ཀིརྟི་སྐྱབས་ཀྱིས།
༄༅།། རྒྱལ་བ་རིན་པོ་ཆེས་བགྲེས་ཡོལ་གནང་རྒྱུ་གསུངས་པར། སྤྱི་འཐུས་ལྷན་ཚོགས་ནས་དེ་ལྟར་མ་གནང་རོགས་ཞུས། སྤྱི་འཐུས་ཀྱི་གནང་སྟངས་འདི་ལ་མི་འགའ་ཤས་ཀྱིས་སྐྱོན་བརྗོད་བྱེད་ཀྱི་འདུག ཆབ་སྲིད་ཀྱི་གཡོ་འཁྲབ་རེད་ཟེར། སྡུག་ཕྱོགས་ནས་བལྟས་ན་དེ་ལྟར་ཡིན་སྲིད། བཟང་ཕྱོགས་ནས་བལྟས་ན། སྤྱི་འཐུས་ཚོས་མི་མང་གི་བསམ་འདུན་གཞི་ལ་བཞག་པ་དང་། མི་མང་གི་ཚབ་བྱས་ཏེ་ཞུས་པ་རེད། མི་མང་གི་འཐུས་མི་ཡིན་པས་མི་མང་གི་མངོན་འདོད་ལྟར་སྒྲུབ་དགོས། འོ་ན། མི་མང་གིས་འདི་ལྟར་ཞུ་དགོས་པའི་འདོད་འདུན་བསྟན་ཡོད་དམ། བསྟན་ཡོད། ཡིག་ངག་གཉིས་ཐོག་ནས་བསྟན་ཡོད། ཡང་དེ་ལས་ལྡོག་སྟེ། བགྲེས་ཡོལ་གནང་དུ་འཇུག་དགོས་ཞེས་འདོད་འདུན་སྟོན་མཁན་ཡང་ཡོད། དེ་ཉུང་ཉུང་རེད། མང་མང་གི་འདོད་འདུན་དེ་ལྟར་ཡིན་པའི་རྒྱུ་མཚན་ཅི་རེད། རྒྱུ་མཚན་སྣ་ཚོགས་འདུག མང་ཆེ་ཤོས་ནི། ལོ་ངོ་བཞི་བརྒྱ་ལྷག་གི་རིང་བྱུང་བའི་རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་འདི་མེད་པར་གྱུར་ཚེ་མགོན་མེད་སྐྱབས་མེད་ལྟ་བུའི་ཚོར་སྣང་ཞིག་སླེབས་ཏེ། ཚོར་སྣང་འདི་བཟོད་ཀྱི་མེད་པ་རེད། འདི་མི་བཟོད་པ་ནི་གཙོ་བོར་དད་པ་དམ་ཚིག་གི་དབང་གིས་རེད། བོད་ཁ་བ་ཅན་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པ་དང། འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་རྒྱལ་བ་སྐུ་ཕྲེང་ན་རིམ་གྱིས་བོད་ཁམས་སྐྱོང་དགོས་པའི་ཐུགས་བསྐྱེད་དམ་བཅའ་དང་ལུང་བསྟན་སོགས་ཡོད་པ་དང། ད་བར་དུ་གནས་སྟངས་དེའི་འོག་ནས་བྱུང་བ་བཅས། མདོར་ན་གདུལ་བྱ་འདུལ་བྱེད་ཀྱི་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་འདི་གཏིང་ཤིན་ཏུ་ཟབ་པས། འདི་དེང་དུས་མང་གཙོའི་འགྲོ་ལུགས་ཙམ་གྱིས་མེད་པར་བཟོ་རྒྱུ་ཞིག་དང་བཟོ་ཐུབ་པ་ཞིག་མིན་པར་འདོད་ཀྱི་ཡོད། ཡང་ཁག་ཅིག་གིས་རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་གནང་ཚེ། ཁོང་གི་མཚན་གནས་རྗེས་འབྲེལ་གྱི་ལས་དོན་དཔེར་ན། ཁོང་གི་མཚན་ཐོག་ཏུ་ཡོད་པའི་བོད་གཞུང་གི་ལྷན་ཁང་དང་སྒྲིག་འཛུགས་ཁག ཕྱི་རྒྱལ་དོན་གཅོད་ཁག་སོགས་ད་ལྟའི་མཚན་ཐོག་ཏུ་མུ་མཐུད་གནས་ཐབས་མེད་པ་དང། རྒྱལ་སྤྱིའི་སྟེང་གི་རོགས་རམ་དང་རྒྱབ་སྐྱོར་མང་པོ་ཞིག་མཚམས་འཆད་རྒྱུ། བོད་རྒྱ་ཞི་མོལ་གྱི་ལས་རིམ་འགྲོ་ཐབས་མེད་པར་འགྱུར་སོགས་ཟེར། དཀའ་ངལ་འདི་དག་གིས་བོད་ཀྱི་རྩ་དོན་འགྲུབ་ཐབས་ལ་གནོད་པ་ཐེབས་ངེས་པས་རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་མུ་མཐུད་མེད་ཐབས་མེད་ཟེར། ལྷག་པར་དུ། བོད་དོན་འཐབ་རྩོད་ཀྱི་གཞི་རྩ་ནི་གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ཤུགས་དང་སྙིང་སྟོབས་ལ་བརྟེན་ཡོད་པས། རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་མ་གནང་ཚེ་གཞིས་ལུས་མི་མང་གི་སེམས་རྟེན་མེད་པར་གྱུར་ཏེ་མི་མང་གི་སེམས་ཤུགས་དང་སྙིང་སྟོབས་ཉམས་ཞན་དུ་འགྲོ་རྒྱུ་དང། དེ་སོང་ཚེ་བོད་དོན་འཐབ་རྩོད་ལ་གྱོང་གུད་ཆེན་པོ་ཐེབས་རྒྱུ་རེད་ཟེར། བློ་གཡེང་འདི་དག་གཞི་རྩ་མེད་པའི་བློ་གཡེང་ཞིག་མིན་ནའང། འདི་ལྟའི་བློ་གཡེང་གནང་མི་དགོས་ཚུལ་ཁ་སང་སྐྱེས་རབས་གསུང་ཆོས་སྐབས་༸གོང་ས་མཆོག་གིས་བཀའ་གསལ་པོ་གནང་སོང། བགྲེས་ཡོལ་གནང་རྒྱུ་ལ་འགྱུར་བ་མེད་གསུངས་སོང། དོན་དངོས་སུ་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པས་བགྲེས་ཡོལ་གནང་བ་ཙམ་མིན་པར། སྤྱིར་རྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་གནང་བའི་ལམ་ལུགས་འདི་རྦད་དེ་མཇུག་བསྡུ་མཚམས་འཇོག་གནང་གི་ཡོད་པ་རེད། འདི་འགྱུར་བ་ཆེན་པོ་ཞིག་རེད། ད་ནས་བཟུང་བོད་མི་མང་རྣམས་སྲིད་ཕྱོགས་ནས་རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་དང་ཁ་འབྲལ་གྱི་ཡོད་པ་རེད། འདི་ལྟར་བལྟས་ཚེ། བོད་མི་མང་དང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཡང་དང་བསྐྱར་དུ་གསོལ་བ་འདེབས་པ་ལ་ཁག་མི་འདུག ལམ་སེང་ཁ་འབྲལ་ཐུབ་ཀྱི་ཡོད་པ་མ་རེད། ཁ་འབྲལ་མི་ཕོད་པའི་རྣམ་པ་ཞིག་རེད། །
ཁ་བྲལ་མི་ཕོད་པ་བདེན་ན་ཡང་། ཏིང་ཇེ་ཉེར་དུ་འགྲོ་མི་སྲིད་པའང་མིན་པས་་་་་
ཀ་རྡོ་རབ་འབྱམས་པ་ཕེབས་པ་དགའ་ཡོད།
༈ ༧གོང་ས་མཆོག་གི་གསུང་འཕྲིན་མར་བཀའ་ཤག་ལ་ཕྱིར་སློག་གནང་བ་ལ་གུས་པས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་རྒྱུ་ཡིན། མ་འོངས་སྔོན་སུས་ཀྱི་དེ་འདྲའི་ཕྱག་ལས་བཟང་པོ་མཛད་པ་དེ་ལ་ཁྱེད་༧གོང་ས་ཐམས་ཅད་མཁྱེན་པ་ཡིན་པ་མངོན་སུམ་གྱི་ར་ཕྲོད་ཐུབ་ཀྱི་འདུག །དེ་བཞིན་༧གོང་ས་མཆོག་གིས་གསུངས་པ་ལྟར་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་དེ་ངེས་པར་ད་ནས་ཟུང་མཚམས་འཇོག་གནང་དགོས། །གང་ལ་ཞེས་༧གོང་ས་མཆོག་གི་བཀའ་ཡིན། ཁོང་༧སྐྱབས་མགོན་གོང་ས་མཆོག་གིས་ཐུགས་བསམ་རྒྱ་ཆེ་གཏིང་ཟབ་ཞིག་བཞེས་ནས་གསུངས་པ་ཞིག་ཡིན། དེ་ལ་ང་ཚོ་བོད་མི་ཚང་མའི་བརྩི་སྲུང་གནང་དགོས། བོད་རྒྱལ་ལོ།།
ད་སྤྱི་མཐུས་རྣམས་པ་ཚོར་དངོས་ནས་ཐུགས་ཁག་མི་འདུག། ཡང་ཅིག་བཤད་ན་༸་གོང་ས་མཆོག་གིས་ཐུགས་བསམ་ཟབ་མོ་གནང་ནས་བོད་མི་རིགས་ལ་ཁེ་ཕན་ཆེན་པོ་ཡོད་པའི་ཐོག་ནས་བཀའ་གནང་བ་ཅིག་རེད། བཀའ་དེ་ཟློག་ཐབས་ཡོད་པ་མ་རེད། གལ་ཏེ་བཀའ་གསུང་དེ་དང་ལེན་མ་བྱས་ན། ༧གོང་ས་མཆོག་དགུང་ལོ་བཅུ་དྲུག་ནས་བོད་མི་རིགས་གི་ཆབ་སྲིད་ཀྱི་དཀའ་སྡུག་ཡོངས་རྫོགས་ཁུར་ནས་མི་ལོ་དྲུག་ཅུ་ཏག་ཏག་འཁོར་བ་རེད། ༧གོང་ས་མཆོག་ཐུགས་ཕམ་སླེབས་མི་སྲིད་པ་མ་རེད། ཐུགས་རྗེས་གཟིགས་༧གོང་ས་མཆོག་ཐུགས་ལྷོད་ལྷོད་ངང་བཞུགས་གསོལ་བཏབ་རོགས་གནང་། ༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་སྐུ་ཚེ་རི་རབ་བཞིན་བརྟན་པར་སྨོན།
ཨ་ཡོ། ད་ཡིན་ན་ཐང་ཆད་ནས་བསྡད་ཡོད་གང་ཡིན་ཟེར་ན་ངའི་རྩོམ་ཡིག་འདིར་ཀློག་མཁན་དང་མཆན་འདེབས་མཁན་ཞེ་དྲག་མི་འདུག