རང་རྟོན།
རྒྱལ་ཚོགས་གཉིད་ལས་དཀྲོགས་པའི་གཏམ་བཟང་དེ་མཐོང་རྗེས་བྲིས།
གཞན་སྐུལ་དྲི་མས་མ་སྦགས་ཁེར་ཚུགས་བརྟན།།
རང་བློ་གཙང་མས་རང་ནུས་ཡོད་ཚད་སྤྲུགས།།
བོད་པ་ཚང་གི་བུ་རབས་ཚ་རྒྱུད་སླད།།
རྒྱལ་ཚོགས་སྒོ་ཁར་མ་བོས་མགྲོན་བཞིན་བཞུགས།།
ཆུ་ལ་རོལ་ནས་འཚོ་བཞིན་ཟླ་གཅིག་འགོར།།
དུས་ཚོད་བདུན་བརྒྱ་ཉི་ཤུ་དེ་བཞིན་འདས།།
གྲང་རླུང་ངར་མས་ཉིན་མཚན་གཉིས་ལ་གཙེས།།
ལྟོགས་སྐོམ་ན་ཟུག་དེ་དང་དེ་བཞིན་མྱངས།།
མི་གཞིའི་བརྟན་བརླིང་རྨ་རྒྱལ་སྤོམ་རའི་དཔེ།།
གཏོང་ཕོད་སྙིང་སྟོབས་དྲི་མེད་ཀུན་ལྡན་ཟླ།།
དམ་བཅའི་རང་གཤིས་རྡོ་རྗེའི་བྲག་ལ་འགྲན།།
འཁྲེང་ཞེན་རི་མོའི་གསེབ་ནས་རེ་མིག་གསོན།།
མེ་ལྕེའི་དུས་རབས་ལོ་རྒྱུས་མངལ་ལ་སྦྲུམ།།
ཟས་བཅད་ཉི་མ་ཟླ་གཅིག་དུས་ཀྱིས་གསོས།།
དབུགས་རྒྱུན་ཕྲ་མོ་དུས་ཚོད་སྐར་མས་ཟོས།།
གཏན་ཚུགས་ལང་ཚོ་རུས་རྐང་གསེང་ལ་བྲིས།།
དེ་བཞིན་ཀྲོང་ངེར་འགྱིང་པའི་གཟི་བྱིན་གྱིས།།
རྒྱལ་ཚོགས་ཤུགས་ཀྱིས་འུ་ཚང་སྒོ་ཁར་འབྱོར།།
ཁས་ལེན་བསྒྲུབ་མིན་བཤད་ཚོད་མི་ཟིན་མོད།།
དེ་འདྲའི་རྒྱལ་ཁ་ཁྱེད་ཚོའི་བཀའ་དྲིན་ཡིན།།
ཁ་བཤད་ལག་ལེན་འཁྱོངས་མིན་གང་ལྟར་ཡང་།།
ཁ་སྤུ་དཀར་པོ་ཅན་གྱི་རྒན་པོ་དེས།།
ཁ་བའི་སྒོ་ཁར་ཐེངས་གཅིག་བྱོན་པ་འདི།།
ཁ་ལས་རྒུད་པའི་ལོ་རྒྱུས་སྟོང་གི་སྟོབས།།
སུམ་གཉིས་ས་ལ་ཁ་ལོ་རབ་བསྒྱུར་བའི།།
བཙན་པོ་མཛད་རྗེས་ཅན་ཚོ་དྲན་པར་བྱས།།
ཚེ་སྲོག་གཏའ་མར་འཇོག་པའི་རྟུལ་ཕོད་འདིས།།
གདོང་དམར་ཚང་གི་སྲོག་ལ་ངར་ཤུགས་བླུད།།
རེ་ཐག་ཆད་འདྲའིི་སེམས་པ་ལྡོམ་པོ་ཚོར།།
ཤི་མིག་གསོན་གནས་ཐུབ་པའི་སྤོབས་པ་རྙེད།།
ན་ཟུག་སེམས་ལ་ལྷུང་བའི་སྤྱན་ཆབ་དེས།།
ཤི་ཡང་འདོར་ཐབས་མེད་བའི་གནས་ལུགས་སྤྱིན།།
ལོ་ནག་བརྩེགས་མའི་གདོང་ལ་ཅེར་ཅེར་ནས།།
རྒྱལ་ཚོགས་དཔལ་གྱིས་བསླུས་པའི་ཉེན་ལམ་ནས།།
གནས་ཚང་གཡར་ནས་ཟླ་གཅིག་འགོར་ཉིན་ནས།།
རྒྱལ་ཚོགས་ངང་གིས་བྱོན་པ་ཁྱེད་ཚོའི་དྲིན།།
༢༠༡༢་ཟླ་༣ཚེས་༢༣ཉིན་བྲིས་ཤིང་༢༥ཉིན་ཅུང་ཙམ་བཅོས།
སྙན་ངག་ཨེབ་ཆེན་ཟིག་རེད་སྙམ།