར་ཕྱོགས་པའི་རྣལ་འབྱོར་ཕོ་མོ་དམར་པོ་མེ་ཡི་ཁོངས་ནས་གཤེགས། །
མི་རིགས་ལ་རྒྱ་སྙིང་ལ་བཅངས་པའི་སྟག་ཤར་དག་གི་འབོད་སྒྲ་དང་། །
རིག་གཞུང་དོན་སྙིང་ཡིད་ལ་སིམ་པའི་སྨན་ཆུང་དག་གི་ཀི་སྒྲ་གཉིས། །
གཅིག་ཏུ་འཁྱིལ་བའི་མེ་ལྕེ་དམར་པོ་འཛིན་མའི་ཏོག་ནས་མཆེད་པའི་ཚེ། །
རྩམ་ཟན་བོད་མི་རེ་རེའི་སྙིང་ལ་ནུབ་ཏུ་མེད་པའི་རྡོ་རིང་བཙུགས། །
ལྷབ་ལྷུབ་གཡོ་བའི་མེ་ལྕེའི་ཀློང་ན་མི་རིགས་ཤིག་གི་བདེ་སྡུག་མཆེད། །
འཕྱུར་འཕྱུར་འཐུལ་བའི་དུ་སྤྲིན་ནང་ན་རིག་གཞུང་ཞིག་གི་སྲོག་རྩ་སྦྲུམ། །
ཞུམ་མེད་གྲག་པའི་འབོད་སྒྲའི་ཁོངས་ན་རེ་བ་ཞིག་གི་མངར་ཁ་རུམ། །
བར་མེད་འཕེལ་བའི་ལས་རིམ་ཁྲོད་ན་ཟད་མཐའ་མེད་པའི་རེ་ཞགས་རྒྱས། །
མི་རིགས་ཤིག་གི་བདེ་སྡུག་ཆེད་དུ་རང་ལུས་དམར་པོའི་མེ་ལ་སྤར། །
རིག་གཞུང་ཞིག་གི་སྲོག་རྩའི་དོན་དུ་ཚེ་འདིའི་ཕུན་ཚོགས་རླུང་ལ་བསྐུར། །
རང་དབང་ཞིག་གི་ཐོབ་ཐང་ཕྱིར་དུ་ཡོད་ཚད་མཆིལ་མའི་ཐལ་བཞིན་བོར། །
ཨེ་མ་ཁྱེད་ཚོའི་མཛད་རྗེས་བསམ་ཚེ་ཟད་མཐའ་བྲལ་བའི་སྤོབས་པ་ཞིག །
ལང་ལིང་གཡོ་བའི་མེ་ལྕེའི་ཕུང་པོས་ཆོལ་གསུམ་རྡོག་རྩ་གཅིག་ཏུ་བསྒྲིལ། །
ལྷོག་ལྷོག་འཕྱུར་པའི་དུ་ཞགས་རྣོན་པོས་མི་བུའི་སེམས་ལ་ངར་ཤུགས་བསྐྱེད། །
བར་མེད་སྒྲོག་པའི་ཀི་སྒྲ་རིང་མོས་རྨོངས་ཞེན་བག་འཁུམ་གཏིང་ནས་གཏོར། །
མདུན་དུ་བསྐྱོད་པའི་གོམ་སྟབས་ཡངས་མོས་ཆོད་སེམས་རི་མོ་བྲག་ལ་བརྐོས། །
མི་བུ་ཞིག་གི་ཐོབ་ཐང་གླེང་གིན་སྟག་ཤར་དར་མ་འཚིག་ནས་ཐལ། །
རིག་གཞུང་ཞིག་གི་དོན་སྙིང་གླེང་གིན་སྨན་ཆུང་བུ་མོ་འཚིག་ནས་ཐལ། །
འདྲ་མཉམ་ཞིག་གི་ལྟ་གྲུབ་གླེང་གིན་བནྡེ་ཕོ་མོ་འཚིག་ནས་ཐལ། །
རང་དབང་ཞིག་གི་ཁ་གཡང་སྒྲོག་གིན་དྲིན་ཅན་ཕ་མའང་འཚིག་ནས་ཐལ། །
༡༦.11.2012
དཔའ་བོའི་རྟོགས་བརྗོད། ༼ ཚན་པ་གཉིས་པ།༽
________མེ་ལྕེ་འདི་ལྟར་འབར་སོང་།
མེ་ལྕེ་འདི་ལྟར་འབར་སོང
ཆོས་རྭ་ནས་ཆོས་གོས་རྣམ་གསུམ་སྤྲས་པའི་དགེ་འདུན་པ་འབར་སོང
ཁོ་ཚོས འཁོར་བའི་གནས་ལུགས་དང་ལས་འབྲས་ཀྱི་ལྟ་བ་ལ་བདེན་པ་བརྡར་ཏེ
དྲང་བདེན་གྱི་ལྟ་བས་མི་རིགས་དང་རིག་གཞུང་གི་བདེན་དོན་བརྗོད་ཀྱིན
མུན་ནག་གི་བཙོན་དོང་དེ་རུ གནས་ལུགས་ཤིག་རྙེད་པར་འདོད་ནས
རྒྱུ་འབྲས་ཤིག་ཐོབ་པར་རེ་ནས དམར་ལམ་ལམ་གྱི་མེ་ལྕེའི་ཀློང་ནས
དྲང་བདེན་ལ་མིག་ཟུང་ཅེར་བཞིན་ཕེབས་སོང
ཞི་བདེ་ཡི་ཁ་གཡང་སྒྲོག་གིན་ཕེབས་སོང
མེ་ལྕེ་འདི་ལྟར་འབར་སོང
ཤེས་རིག་གི་ལོ་འདབ་རྒྱས་ཤིང་ལང་ཚོའི་མེ་ཏོག་བཞད་པའི་གསར་བུ་དག་འབར་སོང
ཁོ་ཚོས མི་བུའི་ཐོབ་ཐང་དང་མི་རིགས་ཀྱི་འདྲ་མཉམ་ལ་མིག་ཟུང་ཅེར་ཏེ
ཡང་དག་པའི་སྤོབས་པས་རང་དབང་དང་འདྲ་མཉམ་གྱི་འབོད་ཚིག་སྒྲོག་གིན
ལོག་སྤྱོད་ཀྱི་འདུ་ར་དེ་རུ རང་དབང་ཞིག་ཐོབ་པར་རེ་ནས
འདྲ་མཉམ་ཞིག་རྙེད་པར་འདོད་ནས དམར་ལམ་ལམ་གྱི་མེ་ལྕེ་ཡི་ཀློང་ནས
ནང་མི་དག་རྒྱབ་ཏུ་བསྐྱུར་ནས་ཕེབས་སོང
མདུན་ལམ་དག་ཆུ་ལ་གཡུགས་ནས་ཕེབས་སོང
མེ་ལྕེ་འདི་ལྟར་འབར་སོང
འཚོ་བ་ཡི་གྲུ་ཁ་ན་ལངས་ཤིང་ཡོད་ཚད་ལ་གསོན་ཤུགས་སྣོན་པའི་ལོ་ལོན་དག་འབར་སོང
ཁོ་ཚོས འདས་ཟིན་པའི་བདེ་སྡུག་དང་འབྱུང་འགྱུར་གྱི་གནས་སྟངས་ལ་མིག་རྒྱང་འཕངས་ཏེ
བོད་སྐད་དག་མ་ཞིག་གིས་མུན་ནག་དང་ལོག་སྤྱོད་ཀྱི་ཐ་ཚིག་སྒྲོག་གིན
གཉའ་གནོན་གྱི་གྲུ་ཁ་དེ་རུ ཉི་འོད་ཅིག་འཆར་བར་རེ་ནས
བསིལ་རླུང་ཞིག་ལྡང་བར་རེ་ནས དམར་ལམ་ལམ་གྱི་མེ་ལྕེ་ཡི་ཀློང་ནས
མེས་པོ་ཚོའི་ཞལ་ཆེམས་སེམས་སུ་དྲན་བཞིན་ཕེབས་སོང
བྱིས་པ་ཚོའི་བདེ་སྡུག་སེམས་ལ་སྒོམ་བཞིན་ཕེབས་སོང
མེ་ལྕེ་དེ་ཁྱོད་ཚོའི་ལུས་ནས་མཆེད་ཅིང་ང་ཡི་སེམས་ནས་བརྒྱུད་དུས
ང་ཡི་སེམས་ལ་མེ་ཡིས་འཚིག་པའི་ཚོར་བ་མི་འདུག
མེ་ལྕེ་དེ་འབར་ཤུགས་ཆེ་དྲགས་པས
ང་ཡི་ལུས་ལ་མེ་ཡིས་འཚིག་པའི་ན་ཟུག་མི་འདུག
མེ་ལྕེ་དེ་འབར་ཐེངས་མང་དྲགས་པས
༢༣.10.2012
དངོས་མིང་། ཤེས་རབ་འོད་འབར། སྨྱུག་མིང་། དོལ་སྨྱོན། ལྕགས་པོ་རིའི་དྲན་རྟེན་བོད་སྨན་མཐོ་སློབ་ཁང་གི་སྨན་སློབ།
—————————————————————————————
དཔའ་བོའི་རྟོགས་བརྗོད།
སྐལ་བཟང་ཉི་མ།
སྲིད་པའི་གངས་རྒན་གྱི་སྙིང་དབུས་པད་ཚལ། སུ་ཞིག་གི་གྲང་ཤུར་ཤུར་གྱི་འབབ་ས་ཡིན་སོང་། གང་ཞིག་གི་དྲོད་ལམ་ལམ་གྱི་འཕུར་ས་ཡིན་སོང་།
གཤོག་འགྱུར་ལྷེམ་ལྷེམ་ཞིག་གིས་མཐོ་བ་གནམ་གྱི་བང་རིམ་གཏོད་ཅིང་། དམའ་བ་ས་ཡི་གདན་ལའང་འཁོར་གྱིན་འཕུར་གྱིན་པའི་ཕྱེ་མ་ལེབ། ཁྱོད་ཀྱི་མཛེས་བ་དེ་གང་དུ་སྡུག་གམ། དམར་པོ་མེ་དཔུང་གི་ཁྲོད་ནས་ཁྱེད་རང་གང་དུ་བདེ་བར་བཞུད་དམ།
གཟོད་ནས་མ་འཁྲུངས་པའི་མེ་ཕུང་སྐོར་བྲོ་ཡི་གཤོག་འགྱུར་ལྷབ་ལྷབ་དེ། སུ་ཞིག་གི་སྐྱིད་པའི་སྣང་བ་མིན་ལ། གང་ཞིག་གི་སྡུག་གི་ལས་དབང་དེ་ཡིན་སོང་།
དམར་དམག་རུ་སྒྲིག་གི་མེ་མདའ་གནམ་ལ་བསླངས་ཏེ་བཀག་ཀྱང་། གྲོང་དང་འབྲོག་གི་སྲང་དང་གཞུང་ནས། སྙིང་སྟོབས་དགུ་འགྱུར་གྱི་གཤོག་རྡང་ཅི་ནས་ཀྱང་མ་ལྷོད་པར། མི་ཁོགས་པར། གསང་བ་དང་རྨི་ལམ་ཡོད་ཚད་ཤུལ་དུ་བཞག་ནས་འཕུར་སོང་ངོ་། །
གང་ཞིག་གི་ཚེར་མའི་ལམ་དེ་ཁོ་ན། ཁྱེད་ཅག་གི་མེ་ཏོག་ལུང་བ་ཡིན་གདའ། སུ་ཞིག་གིས་ཐུག་ཙམ་རེག་ཙམ་ཡང་བྱེད་མི་ཕོད་པ་དེ་ཁོ་ན། ཁྱེད་ཅག་གི་དན་གྲོགས་གཤའ་མ་ཡིན་གདའ།
ད་དུང་། ཕ་མ་བྱམས་སེམས་ཅན་གྱི་སྙིང་དམར་ཁོག་ནས་ཕྱུང་སྟེ། བུ་ཕྲུག་དུངས་ཤ་ཅན་གྱི་འགྲམ་པ་ཐང་ལ་བརླན་ནས། བཟའ་ཟླ་བརྩེ་དུང་ཅན་གྱི་ཀ་ཆེན་ས་རུ་བསྒྱེལ་ཏེ། གཉེན་དང་ཉེ་དུའི་མིག་ཆུ་ཁོང་ནས་བྲུས་ནས། ལུས་སྲོག་ལོངས་སྤྱོད་ཀྱི་ཞེན་པ་དཀར་བོང་བོང་དེ་ཐལ་བར་བསྲེགས་སོང་།ཤ་ཁྲག་སྣོད་དུ་བྱས་པའི་རུས་མདངས་དཀར་སངས་སངས་དེ་གནམ་ལ་མཆོད་སོང་། གནམ་གྱི་ཉི་ཟླ་ལ་བདེན་པ་དཔང་དུ་བཙུགས་ནས། མི་ཡུལ་གོ་ལ་རུ་མེ་ཡི་དར་ཆ་འཕྱར་རོ། །
ས་ན་འབར་བའི་མེ་དཔུང་དམར་ལྷབ་ལྷབ་ཀྱི་དང་། དགུང་ན་མཆེད་པའི་མེ་ལྕེ་ཚག་ཚག་གི་རྟོགས་བརྗོད། སུ་ཡི་མིག་གིས་ལྟ་ཐུབ་པ་དེ་དང་གང་གི་རྣ་ཡིས་ཉན་བཟོད་པ་དེ་ཡིན་ནམ།
དངོས་མིང་། སྐལ་བཟང་ཉི་མ། སྙུག་མིང་། གཡུ་རྩེ། དགེ་རྒན།
—————————————————————————————
དཔའ་བོའི་རྟོགས་བརྗོད།
—-མེ་ཡི་གསར་བརྗེ།
ལོ་མ་རྒྱལ། (ཝཱ་ར་ཎ་སི)
བྲག་རི་འབར་སོང
རྔམ་བརྗིད་དང་བརླིང་ཉམས་ཀྱིས་འབར་སོང
ལར་ཞེན་དང་ན་ཟུག་གིས་འབར་སོང
སྨག་རུམ་གྱིས་སྙིང་དམར་བྲུས་སོང་བས
འཁྱགས་རླུང་གིས་བྲག་ངོས་གཙབས་སོང་བས
མེ་ལྕེ དགུང་ནས་དགུང་ལ་མཆེད
ཁྱེད་ཀྱིས་སྦྱིན་པ་ནི་འོད་ཟེར་དང་དྲོད་ཁོལ་ལོ
ཁྱེད་ནི་གནམ་འོག་གི་མེ་འོད་ཀྱིས་ལོ་རྒྱུས་འབྲི་མཁན་ཐོག་མ་སྟེ
བདག་གིས ཁྱེད་ཀྱི་ཞབས་རྗེས་གསེར་ནག་གིས་འབྲི་ཨང
བྲག་རི་འབར་སོང མིག་ཆུ་ལྷུང་ཐལ
མེ་ཏོག་འབར་སོང
མཛེས་སྡུག་དང་བཀྲག་མདངས་ཀྱིས་འབར་སོང
ལ་རྒྱ་དང་བདེན་ཐུབ་ཀྱིས་འབར་སོང
བུ་ཡུག་གིས་གཞུང་རྟ་བསིལ་སོང་བས
འཁྱགས་རོམ་གྱིས་ལོ་འདབས་བཀུམས་སོང་བས
མེ་ལྕེ ས་གཞི་ནས་ས་གཞི་ལ་འཕྱུར
ཁྱེད་ཀྱིས་གནང་བ་ནི་མཆོད་མེ་དང་བགྲོད་ལམ་ཡིན
ཁྱེད་ནི་གནམ་འོག་གི་མེ་དཔུང་གིས་ལོ་རྒྱུས་འབྲི་མཁན་ཐོག་མ་སྟེ
བདག་གིས ཁྱེད་ཀྱི་ཞལ་ཆེམས་མུ་ཏིག་གིས་འབྲི་ཨང་
མེ་ཏོག་འབར་སོང མིག་ཆུ་འཐོར་སོང
རླུང་རྟ་འབར་སོང
གསོལ་འདེབས་དང་ཏིང་འཛིན་གྱིས་འབར་སོང
ཞི་བདེ་དང་དད་འདུན་གྱིས་འབར་སོང
གླེགས་བམ་མཆེ་བ་ཡིས་འཆོས་སོང་བས
མཆོད་རྟེན་མཐོ་བ་ཡིས་བཤིགས་སོང་བས
མེ་ལྕེ དུས་ཚོད་ནས་དུས་ཚོད་ལ་མཆོངས
ཁྱེད་ཀྱིས་བསྟན་པ་ནི་རེ་བ་དང་ཉི་མ་ཡིན
ཁྱེད་ནི་གནམ་འོག་གི་མེ་འབར་གྱིས་ལོ་རྒྱུས་འབྲི་མཁན་ཐོན་མ་སྟེ
བདག་གིས ཁྱོད་ཀྱི་འོད་ཟེར་ཁྲོ་ཆུ་ཡིས་འབྲི་ཨང
རླུང་རྟ་འབར་སོང མིག་ཆུ་བབས་ཐལ
ཟིལ་བ་འབར་སོང
དྭངས་གཙང་དང་རྣམ་དག་གིས་འབར་སོང
ལྷན་འཛོམས་དང་ལྷག་བསམ་གྱིས་འབར་སོང
སྟ་རེ་ཡིས་ལོ་མ་གཏོར་སོང་བས
མདུང་རྩེ་ཡིས་དྭངས་མ་བསྙོགས་སོང་བས
མེ་ལྕེ སེམས་པ་ནས་སེམས་པ་ལ་འཁྱུགས
ཁྱེད་ཀྱིས་བསྟབས་པ་ནི་སྙིང་སྟོབས་དང་སང་ཉིན་ནོ
ཁྱེད་ནི་གནམ་འོག་གི་མེ་ལྕེ་ཡིས་ལོ་རྒྱུས་འབྲི་མཁན་ཐོག་མ་སྟེ
བདག་གིས ཁྱོད་ཀྱི་སྒྲོན་མེ་དངུལ་ཆུ་ཡིས་འབྲི་ཨང
ཟིལ་བ་འབར་སོང མིག་ཆུ་བཞུར་སོང
མཚོ་མོ་འབར་སོང
བྱམས་བརྩེ་དང་དུངས་སེམས་ཀྱིས་འབར་སོང
དབྱར་ལྗོངས་དང་སྐྱོ་མུག་གིས་འབར་སོང
ལྕགས་མདུང་གིས་མཚོ་གཏིང་དཀྲུགས་སོང་བས
འཁྱགས་དར་གྱིས་མཚོ་ཁ་བསྡམས་སོང་བས
མེ་ལྕེ རྒྱ་མཚོ་ནས་རྒྱ་མཚོ་ལ་འཕྱོ
ཁྱེད་ཀྱིས་བསྩལ་བ་ནི་བརྩེ་སེམས་དང་དྲོད་འཇམ་ཡིན
ཁྱེད་ནི་གནམ་འོག་གི་མེ་རླབས་ཀྱིས་ལོ་རྒྱུས་འབྲི་མཁན་ཐོག་མ་སྟེ
བདག་གིས ཁྱེད་ཀྱི་འོད་སྣང་རྣོ་ལྕགས་ཀྱིས་འབྲི་ཨང
མཚོ་མོ་འབར་སོང མིག་ཆུ་འཐོར་སོང
༡༦།༡༡།༢༠༡༢མཚན་མོར།
དངོས་མིང་། བསོད་ནམས་རྒྱལ། སྨྱུག་མིང་། ལོ་མ་རྒྱལ། ཝཱ་ཎའི་སློབ་མ།
—————————————————————————————
དཔའ་བོའི་རྟོགས་བརྗོད།
བཀྲ་ཤིས་དོན་འགྲུབ།
ཤར་ཕྱོགས་དགྲ་ངན་ནག་པོའི་སྨྱོ་ཧམ་གྱིས། །
འཇིགས་རུང་རི་སྤྱང་དམར་པོའི་དཔུང་དམག་ཁྱུ། །
བྱང་ཕྱོགས་གངས་རིའི་ལྗོངས་སུ་འཐེན་པ་ཡིས། །
ཕུག་རོན་དཀར་པོ་རྒྱ་མཚོའི་མཐའ་ལ་བྱེར། །
མདའ་དང་མདེའུའི་མཚོན་ཆེན་ཆར་དུ་ཕབ། །
སྒྱོགས་མདེལ་ངར་མའི་ལྡིར་སྒྲས་གནམ་ས་བཀང་། །
རི་ཀླུང་ཁྲག་གིས་འཚོས་པའི་བར་གླགས་ན། །
འབྱུང་པོ་རོ་ལང་འདུར་བའི་དུར་ཁྲོད་ཅིག །
ཁྲག་གི་རལ་པ་གཟེངས་པའི་ཁྱི་སྨྱོན་དང་། །
དབལ་གྱི་མཆེ་བ་གཙིགས་པའི་སྲིན་པོའི་ཚོགས། །
དཔའ་བོའི་སྲོག་ལ་རྔམ་པའི་ང་རོ་ཡིས། །
ངམ་ནག་གཤིན་རྗེའི་ཟློས་གར་བར་མེད་འཁྲབ། །
ཕོ་རིགས་བསད་ཅིང་མོ་རིགས་སྤྱད་ནས་རྫོགས། །
བདག་མེད་དྭ་ཕྲུག་མྱ་ངན་ནད་ཀྱིས་གཟིར། །
ངུ་འབོད་བྲག་ཅ་འཁྱིལ་བའི་གཅོང་རོང་འདི། །
མི་ཡུལ་གླིང་གི་དམྱལ་ཁམས་བཅོ་བརྒྱད་ཡིན། །
ལྟས་ངན་གནོད་སེམས་རྩུབ་མོའི་གཡོ་བྱུས་ཀྱིས། །
དུག་གི་རླངས་པ་འཕྱུར་བའི་ཁྲག་ལུད་ཅིག །
གནས་ལྔ་རིག་པའི་གཤེད་དུ་འཕངས་པ་ལས། །
ཁ་བའི་ལྗོངས་ཀྱི་སྐད་ཡིག་ཐལ་བར་བརླགས། །
སྙིང་སྟོབས་ལྕགས་ལས་གྲུབ་པའི་བུ་རྒོད་ཚོའི། །
རང་སྲོག་མེ་རུ་སྒྲོན་པའི་འབོད་བརྡ་འདི། །
རིགས་ངན་རྒྱ་མི་དམར་པའི་ལོག་སྤྱོད་ལ། །
ངོ་རྒོལ་མཆིལ་ཞགས་འཕེན་པའི་རྔམ་ཟིལ་ཡིན། །
དཔའ་མོའི་ཚེ་སྲོག་རལ་གྲིའི་དངོ་ལ་དྲངས། །
དཔའ་བོའི་ཚེ་སྲོག་དམར་པོའི་མེ་རུ་སྦར། །
གཉའ་གནོན་བརྙས་བཅོས་རྒོད་པའི་འཇིག་རྟེན་འདིར། །
རང་དབང་ལྷ་མོའི་བསླུ་བྲིད་ཟློག་ཐབས་བྲལ། །
འདི་སྣང་ཕུན་ཚོགས་ཐལ་བའི་ཟས་སུ་བཏབ། །
ཕྱི་མའི་འཇིགས་སྐྲག་རྣ་རྒྱབ་རླུང་ལ་བསྐུར། །
རིན་ཐང་གསེར་གྱིས་བསྐྲུན་པའི་མི་ཚེ་དེ། །
རང་དབང་དགའ་མར་དུངས་བའི་དོད་དུ་ཕུལ། །
མེས་པོ་གོང་མའི་ཤུལ་བཞག་མིང་མེད་བཏང་། །
རིགས་ཀྱི་རྒྱུད་འཛིན་ངན་གཡོའི་འཕྲུལ་གྱིས་བསླུས། །
དཔའ་བོའི་གདུང་རྒྱུད་ཡིན་པའི་གདོང་དམར་བ། །
ད་ནི་མ་ཉལ་དགྲ་བོའི་གཤེད་དུ་འབྱོན། །
སྲོང་བཙན་སྒམ་པོ་དགྲ་ལྷའི་རྒྱལ་པོར་བཞེངས། །
འཚེ་མེད་ཞི་བའི་དཔའ་དམ་མཚོན་དུ་སྣོམས། །
གྲི་འཐབ་དམར་བཤལ་འགུགས་པའི་འཇིགས་ཟིལ་གྱིས། །
རྒྱ་དམར་ཀླ་ཀློའི་གདུག་རྩུབ་ཐལ་བར་རློགས། །
སྟག་སྒྲ་ཀླུ་ཁོང་གནོད་སྦྱིན་གཟུགས་སུ་འབྱོན། །
བསྟན་དགྲ་རྒྱ་མིའི་ཀླད་ཁྲག་འགེམས་ལ་ཤོག །
མང་གཙོའི་དར་ཆེན་གླིང་བཞིའི་མཐའ་རུ་སྒྲེངས། །
གདོང་དམར་བོད་པ་རྒྱལ་བའི་རྒྱལ་རྔ་རྡུངས། །
དངོས་མིང་། བཀྲ་ཤིས་དོན་གྲུབ། ཐེག་མཆོག་རྣམ་གྲོལ་གླིང་གི་སློབ་མ།
—————————————————————————————
དཔའ་བོའི་རྟོགས་བརྗོད།
མེ་ཡིས་བྲིས་པའི་ལོ་རྒྱུས་ཟིན་ཐོ།
རེབ་ཐོག་མདའ།
ལྷ་དང་སྲུང་མའི་གམ་ནས་སྨོན་ལམ་བཏབས་ཀྱང་། །
སྙིང་རྗེའི་བདག་པོ་ཁོང་ལས་སྐྱབས་ཤིག་མི་འདུག།།
ཤར་ནུབ་རྣ་བ་ཀུན་ལ་ཀི་ཞིག་བཏབས་ཀྱང་། །
གངས་རིའི་འཆི་གསོན་སེམས་པས་གོ་མཁན་མི་འདུག།།
གཞིས་ཀྱི་ཕུ་ནུ་མེ་ལྕེ་དམར་བོར་མཆོངས་དུས། །
བྱེས་ཀྱི་མྱི་ཡིས་སྐྱོ་གདུང་སེམས་ལ་སྒོམ་ཡོད། །
གངས་རིའི་ཨ་མའི་རེ་བ་ཕྱི་ལ་བཅོལ་དུས། །
དམར་པོ་མེ་ལ་འཐིམ་པ་དྲན་གྱིན་བསྡད་ཡོད། །
སྦྲ་ཁྱིམ་མེ་ལ་སྦར་བའི་ཁ་སང་ཞིག་ནས། །
ལྷ་ཆེན་མཐུ་ནུས་ཅན་པོ་མཐོང་རྒྱུ་མི་འདུག།།
རྒྱ་ཐོབ་ཐོད་པས་བཏེགས་པའི་མི་ཆེན་དེ་ཚོ། །
གངས་ཅན་སེམས་པའི་གླིང་ནས་རྒྱང་ལ་ཕྱིན་སོང་། །
གྲྭ་རྐྱང་དགོན་ནས་སྦར་བ་ན་ནིང་ལོ་ནས། །
ཨ་མའི་བུ་མོ་འབར་བའི་དེ་རིང་ཚུན་ལ། །
ཁ་བ་བོད་པའི་ལས་དབང་གནམ་ས་གོར་མོ། །
སྤོབས་པའི་གདེང་དེས་ཨ་སྔོན་མཐོངས་ལ་བཏེགས་ཡོད། །
མཉམ་འབྲེལ་རྒྱལ་ཚོགས་མིང་ལ་དོན་ཞིག་ཡོད་ན། །
སྒང་བ་བོད་པར་དྲང་པོའི་སེམས་ཀྱིས་གླན་རོགས། །
ཨ་རི་ཡུ་རོབ་ཁོག་ན་སེམས་ཤིག་ཡོད་ན། །
དགོན་གྲོང་དམག་གིས་བསྐོར་བ་མཐོང་ཚོད་ཆགས་ཡོད། །
སྔོན་ཆད་མེ་སྟག་ལྷུང་ས་ཁྱོད་རང་སླེབས་འདུག།།
ན་ནིང་འབར་མའི་མེ་དེ་ཁྱོད་ཀྱིས་མཐོང་འདུག།།
ཁ་སང་དེ་རིང་གདོང་དམར་བོད་པ་འབར་དུས། །
མི་མཐོང་མིག་ལ་ནད་ངན་ཅི་ཞིག་བྱུང་སོང་། །
འཛམ་གླིང་འདི་ན་བདེན་པའི་རྒྱ་མ་ཡོད་ན། །
རྒྱ་ཡི་ཚོང་ལ་ཆགས་ནས་དྲང་བདེན་མ་དོར། །
རང་གི་ཁེ་ཕན་གླེང་དུས་བོད་པ་མ་བརྗེད། །
ཁ་སེམས་གཉི་ཀའི་བར་ནས་རྒྱུ་འབྲས་མ་བསྣོག།།
མི་རིགས་འདྲ་མཉམ་ཟེར་བ་བདེན་པ་ཡིན་ན། །
འགྲོ་བ་མི་ལ་ཐོབ་ཐང་གཅིག་པ་ཡོད་ན། །
ཤར་ནུབ་གཞུང་སྒེར་རི་མགོའི་དཔོན་མིང་ཅན་ཚོ། །
བདག་གི་ཕུ་ནུའི་སྲོག་ལ་ལན་གཅིག་གཟིགས་རོགས། །
ལ་ལོན་ཨ་མའི་ཡ་ཁོག་སྡུག་གི་ཁེངས་ཀྱང་། །
དགོན་གྲོང་བཞི་མདོའི་ཕྱི་ནང་དམག་གི་ཁེངས་ཀྱང་། །
ཁྱོད་ཀྱིསམཐོང་ཞིང་གོ་བཞིན་ཧད་དེ་འདུག་པ། །
ང་ཡི་སེམས་འདིའི་མུ་མཐུད་ཐེག་ཚོད་མི་འདུག།།
ཕ་ལོའི་སེམས་པ་ཟོས་པའི་ཕ་ཡུལ་དེ་ན། །
ཟླ་གསུམ་བུ་ཕྲུག་ཨ་མ་མེ་ལ་སྦར་ཐལ། །
དྭ་ཕྲུག་ཁེར་རྐྱང་ལྷག་པའི་ཁོར་ཡུག་དེ་ན། །
དགྲ་བོའི་སྙིང་རྩ་སྲེག་པའི་མེ་ལྕེ་སྦར་ཡོད། །
ཕ་སྐད་བཤད་ན་ཁ་ལ་ལྕགས་ཟ་རྒྱག་གི །
སྟོན་པ་བཀུར་ན་བསྟན་པའི་གྲས་ནས་ཕུལ་གི །
རང་དབང་དྲང་བདེན་ནུབ་པའི་ཕ་ཡུལ་དེ་ན། །
ཕུ་ནུ་མིང་སྲིང་སྲོག་གིས་མེ་ཞིག་སྦར་ཡོད། །
གངས་རི་འབར་ནས་ཁ་དོག་དམར་པོ་ཆགས་འདུག།།
རྩྭ་ཐང་འཚིག་པ་མྱ་ངན་ཆུ་ཡིས་མིད་སོང་། །
དྲང་པོའི་གཏམ་ཞིག་མ་གོ་ས་ཡ་དྲུག་གི །
དགོན་གྲོང་གཉིས་ཀ་གཅིག་འབར་གཉིས་འབར་བྱས་སོང་། །
ཁ་ལྕེ་བདེ་མོ་ཞིག་གི་ངོ་སོ་མི་མཁོ། །
སེམས་གསོའི་འཕྲིན་ཡིག་ཅིག་གི་མྱ་ངན་མི་མཁོ། །
མཐོ་སྒང་བོད་པར་སྙིང་ནས་ཤ་རེ་ཚ་ན། །
དམར་བོ་རྒྱ་མགོ་གནོན་པའི་གོམ་པ་སྤོས་ཤོག།།
རྒྱ་ཁྱི་རི་ལ་འདུར་བའི་འཇབ་རྒྱུག་རྒོད་ཀྱང་། །
སྦྲ་ཁྱིམ་མེ་ལ་སྦར་བའི་ལོ་ངོ་འདི་དག།།
མེ་ལྕེ་དགུང་ལ་མཆེད་དེ་ཡང་ཡང་འབར་བ། །
དྲང་བདེན་མིག་གིས་མཐོང་མཁན་མེད་དོན་ཅི་རེད། །
བུ་ཆུང་འབར་བས་ཨ་མའི་ལག་རྟེན་ཆག་སོང་། །
ཨ་མ་འབར་བས་བུ་ཕྲུག་ཐང་ལ་འབྱར་སོང་། །
གཅིག་འབར་གཉིས་འབར་མི་བུ་བདུན་ཅུ་འབར་སོང་། །
ད་དུང་འབར་བས་སང་ཉིན་ག་ཚོད་འབར་རམ། །
མེ་ལ་སྦར་བའི་ན་ཟུག་སྙིང་ལ་སྒོམ་དུས། །
སེམས་པའི་རི་ལུང་དེ་ལ་ཤོང་ཚོད་མི་འདུག །
མི་བུ་བདུན་ཅུའི་བཅོས་མིན་སྙིང་སྟོབས་འདི་ཀོ །
ས་སྒང་གོ་ལས་ཐེག་ལ་སོམ་ཉི་སྐྱེས་སོང་། །
རང་ལས་གཞན་གཅེས་བདག་གི་ཕུ་ནུ་མིང་སྲིང་། །
མེ་མདའི་སོ་ཁ་འཛིངས་པའི་ཀློང་ན་སྐྱོམ་པ། །
མི་རིགས་འཆམ་མཐུན་ཕྱི་ཐུམ་ནག་པོ་ཞིག་གིས། །
ད་དུང་མུན་པ་མཐུག་པོའི་གསེང་ན་ལྷེམ་མོ། །
རེ་བ་ཕྱི་ལ་བཅོལ་བཞིན་མེ་རུ་མཆོངས་ཐལ། །
མེ་ལྕེ་ལྷབ་ལྷུབ་ཁྲོད་ནས་རང་དབང་གླེང་ཐལ། །
ལུས་སྲོག་མེ་ལ་བསྒྲོན་པའི་ཕེབས་སྟངས་འདི་ཡིས། །
སེམས་དང་བསམ་པའི་རི་ལུང་གཉིས་ཀ་འཚིག་ཐལ། །
ཕུ་ནུའི་རྣམ་ཤེས་འདྲེན་པའི་བླ་མ་ཡོད་ན། །
བྱང་ཕྱོགས་ཁ་བ་རི་བོའི་ཁོང་གསེང་ཞིག་ནས། །
རྩམ་གཟན་བོད་པའི་རྒྱུད་དུ་སླར་ཡང་སྐྱེས་ལ། །
སྨོན་ལམ་མཚམས་སྦྱོར་ནུས་ན་བཀའ་དྲིན་ཆེ་འོ། །
ཕྱི་ལོ ༢༠༡༢་ཟླ ༡༡ ཚེས ༡༦ ཉིན་སྒང་བ་བོད་ཀྱི་དཔའ་བོ་དཔའ་མོ་དག་གི་ཆེད་དུ་མྱ་ངན་ཞིག་གི་ཚུལ་དུ་ཕུལ།
དངོས་མིང་། སང་རྒྱས་བཀྲ་ཤིས། སྨྱུག་མིང་། རེབ་ཐོག་མདའ།
—————————————————————————————
དཔའ་བོའི་རྟོགས་བརྗོད།
མེ་ཕུང་གསར་བརྗེ་ཇི་ལྟ་བྱུང་།
རྭ་རྒྱ་འཕྲིན་ལས།
གཅིག
བོད་ཡུལ་ཞི་བའི་བཅིང་འགྲོལ་ཡོད་ཅེས་སྙན་པོ་ཚིག་གིས་བསླུ་བྲིད་བཏང་།།
གྲངས་ཉུང་རིགས་ལ་ཆད་པ་མེད་ཅེས་མགོ་བདེ་གཏམ་གྱིས་སྲོག་ཁྲིམས་བཅད།།
ཆོས་དང་རིག་གཞུང་རྡུལ་དུ་བརླགས་ནས་བོད་ཡུལ་སྲིན་པོའི་གླིང་དུ་བསྒྱུར།།
བཙན་པོ་ཚང་གི་རུམ་ཁ་ཤོར་བས་རྟོགས་བརྗོད་དང་པོའི་དབུ་ཁྱུད་བྲིས།།
རྒྱལ་བ་དོན་གྱི་བདག་པོ་ཁོང་ཡང་ཆ་རྒྱུས་མེད་པའི་གླིང་དུ་དེད།།
བོད་སྲིད་སྐྱོང་བའི་དཔོན་བློན་ཚོ་ཡང་ཁ་འཐོར་ལུང་པ་དགུ་རུ་བྱེར།།
དངས་བླངས་དམག་དང་མི་སེར་བྱེ་བས་རང་སྲོག་མེ་འདའི་སོ་ཁར་དྲངས།།
གནམ་ས་འཐབ་པའི་སྐྱོ་གར་མ་བཟོད་འབངས་མི་བྱེ་བས་གྱེན་རྒོལ་བརྩམས།།
ཕོ་བྲང་དམར་པོའི་ཕྱི་ནང་ཡོངས་རྫོགས་དམར་པོ་ཁྲག་གིས་མཚོ་མོ་བསྐྱིལ།།
བླ་མ་སྤྲུལ་བའི་སྐུ་ལོ་ཡོད་ཚད་བཙན་གྱིས་དེད་ཅིང་ཁྲིམས་ལ་སྦྱར།།
བློ་ཅན་དྲང་བོའི་བགྲེས་སོང་རིགས་རྣམས་མུན་ནག་བཙོན་གྱི་ཕུགས་སུ་བསྐྱལ།།
བཙན་རྒོལ་དཔའ་པོ་སྟོང་ཕྲག་དུ་མ་མདེལ་སྒྱོགས་འཐབ་པའི་སོ་ཁར་མཆོངས།།
རྒོད་པོའི་མི་རྣམས་འབེན་ལ་བཏགས་ནས་ཀླད་ཞོ་དཀར་པོ་ས་ལ་གཏོར།།
ལོ་གཞོན་དར་མ་གཉེན་དང་བཀར་ནས་བདུད་དམག་གཤེད་མའི་གཡོག་ལ་བཀགས།།
ཁྱོ་ག་བསད་པའི་ཡུག་མོ་དེད་ནས་རྒྱ་འདྲེ་དག་གིས་རྩེད་ཆས་བྱས།།
དུད་འགྲོའི་བྱུས་ངན་ཐལ་མཐའ་དྲག་པས་ཕོ་རྒོད་སྟོང་གི་རང་སྲོག་ཤོར།།
དགོན་སྡེ་མེད་པའི་གྲྭ་བཙུན་རྣམས་ལ་བཙན་གྱིས་ཆོས་ཁྲིམས་གཏོར་དུ་བཅུག།
དམ་ཚིག་བརྩི་བའི་སློབ་མ་བསྐུལ་ནས་རང་གི་བླ་མར་རྡུང་གི་བཅུག།
དར་མའི་མི་ལ་འཇིགས་སྣང་བསྐུལ་ཏེ་ཕ་དང་ཨ་མར་འཐབ་རྩོད་བཏང་།།
གོ་ཟློག་གནམ་སའི་ཁ་རླངས་ཁྲོད་ནས་དཔའ་རྒོད་གང་མང་ས་ལ་བརྡབས།།
རྒན་པའི་མི་ལ་བཙན་བསྐུལ་བྱས་ཏེ་ཆོས་དང་བླ་མར་སྐུར་འདེབས་བརྩམས།།
ཕ་མ་མེད་པའི་དྭ་ཕྲུག་དེད་ནས་དགོན་སྡེའི་ཆོས་ཁང་གཏོར་དུ་བཅུག།
རིན་ཐང་བྲལ་བའི་མེས་པོས་བསགས་ནོར་བཅིང་འགྲོལ་དམག་གིས་ཕངས་མེད་བརླགས།།
སྟོང་ཕྲག་བདུན་གྱི་བསྟི་གནས་བཅོམ་སྟེ་དགོན་སྡེའི་ལྷ་ཤུལ་འཇག་སྐྱས་བཀང་།།
བདུད་དམག་བྱེ་བས་ལམ་རྒྱགས་འཚོལ་ཆེད་ཉམ་ཆུང་འབངས་མིའི་ཁ་ཟས་འཕྲོག།
རྒྱ་མི་དུང་ཕྱུར་མུག་ལས་སྐྱོབས་ཕྱིར་འབྲུ་དང་ཕྱུགས་ཀྱིས་གནམ་ཁྲལ་བསྡུས།།
བོད་འབངས་ཡོངས་རྫོགས་ཆམ་ལ་ཕབ་སྟེ་ས་ཆེན་ཞིང་སའི་གཡོག་ཏུ་བཀོལ།།
དཀའ་སྡུག་འགམ་པའི་མི་སེར་དག་གི་རྐང་ལག་སེན་རྩ་རྣག་གིས་བཀངས།།
སྟོན་ཐོགས་འབྲུ་རིགས་གཙང་བཤབས་བྱས་ཏེ་ཀྲུང་གོའི་འབྲུ་མཛོད་བྱུར་བུར་བཀང་།།
བཙན་པོའི་རིང་གི་གནའ་རྫས་མོད་པོས་ཀྲུང་གོའི་དངོས་མིང་བཤམས་སྟོན་བཀང་།།
གཏིང་ཟབ་རིག་པའི་གདམས་ངག་དྲོན་མོས་ཀྲུང་གོའི་རིག་གཞུང་བླ་རུ་བཏགས།།
བློ་མིག་ཟབ་པའི་མི་བུ་དག་གིས་བདེན་གཏམ་ཤོག་བུའི་རྒྱ་ལ་བཏབ།།
བླ་མ་སྤྲུལ་སྐུ་རྫུན་གྱིས་བསླུས་ཏེ་བོད་འབངས་མགོ་འཕང་སྨད་དུ་བཅུག།
ཆོས་ལུགས་དད་པའི་ཁ་གཡང་སྙན་མོས་གོང་ས་མཆོག་ལ་འབོད་བརྡ་བཏང་།།
མི་ཡི་གྲངས་འབོར་ཁ་ལ་ཁྱེར་ནས་བཙན་པོའི་རིགས་རྒྱུད་དམ་དུ་བསྒགས།།
འགྲོ་བ་མི་ཡི་ཐོབ་ཐང་འཚོལ་བའི་སྨྱུག་ཐོགས་ཁ་ལ་དམ་རྒྱ་བཞག།
རྒྱང་མཐོང་མིག་རྒྱ་ཕྱེ་འདོད་ཡོད་ཀྱང་གཡོན་སྲིད་ནག་པོའི་ཡོལ་གྱིས་བསྒྲིབས།།
རང་དབང་མགོ་བོ་དགྱེ་འདོད་ཡོད་ཀྱང་གཉའ་ཁྲིམས་བཙན་པོས་མགོ་ནས་མནན།།
གདོས་བཅས་ལུས་ལ་རྩལ་ཤུགས་ལྡན་ཡང་མདའ་དང་སྒྱོགས་ཀྱིས་རྒྱབ་ནས་དེད།།
གོམས་པའི་བློ་ལ་འཆར་ཡན་འཛོམས་ཀྱང་སྨྲ་བའི་མགྲིན་པ་ལྕགས་ཀྱིས་བསྡམས།།
གྲངས་ཉུང་ཞེས་པའི་ཁ་ཚིག་སྙན་མོས་རོགས་སྐྱོར་དངུལ་དངོས་ཉུང་དུ་བཏང་།།
ཐོན་སྐྱེད་ཅེས་པའི་གཡོ་ཐབས་སྤྱད་ནས་ཀོ་རྩིད་བལ་གསུམ་རྒྱ་ལ་དྲངས།།
མཐོ་སྒང་ཞེས་པའི་བརྡ་ཚིག་འོག་ཏུ་ཅ་དངོས་རིན་གོང་གནམ་ལ་བསྟད།།
བཤད་ན་སྙིང་ལ་གས་ག་འཆོར་བའི་གཏམ་རྒྱུད་འདི་དག་སུ་ཡིས་བརྗེད།།
གཉིས
མ་སྐད་དག་མོའི་ཚེ་སྲོག་བཅད་པས་མི་བཤད་ཐབས་མེད་ལས་ལ་ཐུག།
ཕ་གཞིས་གོར་མོ་དུག་གིས་སྦགས་པས་མི་རྒོལ་ཐབས་མེད་ལས་ལ་འཇུས།།
མི་ལོ་ལྔ་བཅུའི་མནར་གཅོད་ཁུར་ནས་སྒེར་གཅོད་གཞུང་ལ་ཞུ་རྒོལ་བྱས།།
ཚེ་སྲོག་དམར་པོ་མེ་ལ་བསྟིམས་པའི་གསར་བརྗེས་དཔའ་བོའི་རྟོགས་བརྗོད་བྱུང་།།
སྨྱུག་ཐོགས་སྟོང་ཕྲག་བཙོན་དུ་བཟུང་བས་ནང་མིའི་སེམས་པ་འཁྱག་གིས་བསྡམས།།
གཅེས་བའི་བུ་ཕྲུག་དམར་གསོད་བཏང་བས་གཉེན་དང་ན་ཟླའི་སྙིང་ཁམས་དཀྲིགས།།
ཡ་ང་སྙིང་རྗེ་སྤུ་ཙམ་མེད་པའི་དམར་པོ་གཞུང་གི་དྲག་སྤྱོད་ཀྱིས།།
དེ་རིང་སྡུག་གི་ཁུར་བོ་མ་ཐེག་འདི་ལྟར་སྲོག་གི་སྟ་གོན་བྱས།།
ཟུངས་ཁྲག་ལྟ་བུའི་རིག་གཞུང་གླེང་ནས་དེ་རིང་སྨྱུག་ཐོགས་བཙོན་དུ་ཆས།།
ཚེ་སྲོག་ལྟ་བུའི་སྐད་ཡིག་ཆེད་དུ་དེ་རིང་སློབ་མ་གྲོང་ནས་ལངས།།
ཕ་ས་གོར་མོའི་བདེ་སྡུག་བཤད་ནས་དེ་རིང་བཙུན་པ་དགོན་ནས་ལངས།།
སེང་གེ་དཀར་མོའི་བུ་རྒོད་འདི་ཚོ་དེ་རིང་ཁོ་བོས་གླེང་བར་སྤྲོ།།
རང་བྱུང་འབྱུང་བའི་སོ་ཁ་འཐབ་པའི་ཕ་ས་སྐྱིད་ཀྱི་རྩེད་ར་བསྐྱུར།།
བྲལ་ན་གདུང་བ་བཟོད་གླགས་མེད་པའི་བརྩེ་བའི་ཕ་མ་གཉེན་ཉེ་བཞག།།
དྲན་ན་སྙིང་ལ་སེར་ཁ་གས་བའི་ཆུང་འདྲིས་སྙིང་གི་ཕྱེད་ཀ་བོར།།
དེ་རིང་མི་རབས་གསར་བའི་དཔུང་ལ་ཅི་ཡང་ཕོད་པའི་སྙིང་སྟོབས་འཕྱུར།།
ཆུང་ཆུང་སྙིང་གི་གཅེས་ལོ་བཞག་སྟེ་ཕ་རྒོད་མེ་ལྕེའི་ཀློང་དུ་མཆོངས།།
གཅེས་པའི་གཉེན་ཉེར་གྱེས་ཕྱག་ཕུལ་ནས་སྨན་ཤར་ཞལ་ཁྱིམ་མེ་ལ་བསྒྲོན།།
ཨ་མའི་བྱམས་ཆེན་མར་ལོ་བསྐྱུར་ནས་བཙུན་ཆུང་ལང་ཚོ་མེ་ལ་བསྟིམས།།
གནམ་ས་འདར་བའི་འབོད་ཚིག་སྒྲོགས་བཞིན་མི་རིགས་ཤིག་གི་དོན་དུ་ཆས།།
བཙན་གནོན་ལྕགས་ཀྱི་ཐོ་བ་བཅགས་ནས་བོད་དོན་ནུབ་ཀྱི་ཕྱོགས་སུ་སྤུར།།
མི་ལོ་ལྔ་བཅུའི་རྨ་ཁ་བསྐྱོར་ནས་ལུས་དང་སྲོག་གིས་མཆོད་མེ་སྤར།།
དམ་ཚིག་གཙང་མའི་འདུ་ཤེས་དཀར་པོས་གོང་ས་མཆོག་ལ་གདུང་དབྱངས་ཕུལ།།
ས་ཡ་དྲུག་གི་བདེ་སྡུག་བསམས་ནས་འབོད་ཚིག་རྣོན་པོ་དགུང་དུ་བཏེགས།།
མེ་ལྕེ་འདི་ནི་དམར་པོའི་གཞུང་ལ་ཡ་ལན་སློགས་པའི་མཆོན་ཆ་ཡིན།།
མེ་ལྕེ་འདི་ནི་དྲག་པོའི་ལས་ལ་ངོ་རྒོལ་བྱེད་པའི་སྒྱོགས་རྡོ་ཡིན།།
མེ་ལྕེ་འདི་ནི་མཐོན་པོའི་དཔོན་ལ་འཁོན་ལན་འཇལ་བའི་སྟ་གོན་ཡིན།།
མེ་ལྕེ་འདི་ནི་རྫོགས་མཐའ་བྲལ་བའི་མི་རབས་གསར་བའི་ལང་ཚོ་ཡིན།།
དྲག་པོའི་ལས་ལ་འཇིགས་སྙིང་མེད་པ་མི་རབས་གསར་བའི་དཔའ་སྙིང་ཡིན།།
མཐོན་པོའི་དཔོན་ལ་ཡ་ལན་སྤྲད་པ་འདས་དོན་ཞིག་གི་རྨ་ཁ་ཡིན།།
གཅེས་པའི་ཚེ་སྲོག་གཏའ་མར་འཇོག་པ་འཐབ་རྩོད་ཅིག་གི་ནུས་སྟོབས་ཡིན།།
རྩ་དོན་ཞིག་ལ་བློ་ཐག་ཆོད་པ་སད་རྟོག་འབར་བའི་མཚོན་རྟགས་ཡིན།།
འགྲོ་བ་མི་ཡི་ཐོབ་ཐང་རྩོད་པ་མི་ཆོས་རྣལ་མའི་ཕུགས་འདུན་ཡིན།།
བཙན་པོའི་གཞིས་ཁྱིམ་དྲོན་མོ་བརྩད་པ་གཞོན་རབས་ཤིག་གི་འཚོ་སྟངས་ཡིན།།
སྐད་དང་ཡི་གེ་སྲུང་སྐྱོབ་བྱེད་པ་མི་རིགས་ཤིག་གི་འགན་འཁྲི་ཡིན།།
གོང་ས་མཆོག་ལ་སྐྱབས་འབོད་བཏང་པ་རིགས་མཐུན་གཙང་མའི་དམ་ཚིག་ཡིན།།
སྤྱི་ཡི་ཆེད་དུ་རང་དོན་གཏོང་བ་བློ་ལྡན་སྐྱེ་བོའི་སྤྱོད་ཚུལ་ཡིན།།
མི་རིགས་ཆེད་དུ་རང་སྲོག་གཏོང་བ་གློ་བ་དཀར་པོའི་ཏན་རྟགས་ཡིན།།
སྲོག་ལ་བབ་ཀྱང་ཐེ་ཚོམ་མེད་པ་དཔའ་རྒོད་ཅིག་གི་རང་གཤིས་ཡིན།།
གཟི་བརྗིད་ངང་ནས་གཏན་དུ་ཆས་བ་ལོ་རྒྱུས་ཤིག་གི་དྲོད་ཐིག་ཡིན།།
བདེན་པའི་མཐའ་ལ་གློ་སྙིང་གཏོད་པ་མི་བུ་ཞིག་གི་མཛེས་སྡུག་ཡིན།།
དྲག་པོའི་དཔུང་ལ་མགོ་སྒུར་མེད་པ་བཙན་པོ་ཚང་གི་རུས་རྒྱུད་ཡིན།།
སྤྱི་དོན་ཞིག་ལ་འགན་འཁྲི་ཁུར་བ་ལྷག་བསམ་ཅན་གྱི་བླ་རུས་ཡིན།།
ཁ་བའི་ཆེད་དུ་ཡོད་ཚད་བཏང་བ་རྒྱལ་གཅེས་དཔའ་བོའི་སྙིང་སྟོབས་ཡིན།།
དངོས་མིང་། རྭ་རྒྱ་འཕྲིན་ལས། ལས་གནས། ནོར་གླིང་མཐོ་སློབ་ཀྱི་དགེ་རྒན།
—————————————————————————————
གོང་གསལ་སྙན་ངག་དག་ནི་ངེད་ཟུང་ལ་ཕྱིས་སུ་བསྐུར་བའི་ཁ་བྱང་གཅིག་པའི་སྙན་ངག་གི་རིགས་རེད། འདི་ལ་དམིགས་བསལ་གྱིས་སྡེ་ཚན་དབྱེ་བགོས་དང་། གོ་རིམ་ཅི་ཡང་བསྒྲིགས་མེད། འབྱོར་ཐོའི་པང་རིམ་ལྟར་བཀོད་པ་ཡིན།
ཚང་མས་སེམས་ཚོར་རྣོ་པོའི་སྒོ་ནས་བརྩམས་གནང་འདུག་པས་ནམ་རྒྱུན་གྱི་རྩོམ་ཡིག་ཟེར་བ་དེ་དག་དང་བསྡུར་ཐབས་མི་འདུག འདི་ནི་བོད་དོན་སེམས་ལ་ཡོད་པའི་རྟགས་ཤིག་ཏུ་བགྲང་ཆོག་ཆོག་རེད་སྙམ། ཁ་བྲོ།
ཅིའི་ཕྱིར་དུ་ཁ་བྱང་གཅིག་དགོས་པ་རེད།
དཔའ་བོའི་རྣམ་ཐར།
གཟི་བརྗིད་ལྡན་པའི་དཔའ་བོ།
ལ་སོགས་མང་པོ་ཡོད། རྩོམ་ཡིག་ཁ་བྱང་གཅིག་གྱུར་ལ་དགའ་བ་ནི་བཙན་དབང་རིང་ལུགས་ཀྱི་ཁྱད་ཆོས་ཤིག་ཡིན་ལ་དགའ་ཕྱོགས་དང་ལག་ལེན་ཞིག་ཏུ་གྱུར་དང་གྱུར་བཞིན་པ་རེད།
རང་དབང་ཐམས་ཅད་བདེ་བ་ཡིན།
གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན།
དམ་བཅས་བ་ནི་འཆིང་བའི་རྒྱུ།
ཐུན་མོང་བ་ནི་རྩོད་པའི་གཞི།
ཨ་རོགས་ཚོས་འདི་སུའི་གསུངས་ཡིན་པ་ཡིད་ལ་ལྦལ་ལེ་ལྦལ་ཡིན་རྒྱུ་རེད།
རྩོམ་སྒྲིག་པ་ལ་ལགས།
ང་ཚོའི་དེབ་ཀྱི་རྒྱབ་ཤ་འདི་སྣང་བར་འགྲོ་བོ་ཞིག་མི་འདུག ཞེད་སྣང་ཚ་བོ་ཞིག་ལས་ཅང་མཐོང་རྒྱུ་མི་འདུག སྒྱུ་རྩལ་གྱི་རྣམ་པ་ཞིག་མི་འདུག་བསམ་སོང་།
དེ་ནས་བདག་གི་པར་དེ་རྒྱ་གར་བ་ཞིག་བཞག་འདུག་པ་དེ་ག་འདྲ་བྱས་ནས་བྱུང་སོང་ངམ། ཧ་ཧ་ཧ་
རྒན་འཇམ་དཔལ་ཚུལ་ཁྲིམས་ལགས། འདི་ནི་དེབ་ཀྱི་རྒྱབ་ཤ་མིན། མཚོན་དོན་རང་བཞིན་ཅན་གྱི་འདྲ་རིས་ཤིག་བཟོས་པ་དེ་ཡིན། དེབ་ཀྱི་རྒྱབ་ཤ་རྗེས་ནས་བཟོ་རྒྱུ་ཡིན། གཅིག་བྱས་ན་པར་འདི་རང་འཇགས་འཇོག་སྲིད། མེ་མུར་གྱི་རྒྱ་མཚོ་ཆེན་པོའི་ནང་དུའང་དཔའ་བོ་དེའི་མགོ་བོ་ནམ་མཁའི་པང་ལ་དགྱེ་ཡོད་མོད་ད་དུང་སྐར་མ་ལྔ་ཅན་གྱི་རྒྱལ་དར་དེས་བཏུམ་ནས་ཡོད། ཡིན་ནའང་། ཁོང་གིས་དཔའ་གདེང་དང་བདེན་སྟོབས་ཀྱིས་ལག་པའི་རྩེ་རུ་བཏེགས་པའི་འབོད་སྒྲ་དང་མངོན་འདོད་ནི་དེ་ཡིས་བཏུམ་ཐུབ་མེད་ལ། ཕྱོགས་མཐའ་ཀུན་ནས་འབར་ཤུགས་ཆེན་པོའི་མེ་ལྕེ་ཡིས་སྐར་ལྔའི་ཁྲག་དར་དེའང་ཡོངས་སུ་གཞོབ་ལ་ཉེ་བ་ཡིན། དེ་ཡི་ཕྱི་རོལ་དུ་མགོ་བོ་བཏུད་ནས་གུས་འདུད་ཞུ་མཁན་མང་ཙམ་ཡོད་པ་མ་ཟད། ཨ་འབྱོག་ཆེན་པོ་གཉིས་ཀྱང་དེ་རུ་གདེང་ནས་ཡོད་ལ། བདེན་སྟོབས་ཀྱིས་མེ་ལ་སྦར་བའི་དཔའ་སྙིང་གསོན་པོ་དེ་ལག་པས་བསྡམས་ནས་ཡོད། འདི་དག་གཅིག་ཏུ་བསྡུས་ཤིང་བསྡོམས་ན་ད་གཟོད་གོ་བ་ཞིག་རང་བཞིན་གྱིས་ཡོང་གི་རེད་སྙམ། ་དེ་གསལ་བཤད་ཙམ་ཡིན།
དེ་ནས་སྐུ་ཉིད་ཀྱིས་པར་མ་བསྐུར་ཐལ། ད་ཕལ་ཆེར་སྟོན་སོ་མེད་ནི་ཡིན་རྒྱུ་རེད་སྙམ་སྟེ། ངའི་འཆར་སྣང་ཁྲོད་ཀྱི་རྒན་ཁྱེད་བཟོས་པ་ཡིན། ངའི་འཆར་སྣང་ཁྲོད་ཀྱི་རྒན་ཁྱོད་ནི་སྐྲ་ཕྱིར་ལ་ཤད་ཀྱང་ཕྲེང་བ་སྐེ་ལ་གོན་པའི་རྒན་པོ་བགྲེས་སེ་ཞིག་སྟེ། ཨང་གྲངས་མཐོན་པོ་ཅན་གྱི་མིག་ཤེལ་བཟོ་ལྟ་མེད་ནི་ཞིག་གྱོན་ཏེ་རྐུབ་སྟེགས་རྒྱབ་བསྙེས་ཅན་ཞིག་གི་སྟེང་བྱིས་པ་ཚོ་མགོ་གཡོགས་ནས་བསྡད་ལོས་ཡོད་སྙམ་སྟེ་པར་འདི་བཟོད་པ་ཡིན། ཧ་ཧ་ཧ་་་་ཀུ་རེ་དང་བཅས་བོན་རྒྱས།
ཤིན་དུ་ལེགས་སོ་་་་་་་་་དབྱིན་ཇི་རྒྱལ་ཁབ་ཀྱི་མན་ཁྲི་སི་ཐི་སློབ་ཆེན་གྱི་གྲོས་བསྡུར་བྱ་གཞིའི་ཚན་རིག་ཞིབ་འཇུག་ཚོགས་པས་ཞིབ་འཇུག་བྱས་པ་ལྟར་ན། ༢༠༥༠ལོའི་སྔོན་དུ་སའི་གོ་ལའི་སྟེང་གི་མིའི་རིགས་ཀྱི་སྐད་རིགས་བརྒྱ་ཆ་༩༠ལྷག་མེད་པར་འགྱུར་བའི་ཉེན་ཁ་འདུག་ཟེར། སའི་གོ་ལའི་སྟེང་དུ་སྐད་རིགས ༦༠༠༠ ལྷག་ཡོད་པ་ལས་དེའི་ཁྲོད་ཀྱི་སྐད་རིགས་བརྒྱ་ཆའི་༤ནི་རྒྱུན་བཀོལ་གྱི་སྐད་ཆར་གཏོགས་ལ་དེ་བཀོལ་སྤྱོད་བྱེད་མཁན་ནི་ས་གོ་ལ་ཧྲིལ་བོའི་ མི་གྲངས་ཀྱི་བརྒྱ་ཆ་༩༦ལྷག་ཟིན་ཡོད། དབྱིན་ཇིའི་སྐད་རིགས་ཆེད་མཁས་པ་དག་གིས་མིའི་རིགས་ཀྱི་སྐད་རིགས་དག་ནི་སྲོག་ཆགས་རྩ་ཆེན་སྲུང་སྐྱོབ་བྱེད་པ་བཞིན། སྲུང་སྐྱོབ་བྱེད་དགོས་པའི་སྐུལ་མ་དང་རེ་འབོད་བྱས་འདུག ཁོང་ཚོའི་བཤད་པ་ལྟར་ ན་མིག་སྔར་འཇིག་པའི་ཉེན་ཁ་ཆེས་ཆེ་བ་ནི། ཐོ་ཧྥའི་སྐད་དང་། ལོ་མྰན་གྱི་སྐད་སོགས་ཁོངས་སུ་གཏོགས་པའི་སྐད་རིགས་ཁག་ཅིག་རེད་་ ཟེར། དེའི་ནང་གི་ཐོ་ཧྥའི་སྐད་ནི་ཞི་པོ་ལིས་ཡ་ས་ཁུལ་དུ་འཚོ་སྡོད་ བྱེད་བཞིན་པའི་ཤྭ་གསོ་བ་དང་། རི་དྭགས་རྔོན་པའི་མི་གྲངས་༦༠ ལྷག་ལས་བཀོལ་སྤྱོད་བྱེད་མཁན་མེད་ལ། ལོ་མྰན་གྱི་སྐད་ནི་ད་ལྟ་ཕལ་ཆེར་སྤྱོད་མཁན་མི་གཅིག་ཀྱང་མེད་པར་གྱུར་འདུག་ཟེར།
༢
བོད་གངས་ཅན་པའི་སྐད་དང་ཡི་གེ་ལའང་། གོང་གི་ཉེན་ཁ་དེ་དག་མི་ ཡོང་བའི་ངེས་པ་མེད་ལ། ཉེན་ཁ་དེ་དག་ད་ལྟ་ནས་སྔོན་འགོག་བྱ་བའི་ ཐབས་ལ་ལ་བརྩོན་པ་ནི་དུས་སུ་བབས་པའི་བྱ་བ་ཞིག་ཏུ་མཐོང་། བོད་རིགས་ཀྱི་མཁས་བླུན་སུ་ཞིག་ཡིན་ཡང་སྐད་ཡིག་ནི་མི་རིགས་ཀྱི་“བླ་སྲོག་”ཡིན་ཞེས་མགྲིན་གཅིག་ཏུ་སྒྲོག་པ་ལྟར། དོན་ལའང་གཞན་སྐད་ཀྱིས་ མ་ལྷད་པའི་རང་གི་སྐད་དང་། ཡི་གེ་བཀོལ་སྤྱོད་ཀྱི་ཐོག་ནས་ལག་ ལེན་ལག་ཏུ་ཐེབས་པ་ཞིག་གལ་ཆེ་བར་འདུག། དཔེར་ན་མི་རེ་རེ་ནས་ཀྱང་གཞན་སྐད་མ་འདྲེས་པའི་རང་སྐད་གཙང་མ་རང་གིས་སྤྱོད་པ་ཤིན་ཏུ་གལ་ཆེ་སྟེ། དུས་རབས་གསར་བའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྲོད་ནས་བྱུང་བའི་དངོས་པོ་གསར་བ་དག་གི་མིང་། མཁས་དབང་ཚུལ་ཁྲིམས་བློ་གྲོས་སོགས་ཀྱིས་བསྒྲིགས་པའི་《རྒྱ་བོད་་་་་་དབྱིན་གསུམ་ཤན་སྦྱར་གྱི་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་》ནང་གི་འགྲིམ་འགྲུལ་ཡོ་བྱད་ཀྱི་སྐོར་དང་། གློག་ཆས་ཀྱི་སྐོར་དང་། འབྲེལ་ དྲྭའི་སྐོར་དང་། འཕྲིན་ཆས་ཀྱི་སྐོར་དང་། རྩིས་འཕྲུལ་གྱི་སྐོར་དང་། ཉེར་སྤྱོད་གསར་བའི་སྐོར་སོགས་མང་པོ་ཞིག་སྤྱི་སྐད་དུ་གཏན་ལ་ཕབས་ཡོད་པ་དེ་དག་རེ་རེ་ནས་བཀོལ་སྤྱོད་བྱས་ཏེ། ལོ་མྰན་སྐད་ཀྱི་རྗེས་སུ་ མ་སོང་བ་ཞིག་ཅིས་ཀྱང་བྱེད་དགོས།
ཁྱེད་ཀྱིས་འགྲེལ་བཤད་གནང་སྐབས་མཁས་པས་བཤད་ན་ཇི་ཡང་བདེན་པའི་དཔེ་ལྟར་རེད། འོན་ཀྱང་དཀྱུས་མའི་མིག་གིས་ཧོབ་དེ་བལྟས་ན་དེ་འདྲའི་སྒྱུ་རྩལ་གྱི་ཉམས་ཐོན་ཨེ་ཡོད་དམ་སྙམ། གློག་ཀླད་ལག་རྩལ་གྱིས་མ་འདང་བའམ་གང་ལྟར་ང་སྒེར་གཅིག་གིས་བློར་འགྲོ་བ་ཞིག་མི་འདུག་ཅེས་ཞུས་པ་ཙམ་ཡིན། ལྷག་པར་དུ་ལག་ཟུང་ལས་ཁྲག་འཛགས་པ་དེ་འདྲ་མེའི་ཕུང་པོས་འབར་བཞིན་པའི་སྐབས་སུ་ཡོང་མི་ཤེས་པས་སམ་གང་ལྟར་དཔར་འདི་ལས་སྐྱི་གཡའ་བའི་ཚོར་བ་ཞིག་ལས་སྙིང་སྟོབས་དང་བདེན་དོན་ཞིག་མངོན་ཐུབ་ཀྱིན་ཨེ་འདུག་གམ་བསམ་པ་ཡིན་ལགས།
རྒན་འཇམ་དཔལ་ལགས་བསྐྱར་ཏུ་ཕེབས་པར་བསུ་མ་དང་། སྤྱིར་ན་སྒྱུ་རྩལ་ཟེར་བ་ཡོད་ཚད་ཡོང་སྲིད་པའི་ངེས་པ་ཅི་ཡང་མེད་ལ། ང་ཚོའི་སྡུག་བསྔལ་འདིའང་ཡོང་མི་སྲིད་པ་ཞིག་ཡིན་པ་དང་། དེ་བཞིན་ང་ཚོའི་སྤུན་ཟླ་འདི་དག་གི་སྙིང་སྟོབས་འདིའང་མི་རིགས་ཀྱི་ལོ་རྒྱུས་ནང་ཡོང་མི་སྲིད་པ་ཞིག་ཡིན་པས། ངས་བསམ་བཞིན་མེ་ཚ་བོ་ནང་ནས་ཁྲག་ཚ་བོ་འཕྱོ་རུ་བཅུག་པ་ཡིན་ལ། དཔའ་རྒོད་ཁྱེད་ཅག་གི་ཁྲག་ཚ་བོའི་ཟེགས་མ་རེ་རེ་བཞིན་ང་ཚོའི་མགོ་ཐོག་ལའང་འཐོར་གི་ཡོད་ཅིང་། ང་ཚོས་ཀྱང་ཁྲག་གི་ཟིལ་བ་རེ་རེའི་དྲོད་ཁོལ་མྱོང་གི་ཡོད་ཅེས་པའི་བཟོ་ལྟ་ཙམ་ཡིན་ལ། ལྷག་པར་ང་ཚོས་རང་ཉིད་ལ་མེ་ལ་སྦར་ཐུབ་ཀི་མེད་ཀྱང་ང་ཚོའི་མགོ་ཐོག་ན་མེ་འབར་གི་ཡོད་པ་མ་ཟད། མེ་ལྕེ་ལ་ཐིམ་པའི་ཁྱོད་ཀྱི་དཔའ་སྙིང་ལག་པས་བསྐྱོར་ཡོད་ཅེས་སུ་མཚོན་ཡོད། ད་དུང་དོགས་འདྲི་ཡོད་ན་དགའ་བསུ་ཡོད།
___________ཅེས་བོན་རྒྱས།
དྲ་གྲོགས་བོན་ལགས།
གངས་སེང་གི་གཡུ་རལ་ལས་སྐལ་བའི་མེ་ལྕེ་མཆེད་དེ་གཡུ་འབྲུག་གླ་འདར་བཞིན་པའམ་འཚིག་བཞིན་པའི་རྣམ་པ་ཞིག་བྲིས་ན་ག་འདྲ་འདུག གཙོ་བོ་གློག་ཀླད་ལག་རྩལ་དེ་ཚད་མཐོ་བོ་ཞིག་དགོས་པ་གལ་ཆེ་བར་སྣང་། ད་ལྟའི་འདི་ལ་ཙར་ཙོར་གྱི་སྣང་བ་ཆེན་པོ་ཞིག་འདུག དེ་ནི་ལག་རྩལ་གྱིས་མ་འདང་བར་ཡང་ལན་འདུག་སྙམ། སྤྱིར་འདི་འདྲ་vector རྒྱུ་ཆས་ནས་བཟོས་ན་སྤུས་ཀ་བཟང་བ་འབྱུང་བར་ཐོས་མྱོང་།
སྙན་ངག་བྲིས་དང་མ་བྲིས་མི་འདུག་་་་་་དེང་སང་རྡ་ས་སྒྲིགས་འཛུགས་གི་འོག་ལ་སྡོད་མཁན་རྣམས་གྱིས་་་་་བོད་ནང་ཡོད་པའི་བོད་མིང་རྣམས་་་་་ཚང་མ་མེ་བསྲེགས་བཏོང་ན་བསམ་པའི་རི་བ་འདུག་་་་་་ཡག་པོ་མ་རེད་་་་་་་་་་མེ་བསྲེགས་ག་ཚོད་བཏོང་ཀྱང་བོད་ལ་ཕེན་མི་ཐུབ་པ་གསལ་པོ་རེད་་་་་་གོང་ས་མཆོག་རྒྱ་གར་དུ་དགོངས་པ་རྫོས་དགོས་པ་གསལ་པོ་རེད་་་་་་ཐུགས་ལ་ཕོགས་ན་དགོང་དག་དྲངས་པོ་ཞུ་པ་ཡིན་་་་་
༸གོང་ས་མཆོག་དགུང་གྲངས་༡༡༣བཞུག་བགྱིད་རེད། དེའི་རིང་ལ་བོད་ལ་ཕེབས་ཐུབ་དང་མི་ཐུབ་བོད་ནང་ལ་སྡོད་མཁན་བོད་རིགས་ལས་བྱེད་བྱམས་པ་འཕྲིན་ལས་སོགས་ལ་རག་ལས་པ་མིན་ནམ། ཀྱེ་མ་ཧོ། ཧཧཧཧ།