རེབ་ཐོག་མདའ།
ཁེར་རྐྱང་སེམས་པ་རུམ་པའི་མི་རྐྱང་བདག་གིས།།
དད་པ་རུམ་གང་བཟུང་བཞིན་བླ་མར་མཇལ་ཡང་།།
མཛེས་སྡུག་ལྷ་མོ་ཁྱོད་ཀྱི་སྒེག་ཉམས་དེ་ཡིས།།
སེམས་པ་དམར་པོ་དེ་ཡང་རེ་ཞིག་བོར་སོང་།།
བླ་མ་བྱིན་རླབས་ཅན་པོ་མཇལ་རྒྱུ་བྱུང་ཡང་།།
སེམས་ཀྱི་དད་འདུན་བུ་མོ་ཁྱོད་ལ་ཤོར་སོང་།།
ཁ་བཏགས་དཀར་པོ་འདྲ་བའི་སེམས་པའི་ནང་དུ།།
བླ་མ་བུ་མོར་འཁྲུལ་བའི་ངང་ཚུལ་སྐྱོ་བ།།
བླ་མ་སྐུ་བསོད་ཅན་པོ་མཇལ་རྒྱུ་བྱུང་ཡང་།།
སེམས་པར་བུ་མོ་སྒོམ་པའི་ཉེས་པ་བསགས་སོང་།།
མི་ཚེ་གཅིག་གི་ཁ་བྱང་འབྲི་རྒྱུ་བྱུང་ན།།
བླ་མའི་བྱིན་རླབས་དེ་ཡང་བདག་ལ་མི་མཁོ།།
བླ་མའི་མདུན་ལ་འཚང་བའི་གྲྭ་བ་དེ་ཚོ།།
དད་པ་སྣུམ་པོ་ཞིག་གིས་སེམས་པ་སྦྲུམ་ཀྱང་།།
ཁྱོད་ཀྱི་གཟུགས་ལ་ཆགས་པའི་བདག་གི་སེམས་པར།།
འཆར་རྒྱུ་བསམ་རྒྱུ་བུ་མོ་ཁྱོད་ལས་མི་འདུག།
ཕྱིར་ལོག་ལམ་མདོར་སླེབས་དུས་ཁྱོད་རང་བཙལ་ཀྱང་།།
ཁྱོད་ཀྱི་གྲིབ་ནག་དེ་ཡང་མཐོང་རྒྱུ་མི་འདུག།
སྐྱོ་གདུང་རུམ་གང་འཁུར་བའི་མྱ་ངན་ཅན་པོས།།
ཁེར་རྐྱང་སེམས་པས་ཁྱོད་རང་མཐོང་རྒྱུ་བྱུང་ན།།
རྒྱུས་མེད་རླུང་བུའི་ལག་ཟུང་ཁྱོད་ལ་རག་ཐལ།།
བདག་གི་ཡ་ཆུང་དཀྱིལ་ལ་གཟེར་ཞིག་བསླང་སོང་།།
ཉི་མའི་ཟུར་མིག་ཁྱོད་ཀྱི་གདོང་ལ་ཕོག་ཐལ།།
མཛེས་པའི་ཞལ་རས་དེ་ལ་སེར་སྣ་ཤོར་སོང་།།
ཁྱོད་ཀྱི་རྗེས་ན་སྐྱོ་གདུང་ཐོད་ལ་བཏེགས་པའི།།
བདག་མེད་ཁེར་རྐྱང་བུ་ངའི་འཛུམ་མདངས་བོར་སོང་།།
ལྷ་དང་བླ་མས་སྤྱན་གྱིས་གཟིགས་རྒྱུ་བྱུང་ན།།
བུ་ངའི་མདུན་ལ་འོང་ནས་སེམས་གསོ་གཏོང་ངེས།།
ཕོ་གསར་ཁ་ཤས་ཆུ་རྐྱལ་རྫིང་བུའི་ནང་ན།།
བུ་མོ་ཁ་ཤས་ཡ་གའི་ཁང་ལེབ་སྦུག་ན།།
ཁྱོད་ཀྱི་ཞབས་རྗེས་འཚོལ་བའི་བདག་གི་སེམས་པ།།
ད་དུང་སྒོ་ཆེན་གྲུ་ན་རེ་བའི་ལྷག་ཡོད།།
ཕོ་དེས་མངར་ཆུ་བཏུང་བཞིན་བདག་ལ་ཧད་འདུག།
བུ་མོ་ཞིག་གིས་མངར་ཟས་ཟ་འམ་དྲིས་སོང་།།
འོན་ཀྱང་ཁྱོད་ཀྱི་རྒྱབ་གཟུགས་མཇལ་བ་མེད་པའི།།
བསམ་གཞིགས་ལྕི་མོ་བུ་མོའི་ཕྱོགས་ལ་ཤོར་སོང་།།
སུན་སྣང་མགོ་བོ་མ་འཁྱོག་ས་ལ་ཐུག་སོང་།།
སེམས་པ་སྟོང་བ་ཁེར་རྐྱང་ཀློང་ན་འཁྱམ་དུས།།
གད་མོ་ལྷུག་ལྷུག་དགོད་པའི་ཕྱོགས་ལ་ཅེར་དུས།།
བྱམས་ལྡན་བུ་མོའི་མཛེས་སྡུག་ག་ལེར་མངོན་བྱུང་།།
ལྗང་མདོག་ལྭ་ཐུང་གོན་པའི་ཁྱོད་ཀྱི་གཟུགས་ལ།།
མ་ཁོག་བདག་གི་མིག་ཟུང་ཤོར་ནས་བུད་ཐལ།།
ཤ་མདངས་དཀར་ལ་འཇམ་པའི་སྣང་ཚུལ་དེ་ཡིས།།
ཡ་མཚན་ཅན་གྱི་ཚོར་བས་རེ་ཞིག་ལྷག་ཐལ།།
ལྷ་མོ་དེ་ཚོ་ཤ་མདངས་དཀར་རབ་ཟེར་ཡང་།།
ཁྱོད་རང་མཐོང་དུས་དེ་ཡང་འུད་ཤོབ་རེད་འདུག།
ཆུ་སྐྱེས་པདྨའི་ཆུ་ལ་ཡག་རབས་ཟེར་ཡང་།།
དེ་རིང་ཁྱོད་ཉིད་མཐོང་ན་རྫུན་གྱིས་བསླུས་འདུག།
སྐྲ་ལོའི་རྩེ་ན་བཞུར་བའི་ཆུ་ཡིས་ཐིགས་པ།།
དལ་གྱི་ཟགས་ནས་ཁྱོད་ཀྱི་མྱོས་བུམ་སྒུལ་ཐལ།།
རྣམ་ཤེས་ཆུ་ཐིགས་དེ་ལ་ཐིམ་རྒྱུ་བྱུང་ནས།།
ཁྱོད་ཀྱི་བྲང་ནས་ཐེངས་གཅིག་བཞུར་རྒྱུ་བྱུང་ན།།
དཀར་ཤ་དམར་མདངས་ཆགས་པའི་ཞལ་རས་མཐོང་དུས།།
ཁྱོད་ཀྱི་སེམས་པའི་སྒོ་གླེགས་རྡུང་ན་འདོད་ཀི།
ཟུར་མིག་ཆགས་མིག་མཉམ་ཏུ་འཕེན་པ་མཐོང་དུས།།
མ་གསང་སྙིང་གཏམ་ཁ་ཐུག་ལབ་དགོས་བསམ་གི།
ཟླ་ངོ་གསུམ་ལ་འགྲོགས་པའི་མཐའ་མ་དེ་ལ།།
ཁྱོད་ཀྱི་སེམས་པའི་ཕྱི་ནང་བདག་གི་མཐོང་སོང་།།
དེ་རིང་འདི་ལྟར་བྲལ་དགོ་ལས་ལ་བསྐོས་ཀྱང་།།
ཁྱོད་རང་བདག་ལ་མོས་པ་ཅུང་ཙམ་ཤེས་སོང་།།
ཕྱི་ལོ་ ༢༠༡༢ ལོའི་ ༩ ཚེས་ ༢༧ ཉིན་རྒྱུད་སྟོད་དང་ནོར་གླིང་སོགས་ལ་སྤྲོ་འཆམ་སྐབས་བྲིས་སོ།།
ཁོ་མོ་ལས། ཁོང་མོ་ཞེས་པ་འདི་ཡག་ག་མི་འདུག་གམ།
ང་རེ་ཐེངས་གཅིག་བཀླགས་པ་ཡིན་ན་ཡང་།།
ད་རེ་བྲིས་འདི་དེ་འདྲ་མི་སྙན་འདུག།
ཁྱོ་རེ་གཏམ་འགའ་སྙན་མོ་ཡོད་པ་ཡིས།།
མིང་རེ་རིག་དུས་རེ་རེ་ལྟ་འི་ཡོད།
ངས་རྩོམ་ཐེངས་གཉིས་བསྐུར་ཡིན་ཡང་ཁ་བརྡས་དྲ་ངོས་ལ་འགོད་མ་བྱུང་། རྒྱུ་མཚན་གང་ཡིན་ནམ།
རྩོམ་ཉོབ་འདམ་ཆུ་ལུད་པས་ཕུང་པོ་དེ།
བྲིས་གསར་རང་མགོ་ཐོན་པ་དཀའ་བར་སྣང་།
སྙིང་ལ་རུས་པ་བརྟེན་ནས་མ་སྦྱང་བར།
བྱི་རྡོལ་སྟེགས་ཆུ་ཆད་པས་རྫིང་བུ་འདྲ། །
རྩོམ་ཉོབ་རང་མགོ་ཐོན་པ་དཀའ། །
སྙིང་ལ་རུས་བརྟེན་མ་སྦྱང་ན། །
ལྟག་ཆུ་ཆད་པའི་རྫིང་བུ་ཞེས། །
ཟླ་སྒྲོན་དེ་འདྲ་མ་ཟེར་ཅིག །
་་་ཁྱོད་རང་བཙལ་ཀྱང་།།
་་་མཐོང་རྒྱུ་མི་འདུག།
་་་མྱ་ངན་ཅན་པོས།།
་་་ཁྱོད་རང་མཐོང་བྱུང་།།
འདི་འདྲ་གསུངས་ཀྱང་། མི་མོས་བློ་ལ་མི་འཐད་སྟངས་ཅི་ཡིན་ནམ།