གསལ་ལེ་རྒྱལ།
ཆོལ་གསུམ་སྒྱིད་པུའི་སྟེང་ན་ཡོམ་ཡོམ་དུ་འདར་བའི།།
འཆམ་མཐུན་སླ་ངའི་ནང་གི་མགོ་ལྐོགས་དེའི་ཐོག་ན།།
དབང་ཐོབ་ཤ་ཚིལ་མཐུག་པའི་མཐོང་སྣང་ཅང་མེད་མོད།།
ཕུ་ནུ་མིང་སྲིང་འཁྲུག་པའི་གཞི་མ་རུ་གྱུར་འདུག།
ཨ་ཇོ་ཨ་ཅེ་ཀུན་པོ་གོ་ཁ་རུ་འཛོམས་ནས།།
ཨ་ཕ་ཨ་མའི་བརྩེ་བ་འོས་ཤོག་གིས་འདེམས་དུས།།
ཁ་དང་སྣ་ཡི་ལར་ཞེན་ལུང་ཚན་གྱིས་གཅུས་ཏེ།།
གདོང་གི་སྐྱི་མོ་ཚ་བའི་ཚོར་བ་ཡང་བརླག་འདུག།
བུ་ཡི་ཆེ་བརྗོད་ཕ་ཡི་བྱས་རྗེས་ལ་སྦྱར་ནས།།
ཚིག་གི་མེ་ཏོག་ལས་འཁྲུངས་སྨྲ་ལྕེ་ཡི་སྦྲང་རྩིས།།
གསེར་གྱི་ཆབ་ཆེན་ཞེས་པའི་ཐ་སྙད་ཅིག་བཟོས་ནས།།
ཨ་ཕའི་སྐྱག་པ་ལ་ཡང་ཞེ་ས་ཞིག་རྙེད་འདུག།
སྤྲེའུའི་རྐུབ་ལ་གསེར་གྱི་ལྷན་པ་ཞིག་བརྒྱབས་ཏེ།།
བོད་ཀྱི་ཡུལ་གྱི་ཡབ་ཀྱི་ཐོག་མ་རུ་བཀུར་འདུག།
ཨ་མའི་ཁ་ལ་ལྕགས་ཀྱི་མཆེ་བ་ཞིག་བཙུགས་ནས།།
ཡར་ཀླུང་ཕུག་ན་གནས་པའི་སྲིན་མོ་རུ་བསྒྱུར་འདུག།
དགའ་མ་དགའ་ཕྱོགས་འཛིན་པའི་དམངས་གཙོ་དེའི་ཤུགས་ཀྱིས།།
ཕ་མ་གཉིས་ཀ་ཁ་ཁ་སོ་སོ་རུ་བཏང་འདུག།
བདེ་སྡུག་ཚོར་བ་ལྡོག་པའི་དྭ་ཕྲུག་ཚོ་དགའ་ནས།།
ཕ་མའི་མིག་ཆུ་དྲོན་མོར་ཞབས་རྟགས་ཤིག་བརྒྱབས་སོང་།།
གཉའ་ཁྲི་བཙན་པོ་བློ་བཟང་སེང་གེ་ལ་སྤྲུལ་ནས།།
འཆམ་མཐུན་མཛུབ་མོ་ནམ་མཁའི་པདྨོ་ལ་བཙུགས་འདུག།
ལྷ་ལུང་དཔལ་རྡོར་ abcd ལ་སྤྲུལ་ནས།།
ཀ་ཁ་ག་ངའི་སྙིང་ལ་མདའ་མོ་ཞིག་བཙུགས་འདུག།
དབྱངས་གསལ་སོ་བཞི་ཞེས་པ་ཁ་བྱང་ལ་སོང་ཡང་།།
དེ་དག་གང་གང་ཡིན་མིན་ཐེ་ཚོམ་དུ་གྱུར་འདུག།
སྔོན་འཇུག་རྗེས་འཇུག་ཅེས་པའི་རྣ་ཐོས་ཙམ་ཡོད་ཀྱང་།།
མགོ་ཅན་འདོགས་ཅན་ལ་སོགས་མཐོང་མྱོང་ཡང་མི་འདུག།
བློ་བཟང་སེང་གེ་སྐལ་བཟང་རྡོ་རྗེ་ལ་སྤྲུལ་ནས།།
ལྔ་དང་ལྔ་བཅུའི་རྔ་མ་དྲུག་ཅུ་ལ་བསྒྱུར་འདུག།
མགྲིན་བཟང་བོང་བུ་ནམ་ལང་བྱ་ཕོ་ལ་སྤྲུལ་ནས།།
གསུང་དྭངས་ལྷ་མོ་གྱེར་ནས་སྔོན་བརྡ་ཞིག་བརྒྱབས་སོང་།།
དོན་གཅོད་གསར་རྙིང་བརྗེ་བའི་རྩིས་སྤྲོད་ཀྱི་བར་ནས།།
ཨ་སྒོར་ས་ཡའི་ས་ཡིག་ས་འོག་ལ་སྦས་འདུག།
ས་སྐྱོང་རྗེས་མས་ས་སྐོ་རྡོ་སློག་ཅིག་བྱས་ཚེ།།
ས་བདག་གསར་རྙིང་གཉིས་ཀ་དཀའ་ངལ་ལ་འཕྲད་ངེས།།
ལས་གཞི་ལས་འཆར་མེད་པའི་འོས་མི་ཞིག་ལངས་འདུག།
ཉམས་མྱོང་ཉིས་ཁྲི་དགུ་སྟོང་གཏན་མ་ལ་བཞག་འདུག།
ན་ནིང་རི་བོང་བསད་སའི་སྡོང་རྒན་དེའི་རྩ་ལ།།
རེ་བ་ཡིད་ཆེས་སྟོང་གི་ལྕགས་རྒྱ་ཞིག་བཙུགས་འདུག།
༢༢/༡༠/༢༠༢༠ ལ་ཕ་རེ་སི་ནས།
བྲི་རྩལ་འདུག
ཆོ་མེད་སྐད་ཆ་ཡང་ཡང་དྲ་ཐོག་ཏུ་མ་འབྲི།
རང་དང་གཞན་གཉིས་སུ་ལའང་ཕན་པ་ཞིག་མ་མངོན།
རང་གཅེས་གཞན་སྡུག་བརྗོད་དེ་ཡ་རབས་ཀྱི་བཟང་སྤྱོད།
རང་ལ་མེད་ན་དམ་པའི་ལྷ་ཆོས་དེ་ཕར་བཞག།
ཆོས་མེད་འཇིག་མེད་མི་ཚེ་སྟོང་པ་འདི་གང་བྱེད།
རང་གི་མི་འཇོན་མི་ཡིས་བྱེད་ན་ནི་སྐྱོན་མཐོང།
ཕྲ་མདོག་འགྲན་སེམས་ཁོ་ནའི་མི་ཚེ་དེ་རྫོགས་འགྲོ།
མི་ལུས་གཅིག་ཐོབ་པ་འདི་དོེན་མེད་དུ་མ་གཏོང།
སྐད་ཅིག་སྐད་ཅིག་འཇིག་འགྲོ་རྟག་བརྟན་ནི་ཅི་ཡོད།
གཏམ་བརྗོད་རང་དབང་ལ་འགན་ཁུར་ནས་དོན་སྙིང་ལྡན་པ་ཞིག་བྲིས་འདུག་།