ཁ་ནི་ཀ་དག་གནས་ལུགས་བརྗོད་པའི་ཁ།
ཁ་ནི་ཁ་དཔུང་ལ་རྒྱ་རྩོད་པའི་ཁ།
ཁ་ནི་ག་ལེར་རང་དོན་སྒྲུབ་པའི་ཁ།
ཁ་ནི་ང་ཁྱོད་ཕྱོགས་རིས་འབྱེད་པའི་ཁ།
ཁ་ནི་ཅ་ཅོ་སྣ་ཚོགས་སྒྲོག་པའི་ཁ།
ཁ་ནི་ཆ་རྒྱུས་ཡོད་མེད་གླེང་བའི་ཁ།
ཁ་ནི་ཇ་ཆང་ཁོ་ན་སྙོག་པའི་ཁ།
ཁ་ནི་ཉ་ཤ་ཁྱི་ཤ་ཟ་བའི་ཁ།
ཁ་ནི་ཏྰ་ལའི་བླ་མར་བསྟོད་པའི་ཁ།
ཁ་ནི་ཐ་ཤལ་ཧུའུ་ལ་སྨོད་པའི་ཁ།
ཁ་ནི་ད་ལྟ་ཁོ་ནར་དམིགས་པའི་ཁ།
ཁ་ནི་ན་མེད་ངུ་སྐད་འབྱིན་པའི་ཁ།
ཁ་ནི་པ་མགོ་ཟེར་ནས་བསྡིག་པའི་ཁ།
ཁ་ནི་ཕ་མར་རྒྱོ་ཞེས་གཤེ་བའི་ཁ།
ཁ་ནི་བ་མོའི་རྐུབ་ལྟར་ལུག་པའི་ཁ།
ཁ་ནི་མ་མོའི་བཤང་ལྟར་ཙུམ་པའི་ཁ།
ཁ་ནི་ཙ་ཙི་ཟེར་བའི་ཤ་ཡི་ཁ།
ཁ་ནི་ཚ་གྲང་མི་ཤེས་རྡོ་ཡི་ཁ།
ཁ་ནི་ཛ་དྲག་དུས་སུ་ལྐུགས་པའི་ཁ།
ཁ་ནི་ཝ་མ་ཝོ་ལ་ཟུག་པའི་ཁ།
ཁ་ནི་ཞྭ་མོའི་ཁ་དོག་རྩོད་པའི་ཁ།
ཁ་ནི་ཟ་འཐུང་ཙམ་གྱིས་ཆོག་ཤེས་ཁ།
ཁ་ནི་འ་འུར་དཀྲོགས་གཏམ་སྤེལ་བའི་ཁ།
ཁ་ནི་ཡ་རབས་སྐྱེ་བོ་གསོད་པའི་ཁ།
ཁ་ནི་ར་ཅོ་ལྟ་བུར་གྱོང་བའི་ཁ།
ཁ་ནི་ལ་ལུང་བཞིན་དུ་གདངས་པའི་ཁ།
ཁ་ནི་ཤ་ཁྲག་གཉིས་ལ་རྔམ་པའི་ཁ།
ཁ་ནི་ས་ཡི་བུ་ག་འདྲ་བའི་ཁ།
ཁ་ནི་ཧ་ཧ་ཟེར་བཞིན་ངུ་བའི་ཁ།
ཁ་ནི་ཨ་ཧོ་ཟེར་ཞོར་དགོད་པའི་ཁ།
ཁ་ནི་ཁིའུ་ལྟ་བུར་རྣོ་བའི་ཁ།
ཁ་ནི་ཁུ་བྱུག་མགྲིན་དབྱངས་སྒྲོག་པའི་ཁ།
ཁ་ནི་ཁེ་བཟང་མེད་ན་ངུ་བའི་ཁ།
ཁ་ནི་ཁོ་ཚེ་ལྟ་བུར་རྩུབ་པའི་ཁ།
ཁ་འདི་རང་སྲོག་གཅོད་པའི་སྟ་རེའི་ཁ།
ཁ་འདི་གཞན་སེམས་དཀྲུགས་པའི་དུག་ཚེར་ཁ།
ཁ་འདི་ཁོག་པ་འབྲུ་བའི་ལྕགས་ཀྱུའི་ཁ།
ཁ་འདི་སྟག་ཁ་གཟིག་ཁ་འཛིང་བའི་ཁ།
ཁ་འདི་ཁྱི་ཁ་ར་ཁ་འཕྲོད་པའི་ཁ།
ཁ་འདི་སྨྱོ་ཁ་གཟའ་ཁ་བསླས་པའི་ཁ།
ཁ་འདི་མྱི་ཁ་གཉའ་ཁ་གཏུགས་པའི་ཁ།
ཁ་འདི་ཆོས་ཁ་སྲིད་ཁ་བསྲེས་པའི་ཁ།
ཁ་འདི་ལྷ་ཁ་འདྲེ་ཁ་བསྣོལ་བའི་ཁ།
ཁ་བདེ་བྱས་པ་མ་ཡིན་སྣ་ཚོགས་ཁ།
ཁ་བརྡ་ཚང་ལ་འདུས་པ་གོང་གསལ་ཁ།
ཁ་ལ་བདག་པོ་མེད་པ་ལྡོམ་པོའི་ཁ།
ཁ་ཡིས་སྡིག་པ་བསགས་སོང་ཨ་ཁ་ཁ།
ཡེ་ཤེས་ཀྱི་ཁ།
ཁ་རུ་ལབ་བརྡོལ་མང་པོ་བྱེད་པའི་ཁ།།
ཁ་ནས་མི་མཐུན་མང་པོ་སྒྲོགས་པའི་ཁ།།
ཁ་ན་དགེ་བསྐོས་མ་གཏོགས་མེད་པའི་ཁ།།
ཁ་བརྡ་ཚང་འདི་ཧྲལ་ཧྲུལ་བཟོ་བའི་ཁ།།
ཁ་ཁར་བཞག་ན་སྡོད་མི་ཚུགས་པའི་ཁ།།
ཁ་ན་གནས་ལུགས་བཤད་རྒྱུ་མེད་པའི་ཁ།།
ཁ་གཅིག་གདངས་ན་ཁོག་པ་རིག་པའི་ཁ།།
ཁ་ཤས་མ་གཏོགས་ཁ་མཐུན་མེད་པའི་ཁ།།
ཁ་བཤད་མཚར་མོ་མེད་པ་སྐྱོ་བའི་ཁ།།
ཁ་དོག་དཀར་དམར་ཅུང་ཟད་ཤེས་པའི་ཁ།།
ཁ་ཕོ་མང་པོ་མང་པོ་སྒྲོགས་པའི་ཁ།།
ཁ་བ་ཅན་ལ་ཁེ་ཕན་མེད་པའི་ཁ།།
ཁ་རུ་གང་ཞིམ་ཟོས་ལ་ཁ་རོགས་སྡོད།།
ཁ་ནས་མ་ནི་ཐོན་ལ་ཁེ་རུར་སྡོད།།
ཁ་སྒོ་སྡོམས་ལ་ཁ་ཁུ་སིམ་པོ་གྱིས།།
ཁ་ལས་དགེ་བའི་ཁ་ཞིག་བྱས་ན་བཟང་།།
ཁ་དོག་དཀར་དམར་ཁ་རྩོད་མི་ཤེས་ཀྱང་།།
ཁ་རྒོད་ང་འདྲའི་ཁ་རྩར་ལྷུང་ཐབས་མེད།།
ཁ་ནས་ཅི་བཤད་གནས་ལུགས་རྗེན་པ་ཡིན།།
ཁ་ནས་བུད་ཚད་ཁ་ཁོག་གཉིས་མེད་ཡིན།།
ཁ་དང་ཁ་ཡི་ཁྱད་པར་མང་ན་ཡང་།།
ཁ་འདི་ཁ་བ་ཅན་གྱི་དོན་དུ་ཡིན།།
ཁ་བཤད་མང་ན་ཁ་ལ་རྒྱ་འདེབས་འདོད།།
ཁ་དོན་མཐུན་ན་ཁ་ནས་ལོས་ཀྱང་བསྟོད།།
མང་མང་དོན་དུ་ཁ་རྩོམ་བྲིས་པའི་ལན། །
རེ་རེ་ཟེར་ནས་དམིགས་སུ་དགག་པ་འདི། །
མང་མང་ཤེས་པའི་འབྲས་རྟགས་མ་ཡིན་པར། །
རེ་རེ་ཙམ་ལས་མ་སྦྱངས་པ་ཡི་རྟགས། །
ཁ་རོག་སྡོད་ཅིག་ཁ་ལས་མེད་པའི་ཁ།