རྡོ་རྗེ།
གཅིག བོད་དོན་ཐག་གཅོད་ཀྱི་གཞི་རྩའི་སྒྲོམ་གཞི།
བོད་དོན་ཉམས་ཞིབ་པའི་ཁོར་ཡུག་ནི། ལོ་རྒྱུས་ཀྱི་བདེན་པའི་ངོས་ནས་བོད་དོན་ལ་ལྟ་མཁན་དང༌། སྲིད་དོན་དགོས་མཁཽའི་ངོས་ནས་བོད་དོན་ལ་ལྟ་མཁན་རིགས་གཉིས་ཀྱིས་གྲུབ་ཡོད་ཅིང༌། སྡེ་ཚན་འདི་གཉིས་ཀྱིས་བོད་དོན་གླེང་རིམ་ནང་སྡེ་ཚན་ཆེ་བ་གཉིས་ཡོད་པ་ནི། བོད་ཀྱི་འདས་པ་གླེང་ནས་མ་འོངས་པར་ལྟ་སྟངས་དང༌། བོད་ཀྱི་ད་ལྟ་གླེང་ནས་མ་འོངས་པར་ལྟ་སྟངས་གཉིས་རེད། ལྟ་སྟངས་དེ་གཉིས་ཀྱི་མཚུངས་ཆོས་ནི་མཐའ་སྣེ་ཞིག་ལ་སྙེགས་བཞིན་ཡོད་པ་དེ་ཡིན་ནའང༌། གང་བཙལ་བའི་མཐའ་སྣེའི་དམིགས་ཕྱོགས་ནི་རྣམ་པ་ཐ་དད་ཆགས་ཡོད། ལྟ་སྟངས་གཉིས་དབར་གདོང་ཐུག་གི་གནས་སྐབས་མང་དུ་འབྱུང་གིན་ཡོད་ལ། ཕན་ཚུན་འགལ་ཟླ་ཆགས་གཞི་གཙོ་བོ་དེ་ཡང་གཞི་རྩའི་ལྟ་སྟངས་མ་གཅིག་པས་རེད།
ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་མདུན་ལྗོངས་ལ་རྒྱང་གཟིགས་གནང་བབ་དང༌། ཏིན་ཞོ་ཕིན་གྱིས་རྒྱ་ནག་གི་མདུན་ལྗོངས་ལ་གཟིགས་བབ་ནི་རྣམ་པ་ཐ་དད་ཡིན་ནའང༌། བོད་ཀྱི་དཀའ་རྙོག་སེལ་བའི་ཐབས་ལམ་འཚོལ་སྟངས་དང་མཐའ་མའི་འབབ་ས་འཚོལ་བབ་ཀྱི་ངོས་དེར་ནི་གཟིགས་སྟངས་གཅིག་པ་ཞིག་བྱུང་ཡོད། དེ་ནི་ྋགོང་ས་མཆོག་དང་ཏིན་ཞོ་ཕིན་གཉིས་ཀས་རྒྱབ་ལྗོངས་རྙིང་པ་ལས་མདུན་ལྗོངས་གསར་པར་གཟིགས་དགོས་པའི་གནད་འགག་མཛུབ་སྟོན་གཅིག་གྱུར་གནང་བའི་ངོས་དེ་རེད་ལ། ངོས་འདི་ནི་བོད་དོན་ཐག་གཅོད་དང་རྒྱ་ནག་གི་བརྟན་བརླིང་གཉིས་ཀ་འགན་ལེན་ཐུབ་པའི་ངོས་ཀྱང་རེད། ཡང་གཅིག་བཤད་ན། གཉིས་སྨན་དབུ་མའི་ལམ་བརྒྱུད་བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་ཚད་མཐོའི་རང་སྐྱོང་གི་ང་ཚོའི་དགོས་འདུན་དང༌། བོད་རང་བཙན་མ་ཡིན་པའི་གནད་དོན་ག་རེ་ཡིན་ནའང་གྲོལ་མོལ་གྱི་ལམ་ནས་ཐག་གཅོད་ཀྱི་རྒྱ་ནག་གི་དགོས་འདུན་གཉིས་ཀ་མདུན་ལྗོངས་གཟིགས་སྟངས་འདི་ཁོ་ནས་འགན་ལེན་ཐུབ་པ་ཡིན་ནའང༌། རྒྱ་ནག་གི་དབང་འཛིན་པ་ཚོས་ཏིན་ཞོ་ཕིན་གྱི་གཟིགས་སྟངས་དེ་རྣམ་པ་གཞན་ཞིག་ཏུ་བསྒྱུར་ནས་བོད་དོན་ནི་ྋགོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ཞིག་དང༌། དབུ་མའི་ལམ་གྱི་ཐབས་བྱུས་ནི་རྣམ་པ་འགྱུར་བའི་རང་བཙན་དུ་ངོས་འཛིན་བྱས་པའི་དབང་གིས། ད་ལྟའི་བར་གྱི་གྲོས་མོལ་བརྒྱུད་རིམ་ནང་བོད་རྒྱ་ཕྱོགས་གཉིས་བར་གོམ་པ་མཉམ་བགྲོད་ཀྱི་ལམ་ཁ་ཞིག་རྙེད་ཐུབ་མེད།
ཏིན་ཞོ་ཕིན་གྱིས་བོད་ཀྱི་གནད་དོན་ཐག་གཅོད་ཀྱི་སྒྲོམ་གཞི་སློང་རིམ་དེ་བཞིན། ཞིན་ཅང་གིས་མཚོན་པའི་གྲངས་ཉུང་མི་རིགས་ཁག་གི་གནས་སྟངས་དང་འབྲེལ་བའི་གནད་དོན་མང་པོ་ཞིག་དང་མཚུངས་བསྡུར་གྱིས་བསླངས་པ་ཞིག་ཡིན་སྟབས། བོད་མིར་བཏོན་པའི་ལངས་ཕྱོགས་དེར་ཁ་གསལ་གྱི་གཞི་འཛིན་ས་མཚམས་བསྟན་མེད་པ་འདིས། བོད་མིའི་བསམ་འདུན་ཆ་ཚང་འགན་ལེན་ཐུབ་པ་ཞིག་ཡིན་པར་བཤད་དཀའ་ནའང༌། ཏིན་གྱིས་རང་བཙན་མ་ཡིན་པའི་དོན་དག་གང་ཡང་གྲོལ་མོལ་བྱས་ཆོག་པའི་ཁོར་ཡུག་དེར། ྋགོང་ས་མཆོག་གི་གཉིས་སྨན་དབུ་མའི་དགོངས་གཞི་འགན་ལེན་ཆ་ཚང་བྱེད་པའི་ནུས་པ་ལྡན་ཡོད་པ་རེད། ནུས་པ་འདི་ནི་བོད་རྒྱ་ཞི་མོལ་གྱི་གཞི་རྐང་དང༌། བོད་རྒྱའི་དཀའ་རྙོག་འདི་བཞིན་གཉིས་སྨན་དབུ་མའི་ལམ་ནས་སེལ་བར་བྱེད་པའི་སྒྲོམ་གཞིའི་གཞི་རྟེན་རེད།
གཉིས། བོད་རྒྱ་གཉིས་སྨན་གྱི་དབུ་མའི་ལམ།
དབུ་མའི་ལམ་ནི། ྋསྐྱབས་མགོན་ཏཱ་ལའི་བླ་མས་བོད་དང་རྒྱ་ནག་གི་གཞི་རྩའི་ཁེ་ཕན་དང༌། དེང་རབས་འཛམ་གླིང་གི་ཕན་ཚུན་ལྟོས་འབྲེལ་འགྱུར་འགྲོས་དང་བསྡུར་དཔྱད་ཡང་དག་གནང་ནས་བཏོན་པ་ཞིག་ཡིན་སྟབས། འདིས་བོད་མི་རིགས་ཀྱི་གཞི་རྩའི་མངོན་འདོད་གཙོ་བོ་མི་རིགས་ཀྱི་ངོ་བོ་དང༌། རིག་གཞུང༌། སྐད་ཡིག་དང་བཅས་པ་མི་ཉམས་རྒྱུན་འཛིན་གྱི་འགན་ལེན་ཆ་ཚང་ཐུབ་པ་དང༌། བོད་འདི་བཞིན་རྒྱ་ནག་དང་ཁ་བྲལ་མ་དགོས་པར་མེས་རྒྱལ་གོང་བུ་གཅིག་གྱུར་གྱི་གནད་དོན་ཆ་ཚང་ཡང་འགན་ལེན་བྱེད་ཐུབ་པ་ཡིན་སྟབས། བོད་རྒྱའི་གནད་དོན་འདི་ཐག་གཅོད་བྱེད་པ་ལ་འདི་ལས་ལྷག་པའི་འདམ་ག་ཞིག་བཙལ་དུ་མེད་པ་ལྟ་བུ་ཆགས་ཡོད། བོད་རྒྱའི་མ་འོངས་པ་འགན་ལེན་ཐུབ་པའི་གཉིས་སྨན་དབུ་མའི་ལམ་འདི་བཞིན་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཕྱི་ལོ་ ༡༩༥༡ ལོ་ནས་རྒྱང་གཟིགས་གནང་ཡོད་པ་དེ་ལྟར་ནའང༌། ཕྱི་ལོ་ ༡༩༧༤ ལོའི་ནང་བོད་དོན་ཐག་གཅོད་ཀྱི་སྒྲོམ་གཞིར་གཏན་འབེབས་མཛད་པའི་དུས་དེ་ནི་རྒྱ་ནག་ནང་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་གྱི་དུས་ཟིང་ཆེ་སྒང་རེད། ཕྱི་ལོ་ ༡༩༧༩ ལོར། བོད་ཀྱི་གནད་དོན་ཐག་གཅོད་གཙང་མ་ཞིག་བྱེད་པར་ྋབོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མེད་པ་ྋསྐྱབས་མགོན་ཏཱ་ལའི་བླ་མ་དང་བོད་མི་ས་ཡ་དྲུག་གིས་བློ་སྙིང་བྲང་གསུམ་གཏོད་ཡུལ་གཅིག་ཉིད་བཙན་བྱོལ་བོད་གཞུང་དང་ཞི་མོལ་གྱིས་ཐག་གཅོད་བྱེད་དགོས་པའི་གནད་འགག་ཆ་ཚང་མཐོང་མཁན་རྒྱ་ནག་གི་དབུ་ཁྲིད་ཏིན་ཞོ་ཕིན་གྱིས་རྒྱ་ནག་གི་མདུན་ལྗོངས་ལ་གཟིགས་ནས་བོད་དོན་ཐག་གཅོད་ཡོང་ཐབས་ཀྱི་བསམ་ཚུལ་ངོ་མ་བཏོན་པ་དེས། གཉིས་སྨན་དབུ་མའི་ལམ་གྱི་སྒྲོམ་གཞི་འདི་བོད་རྒྱའི་བར་གྱི་གནད་དོན་ཐག་གཅོད་ཀྱི་སྒྲོམ་གཞིར་སློང་བའི་ཁོར་ཡུག་ཡོད་པར་བྱས་པ་རེད། དུས་དེ་ཤེད་ནས་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་གཞུང་མང་གི་ངོ་ཚབ་མཚོན་པའི་གཟིགས་སྐོར་སྐུ་ཚབ་དང༌། འབྲེལ་མོལ་སྐུ་ཚབ་རིམ་པར་མཇལ་མོལ་ཞུས་ཡོད་ནའང༌། བོད་ཀྱི་བདག་དབང་གཞན་ལག་ཏུ་ཤོར་ནས་མི་ལོ་ལྔ་བཅུ་འཁོར་ཉེའི་མཚམས་འདིར་གཞི་རྩའི་གནད་དོན་ཐད་ཕན་འབྲས་ཅི་ཡང་ཐོན་མེད་པ་ཕྱི་གསལ་ནང་གསལ་ཆགས་ཡོད།
གནད་དོན་འདི་ནི། རྒྱ་ནག་གཞུང་འཛིན་རིམ་པས་ཏིན་ཞོ་ཕིན་གྱིས་རྒྱ་ནག་གི་མདུན་ལྗོངས་ལ་གཟིགས་སྟངས་དང་དེའི་རིན་ཐང་ཧ་མ་གོ་བའམ། ཧ་གོ་བཞིན་དུ་སྣང་མེད་སྐྱུར་འཇོག་བྱས་པ་གང་ལྟར། བོད་དོན་འདི་བཞིན་ྋསྐྱབས་མགོན་ཏཱ་ལའི་བླ་མའི་སྐུ་ཚེའི་རིང་ཕར་འགྱངས་ཐུབ་པ་ཡིན་ན། དེ་མཚམས་ནས་གཞི་ཡལ་དུ་འགྲོ་བའི་ཚོད་དཔག་སྟབས་བདེ་ཞིག་གི་འོག་ནས་སྐྱུར་འཇོག་བྱས་ཡོད་ཅིང༌། ཕྱོགས་མཚུངས་བོད་དོན་ནི་རྒྱ་ནག་གཞུང་དང་བོད་མི་མང་བར་གྱི་གནད་དོན་ཞིག་མ་ཡིན་པར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བ་དང༌། བཙན་བྱོལ་བོད་གཞུང་བར་གྱི་འཐབ་རྩོད་ཅིག་དང༌། བོད་ཕྱི་ནང་གི་དབང་འཛིན་པ་ཉུང་ཤོས་བར་གྱི་འཐབ་རྩོད་གནད་དོན་ཅིག་ཏུ་ཁ་བསྒྱུར་ཐབས་ཤེས་སྣ་ཚོགས་བྱས་ཏེ་གནད་དོན་ངོ་མར་ལག་པ་འཆང་གིན་མེད་པ་དང༌། དེ་བས་ཀྱང་གཉིས་སྨན་དབུ་མའི་ལམ་གྱི་སྒྲོམ་གཞི་ནི། རྣམ་པ་འགྱུར་བའི་རང་བཙན་གྱི་སྲིད་བྱུས་ཤིག་ཡིན་པའི་འགྲེལ་བཤད་ཀྱི་འོག་ནས་བོད་ཀྱི་གནད་དོན་ཐག་གཅོད་པ་དང་གཡོལ་ཐབས་འཚོལ་བ་གཉིས་ལས་གཡོལ་ཐབས་འཚོལ་བའི་ལས་དོན་མང་བ་བྱས་ཡོད་པ་རེད། འདི་ནི། བོད་མི་དམངས་ཀྱིས་རྒྱ་ནག་གཞུང་ལ་ཡུན་རིང་རེ་སྒུག་གི་ཁྲོད་ནས་ཡིད་ཆེས་བརླག་རྐྱེན་གཙོ་བོ་ཆགས་ཡོད།
བོད་མི་དམངས་ནས་མི་ལོ་ཞེ་དགུའི་རིང་ངང་སྒུག་བྱས་པའི་མཐའ་དོན་དང༌། བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྐྱབས་མགོན་ཏཱ་ལའི་བླ་མས་གཉིས་སྨན་དབུ་མའི་ལམ་གྱི་སྒྲོམ་གཞི་བསླངས་པ་ནས་དེ་རིང་བར། དབུ་མའི་ལམ་ལ་སྐྱོན་བརྗོད་བྱེད་མཚམས་བཞག་མྱོང་མེད། དོན་འདིའི་ངོས་ནས་མཐོང་ཐུབ་པ་ནི། རྒྱ་ནག་གཞུང་གིས་བོད་དོན་ཐག་གཅོད་ལ་རྣམ་འགྱུར་གསལ་པོ་གང་ཡང་བསྟན་མེད་པ་དེ་རེད། སྐྱོན་བརྗོད་དེ་ཡང༌། དབུ་མའི་ལམ་ནི་རྣམ་པ་འགྱུར་བའི་རང་བཙན་གྱི་ཐབས་བྱུས་ཤིག་ཡིན་པ་དང༌། བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་ཚད་མཐོའི་རང་སྐྱོང་ཟེར་བ་ནི་ཁ་བྲལ་གྱི་བསམ་བློ་ཞིག་ཡིན་པར་ངོས་འཛིན་བྱས་འབྲེལ། གནས་དུས་གང་དུའང་ཁ་བྲལ་གྱི་བསམ་བློ་དང་འཆར་གཞི་དོར་མྱོང་མེད་ཅེས་སྐྱོན་བརྗོད་བྱེད་པ་དང་ཆབས་ཅིག ཞི་བའི་གྲོས་མོལ་གྱི་ཆ་རྐྱེན་དུའང་ངེས་པ་དོན་གྱིས་བོད་རང་བཙན་གྱི་ལྟ་ཚུལ་འདོར་དགོས་པ་དང༌། མེས་རྒྱལ་ཁ་བྲལ་གྱི་བྱ་སྤྱོད་མཐའ་དག་མཚམས་འཇོག་དགོས་པ། དེང་སྐབས་བོད་ཀྱི་ས་ཁུལ་གང་ས་ནས་དྲག་སྤྱོད་སྤེལ་བཞིན་པ་དང༌། ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་གཏོར་བརླག་བྱེད་མཚམས་འཇོག་དགོས་པ། བོད་དང་ཐེ་ཝན་གཉིས་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་བྱས་པ་ཡིན་ན། མུ་མཐུད་ཐུག་འཕྲད་དང་གྲོས་མོལ་བྱེད་འདོད་ཡོད་ཚུལ་བརྗོད་དེ། སྐྱབས་མགོན་ཏཱ་ལའི་བླ་མས་ལོ་རྒྱུས་ཀྱི་ངོས་ནས་བོད་འདི་རྒྱ་ཁོངས་ཡིན་པ་གསལ་བསྒྲགས་བསྐྱངས་དགོས་པའི་ཨུ་ཚགས་མཐར་བསྐྱེལ་གྱིས་མདུན་ལྗོངས་ལ་གཟིགས་ནས་དོན་དངོས་ཐག་གཅོད་ཀྱི་ལམ་ཁ་འདི་རྩ་མེད་བཟོ་ཐབས་མཚམས་འཇོག་བྱས་མེད། དེ་ནི། དེ་རིང་ཁ་སང་རྒྱ་ནག་གཞུང་ནས་གཞུང་འབྲེལ་གྱི་གསལ་བསྒྲགས་རིམ་པའི་ནང་གསལ་བ་སྟེ། བོད་དོན་ནི་འགྲོ་བ་མིའི་ཐོབ་ཐང་དང༌། ཆོས་ལུགས། མི་རིགས་བཅས་ཀྱི་གནད་དོན་ཅིག་གཏན་ནས་མ་ཡིན་པར། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་དང་འབྲེལ་བ་ཡོད་པ་ཞིག་དང༌། ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན་པར་ངོས་འཛིན་བྱས་ཏེ། དབུ་མའི་ལམ་གྱིས་རྒྱ་ནག་གི་ད་ལྟའི་ཆབ་སྲིད་ལམ་ལུགས་དང་སྒྲོམ་གཞི་འདི་ཁས་མི་ལེན་པའི་སྟེང༌། ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་ཚད་མཐའི་རང་སྐྱོང་གི་དགོས་འདུན་འདོན་གྱི་ཡོད་པ་ནི། རྣམ་པ་འགྱུར་བའི་རང་བཙན་དང་ཁ་བྲལ་གྱི་ལམ་ཁ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ལ། གནད་དོན་དབྱེ་ཞིབ་པ་ཚོ་ལྟར་ན། བཙན་བྱོལ་གཞུང་མང་གི་མང་གཙོའི་སྒྲོམ་གཞི་འདི་བཞིན། ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་ཚད་མཐོའི་རང་སྐྱོང་གི་སྒྲོམ་གཞིའི་སྲོག་ཤིང་ཆགས་རྒྱུ་དེ་ནི་རྒྱ་ནག་གཞུང་གིས་དབུ་མའི་ལམ་ལ་འཇིགས་དངངས་ཆེ་ཤོས་བྱ་ཡུལ་ཆགས་ཡོད་པར་ཤོད་ཀྱི་ཡོད་པར་ཡང་གནད་འགག་མེད་པ་མ་རེད།
གསུམ། དམག་དཔུང་གིས་བསྐོར་བའི་ཆོལ་ཁ་གསུམ།
གནད་དོན་ནི་འདི་འདྲ་ཞིག་ཆགས་ནས་ཡོད་སྟབས། བོད་མིའི་ཞི་བའི་ལས་འགུལ་ཆེན་མོ་ནི་ད་དུང་ཡང་མུ་མཐུད་ནས་སྤེལ་བཞིན་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་ཀྱང་བཅིངས་འགྲོལ་དམག་མི་ཆེད་བཏོང་གིས་དྲག་གནོན་བྱས་དང་བྱེད་བཞིན་ཡོད་ནའང༌། འདི་སྐོར་ནི་མི་དམངས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་སྒོ་ཞིག་ཏུ་བསྒྲགས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་གསང་རྒྱ་དང་སྦས་གབ་བྱེད་བཞིན་ཡོད། དོན་དངོས་གནས་སྟངས་ནི། རྒྱ་ནག་གཞུང་གིས་ཁ་བྲལ་རིང་ལུགས་པ་ཆེས་ཉུང་ཤོས་སུ་སྒྲོག་བཞིན་པའི་ཞི་བའི་བོད་མི་དེ་ད་ལྟའི་ཆར་བོད་ཁུལ་གྱི་བཙོན་ཁང་ཁག་ཏུ་མི་ཤོངས་པ་ཆགས་ཚར་ནས་ཡོད་ཅིང༌། དེ་སྟེང་ད་དུང་འཛིན་བཟུང་ཐོ་གཞུང་ནང་གསལ་བ་ཁག་དང༌། དོགས་ཡོད་ཁག་བསྡོམས་པ་ཡིན་ན། རྒྱ་ནག་གཞུང་གི་ཤོད་སྲོལ་ལྟར་གྱི་ཁ་བྲལ་བ་ཉུང་ངུ་ཟེར་བ་ཞིག་ལྷག་མེད་པ་འདྲ་པོ་རེད། མཚམས་འདིར་དཔེ་མཚོན་ཞིག་བཀོད་པ་ཡིན་ན། ཕྱི་ཟླ་ ༣ ཚེས་ ༢༠ ཉིན་གྱི་ཕྱི་དྲོར་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གིས་གསར་འགོད་ཚོགས་འདུ་བསྡུས་པའི་སྐབས། གསར་འགོད་པ་ཞིག་གིས། “ཀྲུང་གོའི་སྲིད་གཞུང་གིས་བྱེད་ཐབས་གང་དག་སྤྱད་ནས་དོན་རྐྱེན་ཞི་འཇགས་སུ་བཏང་བ་ཡིན། བཅིངས་འགྲོལ་དམག་མི་མངགས་ཡོད་དམ།” ཞེས་དྲི་བ་བཀོད་པར། “ས་གནས་ཀྱི་གནས་ཚུལ་གཞིར་བཞག་བྱས་ཏེ་ཁྲིམས་ལུགས་དང་མཐུན་པའི་སྒོ་ནས་བྱེད་ཐབས་ཁྱད་པར་བ་སྤྱད་དེ་ཐག་གཅོད་པའི་དབང་ཆ་ཡོད་”སྐོར་ཙམ་ལས། བཅིངས་འགྲོལ་དམག་མི་གཏང་ཡོད་མེད་ཐད་འགྲེལ་བརྗོད་བྱས་མེད། ཡིན་ནའང༌། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མཆོག་གིས། ༼དར་ཆ་གསལ་སྟོན་གྱིས་ཁ་བྲལ་ལ་ངོ་རྒོལ་དང་ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།༽ཞེས་པའི་གཏམ་བཤད་རྩོམ་བྲིས་སྤེལ་བའི་ནང་ད་རེས་ཀྱི་ལས་འགུལ་ལ་དྲག་གནོན་བྱེད་པར་བཅིངས་འགྲོལ་དམག་མི་བཏང་ཡོད་སྐོར་ཐེངས་དང་པོར་ཕྱིར་བསྒྲགས་བྱས་ཡོད་པ་སྟེ། དེ་ནི་འདི་འདྲ་རེད། ཁོང་གིས་སྤེལ་བའི་གཏམ་བཤད་དེའི་ནང༌། “དོན་རྐྱེན་རྗེས་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་གནང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་དང་ཀྲུང་དབྱང་གི་འབྲེལ་ཡོད་མགོ་ཁྲིད་ཀྱིས་རང་ལྗོངས་ཀྱི་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང༌། བརྟན་བརླིང་སྲུང་སྐྱོང་གི་ལས་དོན་ལ་མཛུབ་སྟོན་གནང་ཡོད།” ཅེས་དང༌། “སྨྱོ་ཧམ་ཆེན་པོས་ཚུར་རྒོལ་བྱེད་མཁན་དགྲ་བོར་གདོང་བསུས་དྲག་རྡུང་དང་མྱུར་དུ་ཞོད་འཇགས་བཏང་སྟེ་རྒྱུན་ལྡན་གྱི་སྤྱི་ཚོགས་སྒྲིག་ལམ་གང་མྱུར་སླར་གསོ་བྱེད་དགོས་ཞེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམག་འཐབ་གྱི་བཀའ་རྒྱ་བཏང་ཡོད།” ཅེས་གསལ་འགོད་བྱས་ཡོད་པ་རེད། ཞི་བའི་ངོ་རྒོལ་ལ་བཅིངས་འགྲོལ་དམག་མི་བཏང་ནས་དྲག་གནོན་བྱེད་སྟངས་འདིར། རྒྱལ་ཁབ་ཕན་ཚུན་དམག་འཁྲུག་སྐབས་ཀྱི་གཡུལ་ས་དང་པོའི་བཀོད་འདོམས་རྣམ་པ་ཞིག་ཡོད་ཅིང༌། ཕྱི་ནང་གསང་གསུམ་ནས་དམག་དོན་ནུས་ཤུགས་གཙོ་འདོན་གྱིས་བོད་མིའི་ཞི་བའི་ངོ་རྒོལ་ལ་དྲག་གནོན་བྱས་དང་བྱེད་ཀྱིན་ཡོད། དྲག་གནོན་འདིའི་བརྒྱུད་རིམ་ནང༌། དམར་གསོད། གཅར་རྡུང༌། དམ་དྲག་བཅས་བྱས་དང་བྱེད་བཞིན་ཡོད་པ་དང༌། དམ་དྲག་དེ་ཡང་དགོན་པ་དང་གྲོང་སྡེ་ཙམ་མ་ཡིན་པར། མི་ཁྱིམ་རེ་རེའི་སྒོ་འགྲམ་དུ་མེ་མདའ་ཐོགས་པའི་བཅིངས་འགྲོལ་དམག་མི་བཀྲམས་ཡོད་པ་དང༌། ད་ནི་དགོན་པ་རེ་རེ་དང་ལྷ་ཁང་རེ་རེ། གྲྭ་ཤག་རེ་རེའི་ནང་བསྔོགས་བཤེར་གྱིས་ཁ་བྲལ་གྱི་ཤུལ་ལྷག་ཅ་དངོས་གཙང་བཟོ་དང༌། དགོན་སྡེ་ཁག་དམག་གིས་བསྐོར་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཤུགས་ཆེར་སྤེལ་མགོ་བཙུགས་ཏེ། ཞི་བའི་ངོ་རྒོལ་གྱི་རྣམ་པ་འདི་དྲག་པོའི་ངོ་རྒོལ་ཞིག་ཏུ་འཕོ་འགྱུར་ཡོང་ཐབས་བྱེད་ཀྱིན་པའི་སྒང་རེད་ལ། གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས། བྱེད་སྟངས་འདིའི་མཇུག་འབྲས་ནི་དེང་རབས་ཀྱི་གོ་མཚོན་ཆ་ཚང་ལྡན་པའི་བཅིངས་འགྲོལ་དམག་གིས་བོད་ཁམས་ཧྲིལ་པོར་གཡུལ་རྩེད་ཐེངས་གཅིག་སློང་རྒྱུ་དེ་ཡིན་པར་ངོས་འཛིན་བྱེད་ཀྱིན་པ་རེད་ལ། གནད་དོན་དབྱེ་ཞིབ་པ་ཁག་ཅིག་ལྟར་ན། བྱེད་སྟངས་འདི་ནི་བོད་པའི་མི་རབས་གཅིག་རྩ་མེད་བཟོས་ཏེ། བོད་དོན་འཐབ་རྩོད་ཀྱི་རླབས་རྒྱུན་ཟེར་བ་ཞིག་མེད་པ་བཟོ་བའི་དམིགས་ཡུལ་ཡིན་པའི་ངོས་ཤིག་མཐོང་གིན་ཡོད་པ་རེད།
ཕྱོགས་ངོས་གཞན་ཞིག་ནས་མངོན་པའི་ཉེན་ཁ་ནི། རྒྱ་ནག་གཞུང་གིས་རང་ཉིད་ཀྱི་སྟངས་འཛིན་འོག་གི་གསར་འགྱུར་བརྒྱུད་ལམ་ཆ་ཚང་བེད་ལོག་ཏུ་སྤྱད་དེ་དོན་དངོས་འཁྱོག་བཤད་དང༌། རྫུན་བཟོ་སོགས་བྱས་དང་བྱེད་ཀྱིན་པ་འདིས། བོད་རྒྱ་མི་རིགས་གཉིས་བར་གྱི་འགལ་ཟླའི་ཉེན་ཁ་མངོན་ཤུགས་ཇེ་ཆེར་འགྲོ་བཞིན་པ་འདི་རེད། བོད་རྒྱ་གཉིས་སྨན་གྱི་མདུན་ལྗོངས་ལ་ཕུགས་རྒྱང་རིང་པོས་གཟིགས་དཔྱད་མཐིལ་ཕྱིན་གནང་མཁན་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་གནས་སྟངས་འདི་རིགས་སྔོན་འགོག་ལམ་སྟོན་ཆེད། རྒྱ་རིགས་མི་དམངས་དང་བོད་རིགས་མི་དམངས་སོ་སོར་དངོས་ཡོད་བདེན་པ་གཞི་ལ་བཞག་པའི་འབོད་སྐུལ་དང་ལམ་སྟོན་གྱི་གསུང་འཕྲིན་རིན་ཐང་བྲལ་བ་རེ་གནང་ཡོད་པ་རེད་དེ། རྒྱ་ནག་གཞུང་གིས་ནི་དེ་དོན་ལོག་བཤད་ཀྱིས་ནུས་མེད་བཟོ་ཐབས་བྱེད་ཀྱིན་ཡོད་པ་སྟེ། གསུང་འཕྲིན་འདི་གཉིས་ནི། “ཞི་བདེ་”དང་“དྲག་སྤྱོད་མ་ཡིན་པ”་ཞེས་པའི་ཐ་སྙད་སྤྱད་ནས་འཛམ་གླིང་མི་མང་བསླུ་བྲིད་བྱེད་ཀྱི་ཡོད་པ་རེད་ཅེས་དང༌། “དབུ་མའི་ལམ”ནི་ཡར་ལངས་བཅིངས་འགྲོལ་ཐོབ་པའི་ཞིང་བྲན་རྣམས་འཆིང་རྒྱ་ཞིག་ཏུ་བསྐྱར་འཇུག་གི་ཆེད་དུ་རེད་ཅེས་རྒོལ་ཚིག་སྤེལ་ཡོད་པ་དང༌། དེ་ཡང༌། ཁ་བྲལ་བ་ཚོས་ཅི་ཞིག་ཤོད་ཀྱི་ཡོད་པ་ལས་ཅི་ཞིག་སྒྲུབ་ཀྱིན་ཡོད་པར་བལྟ་དགོས་པ་དེ་རེད་ཅེས་མདོ་དོན་དུ་བོད་ལྗོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར། རིག་གནས་བཅས་གོང་འཕེལ་གཏོང་བ་ཚང་མ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད་ཚུལ་བརྒྱ་སྒྲོག་སྟོང་སྒྲོག་བྱས་དང་བྱེད་བཞིན་པ་ནི་དྲག་གནོན་ལས་ཀྱང་ཉེན་ཁ་ཆེ་བར་འདུག་སྟབས། ད་ནི་ཕྱོགས་ངོས་འདིར་དམིགས་འབེན་དུ་བཟུང་ནས་སྐྱབས་མགོན་ཏཱ་ལའི་བླ་མའི་གང་བསྩལ་བའི་གསུང་འཕྲིན་རིགས་རྒྱ་ཁྱབ་ཏུ་སྤེལ་ཏེ། བོད་རིགས་མི་མང་ལ་མུ་མཐུད་འཚེ་མེད་ཞི་བའི་ལམ་ཁོ་ན་འདེད་དགོས་པ་དང༌། རྒྱ་ནག་མི་མང་ནས་བོད་མིའི་བསམ་འདུན་དང་ཐོབ་ཐང་ངོ་མ་ཤེས་རྟོགས་ཀྱི་འབོད་སྐུལ་ཤུགས་ཆེར་སྤེལ་དགོས་པ་གལ་འགངས་ཆེན་པོ་རེད་དེ། ང་ཚོའི་གནས་སྟངས་ཀྱི་ངོས་ནས་བལྟས་པ་ཡིན་ན། གནས་དུས་གང་དུའང་བདེན་པ་བདེན་སར་འཁྱོལ་ཐབས་ཀྱི་ལས་འགུལ་མུ་མཐུད་སྤེལ་དགོས་པ་དེ་བས་ཀྱང་གལ་འགངས་ཆེན་པོ་རེད། ༢༠༠༤ ཟླ་ ༤ ཚེས་ ༡༦ དགོང་མོར་བྲིས།