རེབ་ཐོག་མདའ
མེ་ཏོག་སྣ་བརྒྱ་འཛུམ་པའི་རྩྭ་ཐང་སྟེང་ནས།།
སྦྲང་དཀར་རྩྭམ་པ་སྣུམ་པོ་ལྷོད་ཀྱིས་བརྫི་བཞིན།།
ཞོ་དང་འོ་མ་བཏུང་བའི་འཚོ་བའི་ཁྲོད་ནས།།
སྡེབ་སྦྱོར་ཚིག་གིས་ཕྱུག་པའི་སྙན་ངག་བྲིས་ན།།
ལྗང་མདོག་གདན་དུ་བྱས་ཏེ་ངལ་ཞིག་གསོ་བཞིན།།
ན་ཆུང་བུ་མོའི་སྙིང་གཏམ་་ངག་ལ་ཉན་ཏེ།
ཐུལ་དཀར་འབྲུ་མོ་འཚོ་བའི་གཏམ་རྒྱུད་རིང་མོ།།
སྨྱུ་གུ་ལག་ཏུ་བཟུང་ནས་འབྲི་རྒྱུ་བྱུང་ན།།
སྐྲ་ལོ་ཁ་བའི་ཟོས་བའི་ཨ་མ་རྒན་མོ།།
ཡིག་དྲུག་དབྱངས་ལ་འཐིམ་པའི་དད་པའི་ཀློང་ནས།།
མིག་ཆུ་ལྷང་ལྷུང་བཞུར་བའི་ངང་ཚུལ་ཟབ་མོ།།
མཐོན་པོ་མཁའ་ལ་བཞུགས་པའི་ལྷ་དེའི་མཐོང་ན།།
དུས་བཞིའི་ཆར་རླུང་དྲག་པོ་གདོང་གིས་བསུ་བཞིན།།
རྩག་སྐྱའི་དྲོད་ཁོལ་རུམ་པའི་འཚོ་བའི་ཁྲོད་ན།།
ཡབ་མེས་ཞབས་རྗེས་འབྲང་བའི་དྲིན་ཆེན་ཕ་ལོའི།།
མི་ཚེའི་ལོ་རྒྱུས་གླེང་བའི་དུས་ཤིག་ཡོད་ན།།
བརྩེ་དུང་རྒྱུ་ལ་བརྗེ་བའི་སྲོལ་རྒྱུན་མཐུག་པོས།།
བུ་མོ་མདུན་ལམ་བརླགས་པའི་ཚོང་རའི་སྦུག་ནས།།
རྙིང་ཞེན་ལྟ་བ་མཁྲེག་པོ་ཕར་ལ་བཞག་ན།།
ན་ཆུང་སྣང་བ་མཐུན་པའི་གཉེན་སྟོན་ཡོད་ན།།
རྟ་ནོར་ལུག་གི་ངོ་གདོང་རེ་ཞིག་བོར་ནས།།
དེང་རབས་འཕྲུལ་ཆས་སྟེང་ན་དཔའ་ཉམས་ངོམས་པའི།།
ཀླད་མེད་ཕོ་རྒོད་ལྐུགས་རྟགས་རྒྱང་ལ་དོར་བཞིན།།
ལག་པ་བྲང་ཁར་བཞག་ནས་འདང་ཞིག་བརྒྱབ་ན།།
འབྲུ་དྲུག་སྙེ་མ་ལྡེམ་པའི་སྡེ་འདབས་དེ་ནས།།
ལྗང་མདོག་ཁ་དོག་བསྒྱུར་བའི་ཁ་སང་དེ་རིང་།།
ཞིང་ས་སྒོར་ལ་བརྗེ་བའི་ཚོང་དེ་གཡུག་བཞིན།།
རང་ས་རང་གིས་སྲུང་བའི་སེམས་ཤིག་ཡོད་ན།།
གཡུ་བྱུར་རིན་ཆེན་འདོགས་པའི་ང་རྒྱལ་སེམས་པས།།
ཕྱི་མཛེས་ནང་སྟོང་དུས་རབས་ནེར་གཅིག་ནང་ན།།
སྒོར་གྱི་ངོ་སོ་མཐུག་པའི་ཕ་ཡུལ་དེ་ལ།།
དགྲ་གཉེན་དབྱེ་བ་འབྱེད་པའི་མིག་ཅིག་ཡོད་ན།།
ཁྱོ་ཤུག་ཁ་སེམས་མཐུན་པའི་ཁྱིམ་གཞིས་སྦུག་ན།།
ལོ་ལོན་ཕྱིར་ལ་ཕུད་པའི་བཟའ་ཟླ་དག་གིས།།
རྒྱུ་འབྲས་རྒྱ་མ་སྣོག་པའི་ལས་དབང་མོད་པོ།།
སྤུར་རྒྱལ་བོད་པའི་བསྒྲུབ་པའི་དོན་ཞིག་མིན་ན།།
གཟན་ཤམ་དམར་པོ་དེ་ཡི་ཁ་དོག་མཐོང་ནས།།
ཐུབ་བསྟན་རིག་གནས་དེ་ལ་ཉམས་ལེན་གནང་བཞིན།།
ཟང་ཟིང་འཁོར་བའི་གྲོང་དང་རྒྱང་དུ་གྱེས་ཏེ།།
རིགས་དྲུག་སྡུག་ལས་སྐྱོབ་པའི་རྣལ་འབྱོར་ཡོད་ན།།
དགེ་ཆོས་རང་གྲོལ་སོགས་ཀྱི་རྗེས་སུ་འབྲང་བཞིན།།
རིག་པའི་གཞུང་ལུགས་ཟ་བའི་རྣམ་དཔྱོད་ཟབ་མོས།།
མི་རབས་རྗེས་མ་དག་ལ་ལག་རྗེས་འཇོག་བཞིན།།
ཁ་བ་རི་བའི་བདེ་སྡུག་ཕྲག་ཏུ་བླངས་ན།།
གཞོན་པའི་དུས་ཚོད་རྒྱན་དང་ཤོ་ལ་བསྟིམས་བཞིན།།
ཆང་དང་ཐ་མག་མི་ཚེའི་རོགས་ཟླར་སྦྲན་པའི།།
སློབ་གྲྭ་ཆེ་འབྲིང་ནང་གི་བོད་པའི་སློབ་བུ།།
ཕུགས་རྒྱང་བསམ་བློ་གཏོང་བའི་སེམས་ཤིག་ལྡན་ན།།
གྲོང་ཁྱེར་ཆང་ཁང་ནང་མ་ཁང་ལ་འགྲིམ་བཞིན།།
རྒྱ་མིན་བོད་མིན་དུས་རབས་ཉི་ཤུ་བོད་ཕྲུག།།
མ་འོངས་མི་རིགས་འདི་ཡི་རྒྱུད་འཛིན་ཆགས་ནས།།
མཁས་པའི་གོ་འཕང་སྙེགས་པའི་དུས་ཤིག་ཡོད་ན།།
ཕྱི་ནང་གཉིས་ཀའི་ལག་ཟུང་མཉམ་ཏུ་སྦྲེལ་ཏེ།།
རོང་འབྲོག་གཉིས་ཀ་གཏི་མུག་གཉིད་ལས་སད་དེ།།
ཕྲེང་འཛིན་བོད་པ་ཚང་གི་མ་འོངས་དོན་དུ།།
རང་དོན་དོར་དེ་སྤྱི་དོན་སྒྲུབ་རྒྱུ་བྱུང་ན།།
ཕྱི་ལོ ༢༠༡༢ ལོའི ༨ ཚེས ༢༣་ལ་བྲིས་སོ།།
སྙན་ངག་འདི་ཀློག་དུས་ཕ་ཡུལ་དྲན་སོང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཡིག་ནོར་རེ་ཟུང་ཤོར་ཡོད་པ་ལས་་་གཞན་བཤད་རྒྱུ་ཞིག་མེད་ཀི་་སྙན་པོ་འདུག
དྭངས་གཙང་སེམས་ཀྱི་ན་ཟུག་སྐྱུར་མོ།།
ངག་སྙན་དར་སྐུད་སྟོབས་ལ་འདྲེན་དུས།།
སེམས་པའི་བྱེའུ་ཆུང་ཕ་ཡུལ་ཕྱོགས་ལ།།
འཕུར་བའི་ངང་ཚུལ་འདི་ཀོ་སྐྱོ་བྱུང༌།།
བཞིན་རས་སྦྲང་ཆར་བསིལ་མས་བཀྲུས་པའི།།
ཞོགས་པའི་རྩྭ་ཐང་ཡངས་པོའི་གཞི་ལ།།
གཡང་དཀར་ལུ་གུས་འཕགས་མཆོང་རྒྱག་པའི།།
ངང་ཚུལ་དེ་ཀོ་ཡིད་ལ་འཆར་བྱུང༌།།
ཕྱི་ནང་བོད་མིའི་བདེ་སྡུག་འདི་ཀོ།
ལྕེ་བརྒྱར་སྤྲུལ་ནས་བཤད་ལ་བྲེལ་ཡང༌།།
སེམས་གཅོང་གསོ་བའི་སྨན་བཟང་ཙམ་ལས།།
ནད་རྙིང་གསོ་བའི་ཐབས་མེད་སྐྱོ་བྱུང༌།།
མ་བུ་ལྷན་འཛོམས་དགོད་སྒྲའི་གཏམ་སྙན།།
རི་ལུང་བྲག་ཆར་འཁོར་བའི་དབྱངས་ཀྱིས།།
ད་ཕྲུག་ང་ཡི་སེམས་ཀྱི་མེ་ལོང༌།།
སྡུག་གིས་མནན་འདིར་སེམས་པ་སྐྱོ་བྱུང༌།།
མཇུག་གི་ན་སྒྲའི་ཁུག་ན་སེམས་པ་ཡོད་ཚད་འབྱར་ནས་འདུག།།
སྙན་ངག་ཡག་པོ་བྲིས་འདུག མུ་མཐུད་ནས་འབྲི་རོགས། མུ་མཐུད་ནས་ཀློག་གི་ཡིན།
ཡག་པོ་བྲིས་འདུག
འཇིག་རྟེན་འཚོ་བ་སེམས་ཀྱི་ལོངས་སྤྱོད་ཡིན།།
མི་རྟག་སྒྱུ་མ་དུས་ཀྱི་འགྱུར་ལྡོག་ཡིན།།
གཞིས་ཡུལ་དྲོད་མོ་སེམས་ཀྱི་དྲོད་ཐུག་ཡིན།།
མཉམ་འཛོམས་སྐལ་བཟང་རེ་བའི་འདུན་མ་ཡིན།།