བསྟན་འཛིན་རབ་དགའ།
གནད་དོན་གྱི་འདུས་མདོ།
དོན་གཅོད་འཕོ་འགྱུར་གཏོང་བའི་སྐུ་དབང་བཀའ་ཤག་ལ་ཡོད། དེ་ལ་སུ་གང་གིས་རྩོད་གླེང་བྱས་མེད། འཕོ་འགྱུར་བཏང་ཚར་བའི་རྗེས་ལ་རྒྱུ་མཚན་དོན་ཚན་བཅུ་བྱུས་འགོད་བྱས་པ་དེར་རྩོད་གླེང་རིམ་པ་བྱུང་ཡོད། སྲིད་སྐྱོང་བློ་བཟང་སེང་གེ་ཁྲིམས་ལུགས་ལ་མཁས་པ་ཡིན་ཙང་། རྩོད་གླེང་ཐག་ཆོད་པ་ཞིག་དགོས་ན། ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུགས་བྱེད་པའི་སྐུལ་ལྕག་གནང་།ཁ་མཆུ་ཨང་ཉི་ཤུ་པ་ཡོང་སྟངས་འདི་རེད།
ཞུ་སྦྱོར་བའི་ཞུ་རྩ་དང་རྩོད་ལན་པའི་ཞུ་ལན། འགྲེལ་བཤད། དགག་སྒྲུབ་བྱེད་སྟངས་དེ་ཚོ་བཀླགས་ན། རང་རང་གིས་གང་སྒྲུབ་དགོས་པ་དེར་ཕྱོགས་གཉིས་ཀས་འབད་པ་ཡོད་དགུ་རྩལ་སྤྲུགས་བྱས་འདུག་པ་སོགས་ཞིབ་ཅིང་ཕྲ་བ་བཀོད་པའི་བཅད་ཁྲ་ཤོག་གྲངས་ཆིག་སྟོང་བརྒྱ་མེད་ཉི་ཤུ་རྩ་བརྒྱད་ཀྱི་བདག་ཉིད་ཅན་འདིས། ཐག་གཅོད་འདི་ལ་གནོད་བྱེད་འབབ་ཡུལ་གང་ཡང་མེད་པ་ཞིག་གནང་འདུག
ཁ་མཆུའི་བརྒྱུད་རིམ་ནང་། སྲིད་སྐྱོང་གིས་དབུ་འཁྲིད་པའི་བཀའ་ཤག་ལྷན་རྒྱས་ཀྱིས་དགའ་ལྡན་ཕོ་བྲང་དང་༸གོང་ས་མཆོག་བེད་སྤྱོད་གཏོང་བར་ཐབས་ཤེས་མང་པོ་བྱས་འདུག་ཀྱང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁྲིམས་དང་སྒྲིག་གཞི་ལུང་འདྲེན་གནང་སྟེ། དགའ་ལྡན་ཕོ་བྲང་དང་༸གོང་ས་མཆོག་དང་འབྲེལ་བ་གང་ཡང་མེད་པ་ར་སྤྲོད་གསལ་པོ་གནང་འདུག
གནང་སྟངས་ལ་ལམ་སྟོན།
“ཁྲིམས་ཡིག་གི་ཆ་རྐྱེན་མི་ལྡན་པའི་སྙན་ཞུ་འདྲ་མིན་ཕུལ་ཏེ། དགོས་མེད་དུས་འགྱངས་དང་། དུས་གྲོན། ལས་རྙོག་ཆགས་གཞིར་སོང་ན། ཁྲིམས་ཡིག་གི་བྱ་རིམ་ཚུལ་ལྡན་མ་བྱས་པའི་ཉེས་ཆད་ཕོག་སྲིད། ལྷག་དོན་དུ་ཁྲིམས་ཡིག་གི་སྤྱིར་བཏང་ཤེས་བྱ་དང་རྒྱུན་ལྡན་བྱ་རིམ་ཙམ་ལའང་དོ་སྣང་མ་བྱས་པར། ཁྲིམས་ཀྱི་ཆ་རྐྱེན་མེད་པའི་སྙན་ཞུ་འབུལ་གཏོང་དང་། རྒྱུ་མཚན་མི་ལྡན་པའི་གནད་དོན་རྩོད་སློང་། ཁྲིམས་ཞིབ་ཁང་གི་བྱ་རིམ་དང་ཐག་གཅོད་ལ་ཅོ་འདྲི་ཀླན་འཛོལ་ལྟ་བུའི་དབང་དུ་ཕྱིན་ཚེ། འགྲིག་ཐབས་མེད་པས། ཅི་ནས་ཀྱང་གཟབ་གལ།” འདི་ནི་ཁ་མཆུ་ཨང་ཉི་ཤུ་པའི་ཐོག་མའི་གནས་སྐབས་སུ་ཁྲིམས་ཞིབ་ཁང་གིས་སྲིང་སྐྱོང་བློ་བཟང་སེང་གེ་དང་བཀའ་ཤག་ལ་བཏང་བའི་ལམ་སྟོན་ཅིག་རེད།
རྩོད་ལན་པ་བཀའ་ཤག་གི་ངོས་ནས་དཔང་པོ་འབོད་འགུག་གི་བཀའ་ཁྱབ་གཏོང་རོགས་ཞེས་ཁྲིམས་ཞིབ་ཁང་ལ་སྙན་ཞུ་ཕུལ་བའང་བྱུང་འདུག་སྟེ། ཁྲིམས་ཁང་གིས་འབོད་འགུག་དགོས་པའི་དཔང་པོ་ནི། གཞན་གྱི་ཁྱབ་འོག་ན་ཡོད་པ་ཞིག་ཡིན་དགོས་པ་དང་། ཤར་གླིང་ཟླ་སྒྲོན་སོགས་བཀའ་ཤག་གི་དཔང་པོ་རྣམས་ཞུ་ལན་པའི་ཁྱབ་འོག་ན་མེད་པ་ཡིན་སྟབས། ཁྲིམས་ཁང་གིས་འབོད་འགུག་དགོས་པར་མི་གཏོགས་པའི་གསལ་བཤད་གནང་དགོས་པའང་བྱུང་འདུག
“རྩོད་ལན་པའི་ངོས་ནས་ཞུ་ལན་ནང་གསལ་ཡོད། སྔ་ཕྱི་གོང་འོག་ཏུ་ལན་བརྒྱབ་ཡོད་ཟེར་གྱི་བསྡད་ན། གདོང་ལེན་བྱེད་སྟངས་དེ་རིགས་ཀྱིས་གྱོད་ཡ་རང་ཉིད་ལ་ཕན་ཐོགས་གང་ཡང་ཡོང་གི་མེད་པ་ཤེས་དགོས། ཞེས་ངོ་སྤྲོད་བྱས་ཡོད།” འདི་འདྲའི་ལམ་སྟོན་ཡང་གནང་འདུག
ནང་མོལ་གྱི་གཤོག་པ།
ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༨ ནས་ ༢༢ ལ་ཧ་རི་ཡ་ནར་ཟབ་སྦྱོང་ཚོགས། ཧ་རི་ཡ་ནའི་མཚན་འཛོམས་དེ་ས་མཚམས་མེད་པའི་རང་དབང་གི་ནང་མོལ་ཞིག་རེད། ཡིན་ནའང་། བདུན་ཕྲག་གཅིག་ཏག་ཏག་གི་དུས་ཡུན་ནང་། ནང་མོལ་དེར་གཤོག་པ་སྐྱེས་ཏེ་སྲིད་སྐྱོང་བློ་བཟང་སེང་གེའི་སྙན་དུ་འཛུལ། གཤོག་པ་འཛུགས་མཁན་ནི་ཤར་གླིང་ཟླ་སྒྲོན་གྱི་ཆོས་གྲོགས་ཨ་ཀྲུག་ཚེ་བརྟན་ཡིན་པ་སྤྱི་ཚོགས་ཀྱི་ཁ་ལྕེའི་བར་ནས་སྐྱེས་ཡོད། སྐབས་ཤིག་ལ། ཨ་ཀྲུག་ཚེ་བརྟན་གྱིས་གྲོས་ཚོགས་ར་བ་ནས་དོན་གཅོད་སྐོར་དང་འབྲེལ་ནས་”ཡིད་ཆེས”་ཞེས་པའི་ཚིག་ཅིག་ཤུགས་ཀྱིས་གླེང་བའང་བྱུང་ཡོད།
དུས་ཚོད་ཀྱི་གོ་རིམ།
ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༦ ལ་དོན་གཅོད་དུ་བསྐོ་བཞག་གནང་། ཕྱི་་ ༢༠༡༦ ཟླ་ ༧ ཚེས་ ༡༨ ནས་ ༢༢ ལ་ཧ་རི་ཡ་ནའི་ཟབ་སྦྱོང་ཚོགས། ཕྱི་ལོ་ ༢༠༡༦ ཟླ་ ༧ པའི་ཟླ་མཇུག་ལ་ཧ་རི་ཡ་ནའི་མཚན་འཛོམས་སྐབས་ཀྱིོ་ནང་མོལ་དེ་སྲིད་སྐྱོང་གི་རྣ་ལམ་དུ་འབྱོར། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༥ ལ་དོན་གཅོད་ཀྱི་ལས་ཁུངས་བླངས། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༦ ལ་དོན་གཅོད་འཕོ་འགྱུར་གྱི་བཀོད་ཁྱབ་བཏང་། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༨ ལ་བཀའ་ཤག་གིས་མ་ཉེས་ཁག་གཡོག་གི་དོན་ཚན་བཅུ་བཀྲམས། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༣༠ ལ་དོན་གཅོད་ལས་ཁུར་མཚམས་འཇོག་བྱས། ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༥ ལ་སྤེན་པ་ཚེ་རིང་གིས་དོན་ཚན་བཅུ་ལ་གསལ་བཤད་ཀྱི་གསར་འགོད་ལྷན་ཚོགས་བྱས། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༠ གསུམ་བཅུ་དུས་དྲན་ཉིན་སྲིད་སྐྱོང་གིས་ཁྲིམས་གཏུགས་གནོངས་ཞེས་ཡོངས་བསྒྲགས་གནང་། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༨ ཉིན་སྤེན་པ་ཚེ་རིང་གིས་ཁྲིམས་གཏུགས་བྱས། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅད་ཁྲ་བཏང་། བཀའ་ཤག་གིས་བཀའབློན་ལྷན་རྒྱས་ཀྱི་སྟེང་ལ་ཤར་གླིང་ཟླ་སྒྲོག་དང་སྐལ་རྡོར་སོགས་བསྐོང་ནས་བྱུས་འགོད་བྱས་པའི་དོན་ཚན་བཅུ་དེ་བདེན་པ་ཡིན་པའི་ཁུངས་སྐྱེལ་བྱེད་མ་ཐུབ་ནས་མ་ཉེས་ཁག་གཡོགས་ཡིན་པ་ཆགས་ཏེ་ཁྲིམས་ས་ནས་ཕམ།
ཐོབ་ཤོར་གྱི་རྒྱུ་རྐྱེན།
ཁྲིམས་ཞིབ་ཁང་གི་རྩ་འཛིན་དེ་ཧ་ཅང་གསལ་པོ་རེད། གྱོད་ཡ་ཕྱོགས་གཉིས་ཀར་དུས་ཚོད་སྤྲད་མ་སོང་ཟེར་བ་ཡོང་མི་ཤེས་པའི་གོ་སྐབས་སྤྲོད་རྒྱུ་རྩ་འཛིན་བྱས་འདུག གྱོད་ཡ་གཉིས་ནས་ཀྱང་རང་རང་ལ་ཅི་ཞིག་བཤད་རྒྱུ་དང་གང་ཞིག་སྟོན་རྒྱུ་ཡོད་པ་ཚང་མ་བཤད་ཅིང་བསྟན་འདུག ཁྲིམས་སའི་ཐོབ་ཤོར་ནི་བདེན་རྫུན་གྱིས་ཐག་གཅོད་དགོས་པ་ལས། ཧམ་ཤེད་འགྲོ་ས་མེད་སྟབས། བཅད་ཁྲ་ན་གསལ་ཐིང་ངེར་བཀོད་ཡོད་པའི་བཀའ་ཤག་གི་སྐད་ཆ་དེ་ཚོ་བཀླགས་ན། ཧམ་པ་མང་ཙམ་དང་གནས་ལུགས་ཉུང་ཙམ་ལས་བཤད་རྒྱུ་མེད་སོང་བ་དེས་ད་རེས་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེའི་བཀའ་ཤག་ཁྲིམས་ས་ནས་ཕམ་འདུག
“དཔལ་ལྡན་སྲིད་སྐྱོང་མཆོག་ནས་གཞུང་འབྲེལ་གྱི་ཡི་གེ་གཞུང་འབྲེལ་གྱི་གློག་འཕྲིན་ཁ་བྱང་སྒང་ལ་བཏང་མ་ཡོང་གསུང་གི་ཡོད་པ་སོང་ཙང་སྒེར་གྱི་ཞལ་བྱང་དེའི་སྒང་ལ་བཏང་བ་རེད།” སོགས་ཁྲིམས་ཀྱི་མདུན་ནས་བདེན་པ་བདར་བའི་སྐབས། གཞི་རིམ་མང་ཚོགས་ཀྱིས་གོ་མ་མྱོང་བའི་སྐད་ཆ་ཡང་མང་སེ་ཐོན་འདུག
བཀའ་ཤག་གིས་དཔང་པོར་འཁྲིད་ཡོང་བའི་དཔང་མི་གཉིས་དང་། ཁྲིམས་ཁང་གིས་འབོད་འགུག་བྱས་པའི་དཔང་པོ་གཅིག་རེད། བཀའ་ཤག་གི་དཔང་པོ་ཡོད་ན་མེད་ན་དེ་ཤར་གླིང་ཟླ་སྒྲོན་རེད། མོ་རང་གིས་ད་རེས་ཁྲིམས་ར་ནས་སྤེན་པ་ཚེ་རིང་ལ་རོགས་པ་བྱས་པ་ལྟ་བུ་ཆགས་འདུག ངར་ངར་རྫིག་རྫིག་གིས་བཤད་ཅིང་གླེང་བའི་མཐའ་མ་དེར། རང་ཉིད་དྲང་ཤུགས་མེད་པ། འཁོན་སེམས་ཅན་ཡིན་པ་གཞན་གྱིས་སྒྲུབ་པའི་སྟེང་ལ་རང་གིས་ཀྱང་སྒྲུབ་པ་དང་། རང་ཉིད་བཀའ་ཤག་གི་དོན་ཚན་བཅུ་བཟོ་བའི་གྲོས་ལ་ཞུགས་རབས། ངན་བསླབ་ཟེར་བའི་ཚིག་དེ་གྲོས་ལ་དབང་བ་ཚོས་གྲོས་བསྡུར་ནན་ཏན་བྱས་ནས་བཀོད་རབས་སོགས་བཤད་ཉེས་བྱས་པའི་དབང་གིས་དཔང་པོའི་འོས་ཆོས་ནས་ཟགས་པར་བྱས་འདུག
ཞིབ་གཅོད་ཀྱི་སྐབས་སུ་བཀའ་བློན་རྣམ་པ་དང་དྲུང་ཆེ་ལས་ཟུར་རེས་མོས་ཀྱིས་གཏུགས་བཤེར་ཁང་དུ་ཕེབས་ཡོད། ཤེས་རིག་བཀའ་བློན་ཕུད་པའི་བཀའ་བློན་གཞན་ཚོ་ནི་བཀའ་ཤག་གི་དོན་ཚན་བཅུ་ཟེར་བ་བྱུས་འགོད་བྱེད་མཁན་ཡིན་པའི་ཆ་ནས་ཁ་རེ་གྲག་ཐུབ་དགོས་རྒྱུ་ལ། ང་ཚོ་ལྷན་རྒྱས་ཀྱི་ཐག་གཅོད་ཡིན་ཞེས་གྲོས་ཚོགས་ར་བ་ནས་གསུང་སྐབས་ཀྱི་དཔའ་གདེང་དེ་ཡང་རྦད་དེ་བོར་ཚར་འདུག
མཇུག་སྡོམ་གྱི་ཚིག་གཅིག
ཧ་རི་ཡ་ནའི་མཚན་འཛོམས་སྐབས་ཀྱི་ནང་མོལ་དེ་ལོ་ངོ་གསུམ་ལ་བཞུར་ནས་དེ་རིང་བར་དུ་སླེབས། དུས་ཡུན་དེའི་ནང་། ནང་མོལ་གྱི་སྐད་ཆ་དེ་ཚོར་གཤོག་པ་སྣ་ཚོགས་སྐྱེས་ཡོད། བཀའ་ཤག་གི་དོན་ཚན་བཅུ་དེ་ཡང་དོན་ལ་ཧ་རི་ཡ་ནའི་ནང་མོལ་དེར་གཤོག་པ་བསྒར་སྟངས་ཤིག་ཆགས་འདུག ནང་མོལ་དེ་དང་དེའི་རྗེས་ལ་སྐྱེས་པའི་སྐད་ཆའི་གཤོག་པ་དང་བཅས་པ་ཕྱི་གསལ་ནང་གསལ་གྱིས་བཀོད་པའི་བཅད་ཁྲ་འདི་ནི། ཁྲིམས་ཀྱི་རྔ་བོ་ཆེ་བརྡུངས་སྟངས་ཤིག་སྟེ། མ་གོ་མ་ཐོས་པ་མེད་པ་ཞིག་བརྡུངས་འདུག ལོག་བཤད་ཧམ་བཤད་དག་སྲེག་ཅིང་གཞོམ་འགྲོ་བ་ཞིག་བརྡུངས་འདུག ད་ནི་ཡི་གེ་མི་ཤེས་མཁན་ཡིན་ན་ཁག་མི་འདུག་མ་གཏོགས། ཡི་གེ་ཤེས་མཁན་ཚོས་བཅད་ཁྲ་འདི་ཞིབ་མོས་བཀླགས་ཏེ། གཏམ་བདེན་པ་བཤད་སྟངས་ལ་ཉམས་ལེན་རེ་གནང་ན་ལེགས་པ་ལས། མགོ་རུལ་སྣ་བས་མི་ཚོར་བའི་ཚུལ་གྱིས་འགྱིངས་བསྡད་ན་ཕན་པ་ཅི་ཡང་མེད།
ཁ་མཆུ་ཨང་ཉི་ཤུ་པའི་སྐོར་གསལ་པོ་ཤེས་འདོད་པ་གང་ཞིག་ལ། དུས་ཀྱི་ཁོམ་པ་མེད་མཁན་རྣམ་པས། བཅད་ཁྲ་ཤོག་གྲངས་ 978 ནས་ 1028 བར་བཀླག་ན། ཁ་མཆུའི་བྱུང་རིམ་དང་། ཁྲིམས་ར་ནས་རྩོད་གླེང་དང་བཅས་པའི་མགོ་མཇུག་བར་གསུམ་ཕྱི་ནང་གསང་གསུམ་བདེ་བླག་ངང་ཤེས་རྟོགས་ཐུབ་པ་འདུག དེར་ཤོག་ངོས་ 50 ལས་མི་འདུག
གནད་དུ་ཁེལ་ཤག
ཁ་མཆུ་ཨང་ཉི་ཤུ་བ་འདི་སྤེན་ཚེ་ལ་རྒྱལ་ཁ་མ་ཐོབ་རང་ཐོབ་ཡིན་པ་སྔར་ནས་ཤེས་སོང་། གང་ཡིན་ཞེས་ན་ངས་ཁ་མཆུ་ཉན་ཞིབ་ལ་དོ་སྣང་ཆེར་ཙམ་བྱས་པ་ཡིན། བློ་བཟང་ཕྱོགས་ནས་ཆ་རྐྱེན་མང་པོ་ཞིག་མཁོ་སྒྲུབ་ཐུབ་མེད་པ་གསལ་པོ་རེད། ཐ་མའི་ཐག་གཅོད་བཅད་ཁྲ་ཡང་ཧ་ལས་པ་གསལ་པོ་ཡོད་ནའང་ད་དུང་མི་ཁ་ཅིག་གིས་འུ་བཙུགས་རྒྱག་དགོས་པའི་རྒྱུ་མཚན་གང་ཡིན་དངོས་གནས་ཤེས་ཐུབ་ཀྱི་མི་འདུག གོ་བ་མེད་པའི་གླང་རྒན་ཚོར། འགྲེལ་བཤད་བྱས་ནས་ཅང་ཕན་ས་མ་རེད། །
བཀྲིན་ཆེ་ཁ་མཆུ་ཨང་ཉི་ཤུ་སྐོར་གསལ་ཁ་གཏོད་པ་བཀྲིན་ཆེ་
བཅད་ཁྲ་ཆ་ཚང་འདིར་བཀོད་ཐུབ་ན་མི་མང་པོ་ལ་ཕན་ས་རེད་
ལ་བཅད་ཁྲ་དེབ་གཉིས་དེ་ག་ནས་རག་གི་རེད་གསུང་དང།
གས་བལྟས་ན་ ད་ཐེངས་གི་ཁ་མཆུ་དེ་ཤོར་དོན་གཙོ་བོ་བཀའ་ཤག་གིས་ཁྲིམས་རྩོད་པས་གང་བྱུང་མང་བྱུང་ལབ་པས་གྲུབ་འབྲས་རེད། ཁྲིམས་ཞིབ་ཁང་གི་དཔྱད་ཁྲ་གང་ལ་གང་ཙམ་བཀླགས་ཡིན་མོད། འབྲེལ་བ་མེད་སར་འབྲེལ་བ་ཁུར་ཡོང་ན་མཐའ་མའི་གྲུབ་འབྲས་དེ་རེད།
བསྟན་འཛིན་རབ་དགའ་ལགས་ཀྱི་དཔྱད་རྩོམ་ཁ་ཆུ་ཨང་ ༢༠ བཀླགས་པ་ཞེས་པ་དེ་ཧ་ཅང་ཡག་པོ་འདུག གནད་ལ་ཕིག་པ་བྱུང་འདུག སྲིད་སྐྱོང་གཙོས་བཀའ་བླུན་༼ལྷག་པར་བཀའ་བླུན་འཁོར་ལ་ཚང་དང་ཁྲིམས་རྩོད་པ་ཨ་གྲགས་པ།༽རྣམས་ནས་ངེས་པར་བཀླགས་དགོས་འདུག་ཞེས་རེ་སྐུལ་ཞུ་རྒྱུ་ཡིན།
ཁ་མཆུ་ཨང་ ༢༠ པའི་བཅད་ཁྲས་གསལ་པོ་བཟོས་པ་ལྔ།
གཅིག བཀུར་འོས་རྒྱ་ཆེ་མི་མང་གིས་ད་བར་དྲང་བདེན་དང་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་སྲུང་སྐྱོང་སླད། ཞི་བའི་ལས་འགུལ་སྣ་མང་སྤེལ་བ་རྣམས་བོད་སྤྱི་པའི་དོན་དག་རང་གི་ཆེད་དུ་ཡིན་པ་གསལ་བོ་བཟོས་ཟིན།
གཉིས། སྲིད་སྐྱོང་གི་མཚན་འཁུར་པའི་ལས་ཐོག་བློ་བཟང་སངས་རྒྱས་ལ་སྤྲེལ་ལད་འཁྲབ་མཁན་ཁ་ཤས་གནད་ཡོད་མི་སྣའི་ནང་བྱུང་སྟེ། རྔ་བ་ཚེ་རྒྱམ་གྱིས་༧གོང་ས་མཆོག་ལ་འདྲ་མིན་ཞུས་པ། དྲུང་ཆེ་རེ་གཉིས་ཀྱིས་གོ་གནས་ཆེད་དྲང་པོའི་གཞུང་སྲིང་མ་ཐུབ་པ། སྐབས་འཚོལ་པ་ཟླ་སྒྲོན་ཤར་གླིང་གིས་རང་དོན་ཁོག་བཅུག་གིས་བོད་ཀྱི་སྤྱི་ཚོགས་དཀྲུགས་པ་བཅས་ཀྱི་བྱ་སྤྱོད་རྣམས་བྱབ་ཆུང་དང་ཞབས་འདྲེན། མ་འོངས་པར་དོགས་ཟོན་བྱེད་དགོས་རིགས་ཡིན་པ་གསལ་པོ་བཟོས་ཟིན།
གསུམ། སྲིད་སྐྱོང་གི་མཚན་འཁུར་པའི་ལས་ཐོག་བློ་བཟང་སངས་རྒྱས་ལ། ལུང་ཚན་ལི་ཐང་གི་ཞེན་ཁོག་སྐམ་པོས། མདོ་སྟོད་རྒྱ་ཆེ་མི་མང་གི་མཚན་ལར་ནག་ཐིག་ཕབ་མཁན། ལི་ཐང་ཨ་ཀྲུག་ཚེ་བརྟན། ལི་ཐང་བློ་བཟང་གྲགས་པ་བཅས་མི་ཁ་ཤས་ཡིན་པ་གསལ་པོ་བཟོས་ཟིན།
བཞི། བཀའ་ཤག་གིས་ད་དུང་དྲང་བདེན་ལ་མ་འདོད་པའི་རྣམ་འགྱུར་བསྟན་ན། བོད་རྒྱ་ཆེ་མི་མང་སྡེབས་ལངས་ཀྱིས་བཀའ་ཤག་ཕྱིར་ཕུད་གཏོང་ཉེན་ཡོད་པ་གསལ་བོ་བཟོས་ཟིན།
ལྔ། བཙན་བྱོལ་བོད་མི་སྤར་མོ་གང་ལས་མེད་ཀྱང་། མང་གཙོ་ཡང་དག་པའི་ལམ་དུ་འགྲོ་བཞིན་པ་དང་། དགྲ་བོ་རྒྱ་ནག་དམར་གཞུང་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་བཀོད་པ་གཉིས་གསལ་པོ་བཟོས་ཟིན།།
བཅད་ཁྲ་ཞིབ་པར་བཀླགས་པས། ཨ་རོགས་ཁམས་པ་འབུམ་རམས་པ་དང་། ཁྲིམས་རམས་པ་སོགས་མཁས་མཁས་མོའི་མིང་ཇི་ལྟར་རྫིག་རྫིག་འདྲ་ཡང་། དོན་ལ་ཁྲིམས་ཀྱི་འགྲོ་ལུགས་སྣེ་གཅིག་ཤེས་ཀྱི་མེད་པའི་མདོག་སྐྱ་གསལ་པོ་བསྟན་འདུག །སྙིང་རྗེ།
མཐོང་ཆུང་དང་དམའ་འབེབས་ཀྱི་འབྲས་བུ་དུས་ཐོག་དུ་སྨིན་པ་འདི་རེད་ངེད་ཅག་གི་བསོད་ནམས་རེད།
True Judgment གཅིག་ལ་གཅིག་ལན་དང་གཉིས་་ལན་བདེན་པ་འདུག་བཀྲིན་ཆེ་།
སྲིད་སྐྱོང་འབུམ་རམས་པ་དང་ཁྲིམས་རྩོད་པ་འབུམ་རམས་པ་གཉིས་ཀས་བློ་གཟུ་བོར་གནས་པའི་ཁྲིམས་ཞིབ་པ་དེ་ཚོ་ཁ་གཏད་ཅོག་ཐུབ་མ་སོང་།
ཁྲིམས་ཐོག་ནས་ཚང་མ་འདྲ་མཉམ་ཡིན་པ་གསལ་བོ་ཁྲིམས་ཞིབ་ཁང་གི་གསལ་བོ་སྟོན་སོང།
མདོར་ན། ཁ་མཆུ་ཨང་ཉི་ཤུ་པའི་བཅད་ཁྲ་ཤོག་གྲངས་ཆིག་སྟོང་དང་ཉག་མ་ཉེར་བརྒྱད་ཅན་འདི་ནི། བོད་མི་ས་ཡ་དྲུག་གིས་གཙོས་བོད་ཡིག་ཁོ་ན་ཙམ་སྤྱོད་མཁན་ཡོངས་ལ་ཁྲིམས་ཀྱི་སློབ་དེབ་གཅིག་པུ་ཁོ་ནར་གྱུར་འདུག ཁྲིམས་ཀྱི་སློབ་སྦྱོང་ཐོན་ཡང་ཉམས་མྱོང་དམན་པ་རྣམས་དང་། ལྷག་པར་སློབ་སྦྱོང་དང་ཉམས་མྱོང་གཉི་ག་མེད་པའི་ལི་ཐང་བློ་བཟང་གྲགས་པ་ལྟ་བུས་ནི། ཉིན་མཚན་ཀུན་ཏུ་སྦྲལ་དཔང་ལྟར་རུམ་དུ་གཞུག་འོས་པའི་དེབ་ཅིག་ཏུ་མཐོང་།།