ཕུན་ཚོགས།
དེང་སང་འུ་ཚོའི་སྤྱི་ཚོགས་ནང་ཧ་གོ་གི་མི་འདུག་ཟེར་མཁན་དང་མགོ་ཚོས་ཀྱི་མི་འདུག་ཟེར་མཁན་གྱི་རྩོམ་པ་པོ་དང་། ཟིན་བྲིས་པ། དེ་བཞིན་མི་མང་ཡང་མང་པོ་ཞིག་སླེབས་བཞིན་ཡོད། འདི་དག་ནི་ངས་ཡར་རྒྱས་ཤིག་དང་། བློ་བསྐྱེད་ཅིག་ཡིན་པར་བསམ་ཡོད་ལ། གོ་རྟོགས་དང་ངེས་ཤེས་བསྐྱེད་སྟངས་ཤིག་ཀྱང་ཡིན་པར་སྒོམ་ཡོད། རབས་ཤིག་ལ་འུ་ཚོའི་སྤྱི་ཚོགས་ནང་སྐད་ཆ་གང་ཡིན་ངས་ཤེས་ཡོད་དང་། ངས་རྟོགས་ཡོད། ངས་ཚོར་ཡོད་ཅེས་ཡོད་ཚད་རྟོགས་ཡོད་མདོག་སྟོན་མཁན་ཁྱུ་ཞིག་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་བཞིན་བྱུང་མྱོང་ཞིང་། དེ་བཞིན་གྱི་འུད་བསྒྲགས་དང་ལབ་བཤད། མཁས་རློམ་ཀྱི་ཐལ་ཚིག་ཀྱང་རབས་དང་རིམ་པ་ཞིག་ཐོན་ཡོང་བ་རེད། མ་གཞི་བཤད་ན་འདི་ནི་འུ་ཚོའི་ལང་ཚོ་དང་ན་ཚོད་ཀྱི་ཚད་ཤིང་ལ་དཔག་པའི་འཕག་ཚག་ཅིག་དང་། མཐོང་རྒྱ་དང་ཤེས་ཚད་ལ་དཔག་པའི་ང་རྒྱལ་ཞིག་ཀྱང་ཡིན་ངེས་ཤིང་། འདི་ལྟའི་འཕག་ཚག་དང་ང་རྒྱལ་ནི་ན་གཞོན་གྱི་ལང་ཚོ་ལ་འོས་པའི་གོ་རིམ་ཞིག་ཀྱང་ཡིན་ངེས་པ་ཡིན།
དེ་ཡང་མཚམས་ཤིག་ནས་འུ་ཚོས་བརྗོད་བབ་ཆེན་པོ་ཟེར་ན་རེད། དོན་དག་ཆེན་པོ་ཟེར་ན་རེད། གང་ལྟར་བོད་ཀྱི་བདེ་སྡུག་དང་ཐད་གར་འབྲེལ་བ་ཆགས་པའི་ཆབ་སྲིད་ལམ་ལུགས་དང་། འཛིན་སྐྱོང་གི་ལངས་ཕྱོགས་བཅས་ལ་ཚ་ཚ་འུར་འུར་གྱི་སྐད་ཆ་ལྷུག་པོ་བྱུང་བ་དང། ཡང་ཁ་ཤས་ཀྱི་ཚོར་བ་རྣོན་པོས་གཞུང་དང་མི་སྒེར་གྱི་ལངས་ཕྱོགས་མ་མཐུན་པར་རྒོལ་གཏམ་ཀྱང་གླེང་སྟེགས་སྣ་ཚོགས་ནས་བརྗོད་ཚར་བ་རེད། དེ་བཞིན་གྱི་ཆབ་སྲིད་ལངས་ཕྱོགས་ཐད་ལྟ་བ་མི་མཐུན་མཁན་དང་། མ་འོངས་འཆར་ཟིན་སྒང་ལ་འཆར་གཞི་མི་འདྲ་བ་འགོད་མཁན་མང་དག་བྱུང་བ་འདི་དང་། འུ་ཚོའི་མ་འོངས་སྔོན་དཔག་གི་འཆར་ཟིན་ལ་ཕྱོགས་ངོས་རེ་རེ་ནས་ཀློག་མཁན་བྱུང་བ་འདིས་བོད་ཀྱི་མ་འོངས་འཆར་ཟིན་གྱི་སྲིད་བྱུས་སྤེལ་ཕྱོགས་ལ་བརྟན་ཚུགས་དང་། རྟིང་གནོན་བཅས་ཀྱི་ཤུགས་རྐྱེན་ཐེབས་ཡོད་པ་ནི་ཆབ་སྲིད་ལོ་རྒྱུས་ཀྱི་ཉམས་མྱོང་ལས་ཚོར་ཐུབ་པ་ཡིན་སྟབས། འདི་ཡང་ཆབ་སྲིད་ཀྱི་འཁྲུག་ཆ་གསལ་བོ་དོད་པའི་སྤྱི་ཚོགས་ཤིག་ལ་མཚོན་ན་ཅིས་ཀྱང་ཡོད་དགོས་ཤིང་། ངེས་པར་ཚང་དགོས་པའི་གྲུབ་ཆ་གལ་ཆེན་ཞིག་ཅི་ལ་མིན།
ནང་སྒོས་སུ་ཁ་སང་དེ་རིང་༧གོང་ས་མཆོག་གི་སྐུ་དབང་དམངས་ལ་གནང་བ་དང་། བཅའ་ཁྲིམས་བསྐྱར་བཅོས་སྐོར་ཀྱི་གནད་ལ་ཐུག་པའི་ཆབ་སྲིད་ཐ་སྙད་ཁ་ཤས་ཤིག་གི་གོ་དོན་དང་། ༧གོང་ས་མཆོག་གི་དགོངས་གཞི་ཁྱད་པར་བ་བཅས་གྲོས་ཚོགས་བརྒྱུད་སྤྱི་ཚོགས་སུ་གསལ་ལྷང་ངེར་གྱུར་སྐབས། མཁས་མདོག་སྟོན་པ་མང་པོ་ཞིག་དང་། ཐམས་ཅད་མཁྱེན་པར་རློམ་མཁན་གང་མང་ཞིག་གི་མགོ་བོ་ནག་འཐོམ་མེར་བཟོས་ཤིང་། ཀླད་པ་སྟོང་སངས་ངེ་བཏང་བ་བཅས་ཀྱིས་“ཧོ་གི་གི་མི་འདུག་”ཟེར་མཁན་དང་། “མགོི་ཚོས་ཀྱི་མི་འདུག”ཟེར་མཁན་དག་འུ་ཚོའི་ཁ་ཡ་ན་ཟླའི་ཁྲོད་ནས་སྔ་རྗེས་སུ་ཐོན་བྱུང་བ་ནི་བློ་བསྐྱེད་ཡག་པོ་ཞིག་དང་། ངེས་ཤེས་གསལ་བོ་ཞིག་ཅིས་ཀྱང་ཡིན་ངེས་ལ། ཧ་མི་གོ་བ་དང་། མགོ་མི་ཚོས་པའི་རྗེས་ཀྱི་གོ་རིམ་དག་ནི་གཏིང་ཚུགས་པ་དང་། ཆ་ཚང་བ། གོ་རིམ་མ་ནོར་བ། རྣམ་དཔྱོད་ལྡན་པ་བཅས་ཀྱི་གོ་རིམ་ཡིན་པ་ནི་མིའི་རིགས་སུ་འདྲ་ཞིག་གི་བསམ་བློའི་འཕེལ་རྒྱས་བྱུང་སྟངས་ཤིག་ཡིན་པས། འུ་ཚོའི་སྤྱི་ཚོགས་འདིའི་ཁ་ཕྱོགས་ཀྱང་དེ་ལྟའི་གོ་རིོམ་ལ་དུས་ཚོད་རིང་བོ་མ་ཐོག་པར་སླེབས་རྒྱུ་ཡིན་པའི་གདེང་ཚོད་ཅིག་ད་ལྟ་ནས་རྙེད་ཡོད་སྟབས། ང་ནི་དགའ་ཐག་ཆོད་ནས་བསྡད་ཡོད།
དངོས་གནས། མི་རིགས་ཀྱི་སྤྱི་ཚོགས་ལ་འགན་འཁུར་བའི་རྩོམ་པ་པོའམ་དཔྱད་བརྗོད་པ་དག་ནི། གོང་དུ་བཀུར་འོས་པ་ཞིག་རེད། ཕུན་ཚོགས་ལགས་ཀྱི་རྩོམ་ཡིག་ལ་བལྟས་ན། རང་རེའི་གཙོ་འཛིན་རྣམ་པས་ཐག་གཅོད་གྲུབ་དོན་ཀྱི་རྒྱབ་མདུན་ལ་བསམ་གཞིགས་མཐིལ་ཕྱིན་གནང་ཡོད་པ་མཐོང་ཐུབ།
དེ་རང་རེད། སྤྱིར་འུ་ཚོའི་སྤྱི་ཚོགས་འདིའི་ནང་ས་མཆོངས་གནམ་མཆོངས་བྱེད་རྒྱུ་དགའ་མཁན་དང་། གནས་ཚུལ་གང་ཡིན་རྩད་གཅོད་མི་བྱེད་པར་འུད་སྒྲོག་བྱེད་རྒྱུར་དགའ་མཁན་ཁྱུ་ཞིག་ཡོད་པ་ནི་དངོས་ཡོད་རེད། དེ་བས་སྤྱི་ཚོགས་ཁྱོན་ཡོངས་ལ་ལྟ་བའི་ཀུན་སྤྱོད་འདི་ནི་གལ་ཆེན་རེད།