རོང་བོ་ཐང་དཀར།
ཁ་སང་ནི་སྤྱི་ཟླ་༣་པའི་ཚེས་༡༧ ཏེ། ཨེར་ལན་ཀྲི་ཡི་མགོན་སྐྱབས་སན་ཕའེ་ཁྲི་རིས་ཁི་(Saint Patrick)སྐུ་གཤེགས་པའི་རྗེས་དྲན་ཉིན་མོ་རེད། ནུབ་ཕྱོགས་པ་མང་བོ་ཞིག་ལ་མཚོན་ན། ཉིན་མོ་འདི་ནི་ཆོས་ལུགས་དང་རིག་གཞུང་གཉིས་ཀའི་ངོས་ནས་དུས་ཆེན་ཞིག་རེད་ཟེར་ལ། དུས་རབས་བཅུ་བདུན་པའི་སྐབས་ནས་ཉིན་མོ་འདི་གཞུང་འབྲེལ་གྱི་དུས་ཆེན་ཞིག་ཏུ་བརྩིས་ཏེ། ཆོས་ལུགས་ཀྱི་མི་སྣ་གཙོས་གཞུང་འབྲེལ་གྱི་མི་སྣ་མང་བོ་ཞིག་གིས་ཁྲོམ་སྐོར་བྱས་ནས་དུས་ཆེན་འདི་སྲུང་བརྩི་བྱས་པ་རེད་ཟེར།
དུས་རུབས་བཅོ་བརྒྱད་པའི་སྟོད་ནས་དུས་རབས་བཅུ་དགུ་བའི་སྟོད་བར་ཨེར་ལན་ཀྲི་ཡི་ཡུལ་མི་ས་ཡ་འགའ་ཨ་རིར་བྲོས་བྱོས་བྱས་ཏེ། ཨ་རི་ནས་ཁྱིམ་གཞིས་གསར་བ་འཛུགས་མགོ་བརྩམས་པ་དང་སྦྲགས་སན་ཕའེ་ཁྲི་རིས་ཁི་ཡི་རྗེས་དྲན་ཉིན་མོའི་གོམས་སྲོལ་ལའང་འགྱུར་ལྡོག་མང་བོ་བྱུང་འདུག དེང་སང་སན་ཕའེ་ཁྲི་རིས་ཁི་སྐུ་གཤེགས་པའི་རྗེས་དྲན་གྱི་ཉིན་མོ་འདི་ལ་ཆོས་ལུགས་ཀྱི་མི་སྣ་དང་གཞུང་འབྲེལ་གྱི་མི་སྣ་སོགས་ཀྱིས་ཁྲོམ་སྐོར་བྱེད་པ་ཕུད། རྗེས་དྲན་གྱི་མཚོན་རྟགས་ལོ་མ་གསུམ་ལྡན་ཅན་དང་། ཚོན་མདོག་ལྗང་ཁུ་དང་འབྲེལ་བའི་གོམས་སྲོལ་སོགས་མང་བོ་ཞིག་དར་འདུག དཔེར་ན། གོན་པ་ལྗང་ཁུ་གྱོན་པ་དང་། གདོང་ལ་ལོ་མ་གསུམ་ལྡན་ཅན་འབྲི་བ། སྐྲ་ལྗང་ཁུ་བཟོ་བ། རླངས་འཁོར་དང་ཁང་བ་སོགས་ལ་ཚོན་མདོག་ལྗང་ཁུ་བྱུག་པ་སོགས་བྱེད། ཨ་རིའི་གྲོང་ཁྱེར་ཆིས་ཁ་ཀའོ་ཆ་མཚོན་ན། རྗེས་དྲན་ཉིན་མོའི་སྔོན་གྱི་ཉིན་དེར་གྲོང་ཁྱེར་གྱི་དཀྱིལ་ན་བཞུར་བཞིན་པའི་
རྒྱུག་ཆུའི་ནང་ཚོན་མདོག་ལྗང་ཁུའི་རྫས་བཏབས་ཏེ། གཟའ་འཁོར་གཅིག་ལྷག་གི་རིང་ལ་ཚོན་མདོག་ལྗང་ཁུར་གནས་སུ་འཇུག་པ་བཅས་ཀྱི་གོམས་སྲོལ་གསར་བ་མང་བོ་ཞིག་བྱུང་འདུག དེར་མ་ཟད། གཞོན་སྐྱེས་ཚོར་མཚོན་ན། ཉིན་མོ་འདི་ནི་དམིགས་བསལ་གྱིས་ཆང་དང་སྦི་རག་འཐུང་དགོས་པའི་ཉིན་མོ་ཞིག་ཏུ་གྱུར་ཡོད།
ཡར་ལུང་ཁོག་ནས་བསྡད་ན། ཡར་ལྷ་ཤམ་པོ་བསྟེན་དགོས་ཟེར་བ་བཞིན་བྱེས་ནས་བསྐྱལ་བའི་ལོ་འདི་དག་གི་རིང་ལ། ནུབ་ཕྱོགས་པའི་རིག་གཞུང་དང་སྲོལ་རྒྱུན་ལ་རང་ནུས་ཅི་ལྕོགས་ཀྱིས་གོ་བ་བླངས་ཤིང་འབྲེལ་འདྲིས་བྱས་ཡོད་ན་ཡང་། སན་ཕའེ་ཁྲི་རིས་ཁིའི་རྗེས་དྲན་ཉིན་མོ་འདི་ནི་བདག་གིས་གོ་ཐོས་ཡོད་པ་ཙམ་ལས་གཞུང་འབྲེལ་གྱི་མཛད་སྒོའམ། འདིའི་ཁྲོམ་སྐོར་ལ་ད་ལྟའི་བར་དུ་མཉམ་ཞུགས་བྱས་མ་མྱོང་།
གཞུང་འབྲེལ་གུང་གསེང་གི་ཉིན་འདིར། ངས་ཞོགས་ཉལ་ཡིད་ཚིམས་པ་ཞིག་བྱས་རྗེས། ཞོགས་ཟས་སྟབས་བདེ་ཞིག་ལ་རོལ་ཞོར་རང་གི་ཆུང་མ་དང་ལྷན་དུ་ཉིན་དེའི་འཆར་གཞི་ལ་གྲོས་བསྡུར་བྱས། སྔ་དྲོར་ཁྱིམ་ལས་ཙག་གེ་ཙིག་གེ་སྒྲུབ་རྒྱུ་དང་། ཉིན་གུང་གི་ཟ་མ་བཟའ་བར་ཕྱི་ལོགས་སུ་འགྲོ་བ་དང་། དེ་ནས་སན་ཕའེ་ཁྲི་རིས་ཁི་རྗེས་དྲན་ཉིན་མོའི་ཁྲོམ་སྐོར་ལ་ལྟད་མོ་ལྟ་རུ་འགྲོ་རྒྱུ་བྱས་པ་ཡིན། ཁྱིམ་ལས་གྲུབ་རྗེས་ཆུང་མ་དང་ལོ་གསུམ་ལ་སོན་པའི་བུ་མོ་གཉིས་ཁྲིད་དེ་ཕྱི་ལོགས་སུ་ཟ་མ་ཟ་རུ་སོང་། གུང་ཟས་ཀྱི་རྗེས་ལ་ཁྲོམ་སྐོར་བྱེད་སའི་ཕྱོགས་དེར་གོམ་ཁ་བསྒྱུར།
ཁྲོམ་སྐོར་བྱ་ཡུལ་ས་གནས་སུ་འབྱོར་བ་ན། དེ་རུ་ཟིང་ཟིང་ལང་ལོང་གིས་ཁེངས་ཤིང་མི་མང་གིས་ལམ་གྱི་གཡས་གཡོན་དུ་གདན་བཏིང་བ་དང་རྐུབ་སྟེགས་སྒྲིག་པ་སོགས་བྱས་ནས་ས་རྟགས་བརྒྱབ་འདུག བྱིས་པ་དང་ན་གཞོན་དག་གི་ལག་ཏུ་རས་ཁུག་གམ་འགྱིག་ཁུག་རེ་བཟུང་ནས་འདུག དེ་ནི་གང་གི་ཆེད་དུ་ཡིན་ནམ་སྙམ་བཞིན་བུ་མོའི་ལག་པ་དམ་པོར་འཇུས་ཏེ། སྡོད་ས་ཞིག་འཚོལ་ཆེད་མི་ཚོགས་ཁྲོད་འཛུལ། ལམ་ཟུར་ཞིག་ནས་ལངས་ཏེ་སྡོད་ས་ཞིག་ལས་སྡོད་ས་གཞན་ཞིག་མ་རྙེད་སྟབས་དེ་རུ་འདུག་རྒྱུ་བྱས་ཤིང་། བུ་མོ་དང་ཆུང་མ་གཉིས་དེ་རུ་སྡོད་བཅུག་ནས་རང་ཉིད་མི་ཚོགས་ཀྱི་ཕྱི་རུ་བུད་ནས་ཁ་པར་ནང་ནས་དྲ་རྒྱ་དང་སྐད་འཕྲིན་སོགས་བསྔོགས་པ་ཡིན། མཚམས་ཤིག་ལ། རྒྱ་རིགས་བཟའ་ཚོ་གཉིས་ཀྱིས་བུ་ལོ་ལྔ་དྲུག་ལ་སོན་པ་ཞིག་དང་རྨོ་མོ་ཞིག་ཁྲིད་ནས་ང་ཚོ་བསྡད་ཡོད་སར་སླེབས་ཏེ་’今天好热闹啊’(དེ་རིང་འདུ་ལོང་ཆེ་ཨང་།)་ཟེར་ཞོར་ང་ཚོའི་ཉེ་འགྲམ་ནས་བསྡད་སོང་། དེ་ནས་ཡུན་ཙམ་གྱི་རྗེས་ལ་དུང་སྒྲ་ཆེན་པོ་ཞིག་བསྒྲགས་པ་དང་སྦྲགས་ཁྲོམ་སྐོར་གྱི་མགོ་བརྩམས་སོང་།
ཁྲོམ་སྐོར་གྱི་མགོ་རུ་ཆོས་དཔོན་ཞིག་གིས་དབུ་ཞྭ་དང་གཟན་ལྗང་ཁུ་ཞིག་གྱོན་ཞིང་། ལག་ཏུ་གནམ་དག་ཆོས་ལུགས་ཀྱི་མཚོན་རྟགས་ཏེ་རྒྱ་གྲམ་ཆེན་པོ་ཞིག་བཟུང་ནས་བསྐྱོད་པ་དང་། དེའི་རྗེས་སུ་ཨ་རིའི་དམག་མི་གསུམ་གྱིས་ཨ་རི་དང་། ཨེར་ལན་ཀྲི། མངའ་སྡེ་དེ་གའི་རྒྱལ་དར་སོགས་མཐོན་པོ་བསྒྲེངས་ནས་བསྐྱོད། དེ་དག་གི་རྗེས་སུ་ས་གནས་སྲིད་གཞུང་གི་མི་སྣ་གལ་ཆེན་ཁག ཉེན་རྟོག་པ་དང་ཉེན་རྟོག་པའི་རླངས་འཁོར། མེ་གསོད་རུ་ཁག་དང་མེ་གསོད་རླངས་འཁོར། སྲིད་གཞུང་གི་ལས་ཁུངས་རེ་འགའ་དང་ཆབ་སྲིད་པ་རེ་འགའ། དམག་མིའི་རུ་ཁག་དང་དམག་མིའི་རོལ་ཚོགས། སྤྱི་ཚོགས་ཞབས་ཞུ་བའི་ཚོགས་པ། ས་གནས་ཀྱི་བརྙན་འཕྲིན་དང་རླུང་འཕྲིན་ཁང་གི་མི་སྣ། ལས་རྩལ་ཚོགས་པ། ཞབས་བྲོ་དང་ཟློས་གར་ཚོགས་པ། སློབ་གྲྭའི་འཐུས་མི་དང་རོལ་མོ་ཚོགས་པ་བཅས་རིམ་པ་བཞིན་ཁྲོམ་སྐོར་དུ་བསྐྱོད།
ཁྲོམ་སྐོར་བྱེད་མཁན་གྱི་ཚོགས་པ་དང་། རུ་ཁག རོལ་མོ་ཚོགས་པ་སོགས་ཀྱིས་མི་མང་གི་དོ་སྣང་འགུགས་ཆེད་ཚོགས་པ་སོ་སོས་རང་རང་ས་ནས་ཀ་ར་དང་མངར་མོའི་ཟས་རིགས་སྣ་ཚོགས། འགྱིག་གིས་བཟོས་པའི་རྩེད་ཆས་ཀྱི་རིགས་སོགས་ལམ་གྱི་གཡས་གཡོན་ན་དལ་ལྷོད་མེད་པར་ངང་སྒུག་བྱེད་བཞིན་པའི་ལོ་ཆུང་བྱིས་པ་དག་གི་མདུན་དུ་གཏོར་གྱིན་འདུག ལོ་ཆུང་བྱིས་པ་དག་གིས་ཟིང་ཟིང་ལང་ལོང་དང་འུར་འུར་ཟིང་ཟིང་ཁྲོད་ནས་གཅིག་ལས་གཅིག་མགྱོགས་པའི་ངང་དེ་དག་འཐུས་ཏེ་སོ་སོའི་ཁུག་མའི་ནང་དུ་འཇུག་པར་བྱེད།
ངའི་བུ་མོ་ལོ་གསུམ་ལས་སོན་མེད་ན་ཡང་། མོས་ཀྱང་རང་ནུས་ཅི་ལྕོགས་ཀྱིས་མདུན་དུ་རྒྱུག་ནས་ཀ་ར་དང་མངར་མོའི་ཟས་རིགས་གང་ཐོབ་དང་རྩེད་ཆས་གང་རེག་ཚུར་བླངས། ངེད་ཕ་མ་གཉིས་ཀྱིས་ཀྱང་རླངས་འཁོར་དང་གཞན་གྱི་ཉེན་ཁ་ཡོད་མེད་ལ་བལྟ་བ་ཙམ་ལས་བཀག་འགོག་གང་ཡང་མ་བྱས་པར་རང་འདོད་ལྟར་བྱེད་དུ་བཅུག རེ་ཞིག་བུ་མོར་བྱུ་རའི་སྐེ་རྒྱན་ལྗང་མདོག་ཅན་ཞིག་རེག་སོང་བ་དེ་ལ་དགའ་ལྷང་ལྷང་བྱེད་བཞིན་པའི་སྐབས་དེར། རྒྱ་རིགས་བུད་མེད་དེས་རང་གི་བུ་ལ་མདུན་དུ་རྒྱུག་སྟེ་ལག་ཏུ་གང་ཡོང་ཡོང་ཁྱེར་ཞོག་ཅེས་སྐུལ་མ་བྱས་ཤིང་། དེ་ནས་མོ་ཡིས་ཁ་ཕྱིར་འཁོར་ཏེ་རང་གི་ཁྱོ་ག་ལ་‘不能让他吃亏’(ཁོ་ལ་གྱོང་རག་ཏུ་འཇུག་མི་རུང་།)ཞེས་བཤད་བྱུང་། རྒྱ་རིགས་བུད་མེད་དེའི་སྐད་ཆ་དེ་ངའི་མདུན་དུ་ཡོད་པའི་དབྱིན་ཇི་བུད་མེད་ཅིག་སྟེ། བུ་ལོ་ལྔ་དྲུག་དང་བུ་མོ་ལོ་བརྒྱད་དགུ་ལ་སོན་ཡོད་པ་དེ་གཉིས་ཁྲིད་མཁན་དེས་གོ་ཐུབ་ཡོད་པ་ལྟར། དེས་ཀྱང་རང་གི་བུ་དང་བུ་མོ་ལ། ཁྲོམ་སྐོར་དུ་འདུ་ལོང་ཆེ་ཞིང་། བར་སྐབས་སུ་རླངས་འཁོར་དང་འཕྲུལ་འཁོར་སོགས་ཀྱང་འགྲོ་བཞིན་འདུག་པས། རང་ས་ནས་བསྡད་དེ་ལྟད་མོར་བལྟས། མངར་ཟས་ཆེད་དུ་ཧོལ་རྒྱུག་བྱེད་མི་དགོས། མངར་ཟས་ཁྱིམ་ན་ག་ཚད་དགོས་དགོས་ཡོད་ཅེས་བཤད་སོང་།
མི་རིགས་མི་འདྲ་བས་སོ་སོའི་ཕྲུ་གུ་ལ་སློབ་གསོ་གཏོང་སྟངས་ཀྱང་མི་འདྲ་བ་དེ་ཡིས་ང་བསམ་གཞིག་རིང་མོ་ཞིག་གི་ཀློང་དུ་འཁྲིད་པ་དང་། ལྷག་པར་དུ་རང་གི་བུ་མོ་ལ་དེ་འདྲའི་སློབ་གསོའི་སྐད་ཆ་ཅི་ཡང་མ་བཤད་པར་མོའི་འདོད་པ་ལྟར་བྱེད་དུ་འཇུག་པ་དེ་ནི་སློབ་གསོ་གཏོང་སྟངས་ཡིན་མིན་དང་། དབྱིན་ཇི་བུད་མེད་དང་རྒྱ་རིགས་བུད་མེད་གཉིས་ཀྱིས་སོ་སོའི་ཕྲུ་གུ་ལ་སློབ་གསོ་གཏོང་སྟངས་ཀྱི་ཁ་ཕྱོགས་དེ་འདྲའི་གསལ་བོ་ཡོད་པ་དེ་ལ་མནོ་བསམ་ཞིབ་མོ་གཏོང་ཞོར་རླངས་འཁོར་གྱི་ཁ་ལོ་རང་ཡུལ་དུ་བསྒྱུར།