རེབ་ཐོག་མདའ།
ཁ་སང་དེ་རིང་ང་རང་ཁོམ་ནས་ཡོད།།
ཁོམ་པས་སྒང་ལ་ལས་རྒྱུ་མེད་ནས་ཡོད།།
ཁ་བརྡ་གློད་སའི་གྲོགས་ཤིག་མ་སླེབས་ཐལ།
ཁ་བ་སྒྲོལ་མའི་ཁ་པར་མ་སླེབས་ཐལ།།
ཁ་སང་དེ་རིང་ཁོ་བོ་ནང་ན་ཡོད།།
སྙན་ངག་ཐ་ཐོར་འབྲི་ན་བསམ་ནས་ཡོད།།
སྨྱུག་གུ་ལག་ཏུ་བཟུང་ནས་ལུས་ཏེ་ཡོད།།
འབྲི་རྒྱུ་མ་རྙེད་བསམ་བློ་གཏོང་བཞིན་ཡོད།།
ཁ་སང་དེ་རིང་ཁོ་བོ་བཟི་བཞིན་ཡོད།།
བཟི་བའི་མི་ཚད་སེམས་པ་བོར་བཞིན་ཡོད།།
ངོ་དེབ་དྲ་བའི་ནང་གི་བུ་མོ་དེར།།
སྔ་དགོང་གཉིས་ལ་སྒུག་སྟེ་ཧད་ནས་ཡོད།།
ཁ་སང་དེ་རིང་ཁོ་བོ་ས་མཐར་ཡོད།།
ས་མཐའི་འཚོ་བའི་ཀློང་ལ་འབྱར་ནས་ཡོད།།
རྡ་སའི་རི་གྲོང་རུམ་སྟེ་མལ་ནས་ཡོད།།
ཕ་ལོ་མ་ལོ་དྲན་བཞིན་སྐྱོ་ནས་ཡོད།།
ཁ་སང་དེ་རིང་ཁོ་བོ་ཁེར་རྐྱང་ཡིན།།
སྙིང་གཏམ་གླེང་སའི་མཛའ་མོ་བོར་ནས་ཡོད།།
མཆིན་པ་གླན་སའི་བྲང་ཁ་འཁྱག་ནས་ཡོད།།
ཡ་ཆུང་སེམས་ལ་སྡུག་ཅིག་འཁྱིལ་ནས་ཡོད།།
ཁ་སང་དེ་རིང་ཁོ་བོ་ཕམ་སྟེ་ཡོད།།
ཕམ་པའི་སྒང་ལ་ངོ་མདོག་ཤོར་ནས་ཡོད།།
ལག་སྟོང་སྐམ་པོ་མཆན་ལ་བཙིར་ནས་ཡོད།།
སྒོར་ཁུག་ནང་ལ་བསེར་བུ་གཡུག་བཞིན་ཡོད།།
ཁ་སང་དེ་རིང་ཁོ་བོ་འགྲོ་གི་ཡོད།།
དམིགས་ཡུལ་ཅི་ཡང་མེད་པར་འགྲོ་གི་ཡོད།།
ལས་དབང་སྐེད་པར་བཏགས་ནས་འགྲོ་གི་ཡོད།།
སྐྱབས་གསུམ་སྙིང་ལ་སྒོམ་ནས་འགྲོ་གི་ཡོད།།
ཕྱི་ལོ ༢༠༡༣ ཟླ ༡ ཚེས ༣༡ ཉིན་རང་ཤག་ནས།
རེབ་མདའི་ཚིག་མདའ་ཚར་གཅིག་བཀླགས་མཚམས་ན།
ང་དང་ལས་སྐལ་གཅིག་པའི་མི་བུ་ཚོ།།
ས་མཐའ་འདི་ན་དགའ་སྡུག་མང་ནི་རེད།
ཁ་རྒྱབ་དོན་ལ་སེམས་ཚེགས་ཆེ་ནི་རེད།
རྒྱལ་ཁབ་དོན་ལ་སེམས་ཤུགས་རྒྱག་ནི་རེད།
དབྱིན་མོ་རིག་ན་མཁས་ཉམས་སྟོན་ནི་རེད།
བོད་མོ་རིག་ན་ཆགས་པ་རྒོད་ནི་རེད།
ཁང་བདག་ཚང་ལ་ངོ་ཡག་འཁྲབ་ནི་རེད།
ན་ཟླའི་གྲལ་ནས་ཡིན་མདོག་བྱེད་ནི་རེད།
མཐོན་པོའི་སྔུན་ན་གཟི་ཉམས་ཆུང་ནི་རེད།
ཡོད་དུས་ཡོད་དུས་མགོ་འཕང་མཐོ་ནི་རེད།
ཡར་མར་གང་ས་གང་ལ་རྒྱུག་ནི་རེད།
མེད་དུས་མེད་དུས་ནང་ལ་སྒོང་ནི་རེད།
བོད་ཡིག་ཐ་ཐོར་བྲིས་ནས་འདུག་ནི་རེད།
ཕྱིར་འདང་བརྒྱབས་ན་དགོད་སྤྱད་མང་ནི་རེད།
སྔུན་འདང་བརྒྱབས་ན་སྐྲག་ས་མང་ནི་རེད།
དགའ་སྡུག་རེ་མས་འཁོར་བ་འཁོར་ནི་རེད།
མྱི་ཚེ་འདི་འདྲ་ཡིན་ནི་མང་ནི་རེད།
ཁྱོད་དང་ལས་སྐལ་གཅིག་པའི་འཁྱམས་པོ་ཚོ།
ས་མཐའ་དེ་རེར་དགའ་སྡུག་མང་ནོ་དེ།
རང་གི་ཁ་རྒྱབ་དོན་དུ་ཡིན་ནུ་རེད།
རྒྱལ་ཁབ་དོན་ལ་སེམས་ཤུགས་རྒྱབ་ཉོངས་མེད།
དབྱིན་མོ་རིག་ན་ཕྱི་ལ་འགྲོ་འདོད་ཆེ།
བོད་མོ་རིག་ན་རླག་པ་ལངས་ནི་རེད།
ཁང་བདག་ཚང་གི་ཕྱི་ལ་ཕུད་ནི་རེད།