ཁ་སང་དེ་རིང༌། ངས་ཁ་བཙུམ་ནས་སྙན་ངག་འབྲི་བཞིན་ཡོད།
ཁ་བཙུམ་ནས་སྙན་ངག་འབྲི་བ་ནི་
རང་ཉིད་ལ་མཚོན་ན་གཞན་གྱི་རྐང་འོག་ནས་
དུང་མདོག་གི་རང་སེམས་རང་གིས་གསོ་ཐབས་ཤིག་ཡིན།
ཁ་བྱང་གི་གསང་བ།
ཀ
ཁ་སང་དེ་རིང༌། ངས་ཁ་བཙུམ་ནས་སྙན་ངག་འབྲི་བཞིན་ཡོད།
ཁ་སང་དེ་རིང་གི་སྙན་ངག གཞན་གྱི་རྐང་འོག་གི་ལོ་ཟླའི་ཁ་དོག་ཡིན།
ཚོན་ཁྲ་ཅན་གྱི་ངོ་གདོང་མང་པོ།
ངའི་རྨི་ལམ་དཀྲོགས་པའི་མེས་པོ་ཚོའི་རྣམ་ཤེས་ཀྱི་ངུ་འབོད་བཞིན།
གཡས་གཡོན་དང་རྒྱབ་མདུན་ན་འཚང་ཁ་ཤིག་ཤིག
ཁ།
ཁ་སང་དེ་རིང༌། ངས་ཁ་བཙུམ་ནས་སྙན་ངག་འབྲི་བཞིན་ཡོད།
ཁ་སང་དེ་རིང་གི་སེམས་པ།
མི་ལོ་དུ་མར་བསགས་པའི་གད་སྙིགས་ཀྱི་རྫོབ་དོང་ཞིག་དང་འདྲ་བར།
རང་ངོ་རང་གིས་ཀྱང་ཆོད་ཚོད་མི་འདུག
ཁ་སང་དེ་རིང༌། ངས་ཁ་བཙུམ་ནས་སྙན་ངག་འབྲི་བཞིན་ཡོད་ཨང༌།
ག
ཁ་སང་དེ་རིང༌། ངས་ཁ་བཙུམ་ནས་སྙན་ངག་འབྲི་བཞིན་ཡོད།
ཁ་སང་དེ་རིང་གི་སེམས་པ། མི་སེམས་མེ་ལ་ཤོར་བའི་ནག་ནོག་གི་ཐལ་བ་ཡིན།
རང་དབང་ལ་སྒོ་མོ་བརྒྱབ་པའི་མུན་ནག་གི་ཁང་ཆུང་ཡིན།
ང༌།
ཁ་སང་དེ་རིང༌། ངས་ཁ་བཙུམ་ནས་སྙན་ངག་འབྲི་བཞིན་ཡོད།
ཁ་སང་དེ་རིང་གི་སྙན་ངག མེ་ཏོག་གི་སྡིག་འཛུམ་འཐུ་བའི་དམར་ཆུང་གི་སེམས་པ་ཡིན།
གྲོགས་པོ་ཡིན་པའི་གྲོགས་པོ་མང་པོ། སྤྱང་པོ་ཡིན་མདོག་གིས་སྤྱང་ཀིར་གྱུར་སོང༌།
ཅ།
ཁ་སང་དེ་རིང༌། ངས་ཁ་བཙུམ་ནས་སྙན་ངག་འབྲི་བཞིན་ཡོད།
ཁ་སང་དེ་རིང་གི་སྙན་ངག མི་ཆེན་ཚོའི་ཀླད་པའི་རྒྱ་ཁྱོན་ཡིན།
ཤོ་ར་སྐྱོང་མཁན་མི་ཆེན་ཚོ། ལོ་གསོས་ཟླར་གསོས་ཀྱི་ཕག་པ་རྒྱག་པ་འདྲ།
གཅིག་རྐུབ་གཅིག་གིས་བཀབ་ནས། མི་ཡུལ་ན་དཔའ་བོའི་ལག་རྡང་སྦྲེལ།
ཆ།
ཁ་སང་དེ་རིང༌། ངས་ཁ་བཙུམ་ནས་སྙན་ངག་འབྲི་བཞིན་ཡོད།
སེམས་མགོ་རྡོ་ལ་བཞག་ནས། ཨུ་ཚུགས་ཀྱིས་སྙན་ངག་འབྲི་བཞིན་ཡོད།
It has a strong touching to me.
སྙན་ངག་འབྲི་སྐབས་མུ་མཐུད་དུ་ཁ་བཙུམ་ནས་ཕྲིས། རྐུབ་ཀྱང་བཙུམ་ནས་ཕྱི་ལ་རླུང་མ་ཤོར་བ་གྱིས། རླུང་དང་ནུས་པ་ཚང་མ་ནང་ལ་སྒོམ། དེ་ནས་རླུང་དང་སྙན་ངག་གཉིས་མཉམ་གཅིག་ཏུ་ཕྱི་ལ་བཏོན་པ་ཡིན་ན་རླུང་ནག་འཚུབ་མ་ཞིག་བཞིན་དེ་ལ་ནུས་པ་གཞན་ལས་ཆེ། སྙན་ངག་ཅིག་འབྲི་བར་བསམ་གཞིགས་བྱེད་པའང་སྒོམ་ཞིག་རྒྱབ་པ་དང་གཅིག་པ་ཡིན། བསམ་བློའི་ནུས་པ་ཚང་མ་ག་ཚོད་ཕྱོགས་གཅིག་ཏུ་བསྒྲིལ་ཐུབ་ན་དེའི་ནུས་པ་དེ་སྙན་ངག་གི་ནུས་པ་ཡིན། ཨ་བུ་རྒོད་པོ།
མ་རིག་མ་གོ་མ་ཤེས་གསུམ། འཇིག་རྟེན་ཁམས་གྱི་གཙང་གསུམ་ཡིན། དཔེ་ཡག་པོ་རེད།་ ད་དུང་མུ་མཐུད་དེ་ཁ་བཙུམ་ནས་སྙན་ངག་ཕྲིས།
ཁ་བཙུམས་ནས་སྙན་ངག་འབྲི་བ་དེ་ནི་ཁ་བཙུམས་ནས་མ་ཎི་ཁོག་ནས་བགྲངས་པ་དང་འདྲ་བོ་ཡོད། འདི་ནི་ངས་ཁ་བཙུམས་ནས་སྙན་ངག་འཁྱར་འཁྱོར་རེ་བྲིས་པའི་ཉམས་མྱོང་ཡིན། གསང་སྔགས་ཀྱི་བཤད་སྟངས་ལྟར་བྱས་ན་འདི་ལ་རྡོ་རྗེ་བཟླས་པ་ཟེར་ནས་ཕན་ཡོན་ཆེན་པོ་ཞིག་ལ་བརྩི་གི་རེད།
རྡོ་རྗེ་བཟླས་པ་ཟེར་བ་འདི་ནུས་པ་ཆེན་པོ་འདུག ཁྔོན་ངས་ཁ་ནས་ཅི་ཡང་མི་སྨྲ་བར། ང་ལ་བུད་མེད་དེ་དགོས། ཅེས་ལན་མང་པོ་སེམས་ཀྱིས་བཟླས་པ་ཡིན། དགོངས་མོ་གཉིད་སྐྱིད་པོ་ཞིག་ཁུག་པའི་སྐབས། ག་ཡིན་འདི་ཡིན་མེད་པར། འགྲམ་ལྕག་གནམ་ལྕག་ལས་ལྗི་བ་ཞིག་ངའི་སྟེན་ལྷུངས་ནས། དངངས་སྐྲག་ངང་གཉིད་བསད་པའི་སྐབས། ངའི་གཟའ་ཟླའི་གདོང་དེ་འཇིགས་སུ་རུང་བའི་སྒོ་ནས་ང་ལ་ལྟས།
ངས་འདི་ཡིན་མ་ཤེས་པར། ཅིའི་ཕྱིར་འགྲམ་ལྕག་འདི་ཟེར་སྐབས། ཆལ་པོ་ཁྱོད་བུ་མོ་སུ་དང་འགྲོགས་པ་ཡིན་ཟེར། མིན་ཟེར་སྐབས། ཁྱོད་ཀྱིས་གཉིད་ལམ་ནང་། བུ་མོ་འདི་དགོས་བུ་མོ་འདི་དགོས་ཅེས་ང་གཉིད་ཁུག་མི་བཅུག་ཟེར།
ངོ་མ་རྡོ་རྗེའི་བཟླས་པ་འདི་ཤུགས་ཆེ་ལེ་རེད།