དགུན་ཁའི་གྲང་རེག་ཉི་མའི་ཟིལ་གྱིས་བཅོམ།།
དཔྱིད་ཀྱི་དྲོད་ཁོལ་ལྗོན་པའི་རྩེ་ནས་འཛུམ།།
ཁ་བ་ཆར་དུ་བརྙེས་པའི་དུས་ཚུགས་ན།།
ལང་ཚོའི་ཐིའུ་གསར་བྱུ་རུའི་མདངས་ཀྱིས་མངོན།།
གྲང་རླུང་འུར་གྱིས་ལྡིང་བའི་ལོ་ཟླ་ན།།
དགུན་གསུམ་ཙག་ལ་བརྒྱུས་པའི་ཁ་བ་མས།།
ཁམ་བུའི་མེ་ཏོག་ཤར་བའི་མཛེས་སྡུག་ལ།།
ཁེངས་པའི་ཕྱི་མིག་དམར་པོ་འཕེན་བཞིན་བཞུད།
རི་ལུང་རྡུལ་གྱིས་ཁེངས་པའི་ནོར་འཛིན་གཞིར།།
སེམས་ཉིད་འཁྱག་ལ་འབྱར་བའི་ཆུ་མོའི་རྒྱུན།།
དྭངས་བསིལ་ཞུན་མ་སྤྲོ་བའི་འཛུམ་བག་གིས།།
ལྷུང་ལྷུང་བཞུར་བའི་གོམ་ཁ་གར་དུ་ཞུགས།།
ཁ་ཆར་མངལ་དུ་སྦྲུམ་པའི་སྤྲིན་སྨུག་ཁྲོད།།
སེང་སེང་ལྡིར་གྱིས་གྲག་པའི་གཡུ་འབྲུག་གིས།།
རྨ་བྱ་ཆགས་པས་མྱོས་ཀྱང་སྦྲང་རྩིའི་ཆབ།།
ཁམ་བུའི་མེ་ཏོག་བཞད་པའི་མཁའ་ལས་ཕབ།།
རྩྭ་ལྡུམ་རླུང་གིས་དེད་པའི་བར་གསེང་ན།།
རྩི་ཤིང་སྙེ་མ་གསར་པ་སོ་ལྟའི་ཟོལ།།
རེ་བའི་ནམ་ཟླ་དྲོན་མོར་བྲེལ་སྟབས་ཀྱིས།།
ནེམ་སྣུམ་ཟིལ་བ་ལང་ཚོའི་གསོས་སུ་གཞིབ།།
ཞིང་ཁ་གྲུ་བཞིར་སྒྲོག་པའི་ཚུགས་བར་ན།།
འབྲུ་དྲུག་མཛོད་ཀྱི་བདག་པོ་སོ་ནམ་པས།།
ཁམ་བུའི་མེ་ཏོག་སེམས་ཀྱིས་འཚོ་བཞིན་དུ།།
ས་གཞིའི་བརླན་ཤ་འཚོལ་བའི་སྟ་གོན་བགྱིད།།
འཇོ་སྒེག་ལང་ཚོའི་ཁོ་ལག་རྫོགས་དང་ལྷན།།
འདོད་པའི་ནུ་འབུར་རྒྱས་པའི་ན་ཆུང་མས།།
དྲོད་ལྭ་སྟུག་པོས་གཡོགས་པའི་ལུས་གྱི་ཆ།།
བསིལ་འཇམ་གོས་སྲབ་འོག་ནས་ངོམ་ལ་བྲེལ།།
ནམ་མཁའི་འཇའ་ཚོན་འཛིན་པའི་རྨི་ལམ་ཁྲོད།།
རྩེད་དགོད་གཡེང་ལ་ཞུགས་པའི་བྱིས་པ་ཚོས།།
སྤྲོ་སྣང་སྙི་མོ་འཁྱིལ་བའི་སེམས་ཀྱི་ངོར།།
ཁམ་བུའི་མེ་ཏོག་དཀར་ཚོམ་མིག་གིས་བཏུས།།
ལོ་ཡི་ན་ཚོད་དར་མའི་མཐུ་རྫོགས་ཤིང༌།།
ལུས་ཀྱི་གཞོན་ཤ་སྒེག་པའི་ཉམས་དང་བཅས།།
ཁ་ཆད་རི་ནས་བཏབ་པའི་ཕོ་མོ་ཟུང༌།།
ཁམ་བུའི་མེ་ཏོག་བརྩེ་བའི་སྐྱེས་སུ་བཏེགས།།
ཁང་ཁྱིམ་སྦུག་གི་རང་མལ་གྲུ་བཞིའི་ཁུགས།
ལུས་སེམས་དྲོད་ལ་ཕྱོགས་པའི་ལོ་ལོན་ཚོས།།
ཉི་གཞོན་ཟེར་མ་ལག་པས་ཡིབ་བཞིན་དུ།།
ཁམ་བུའི་མེ་ཏོག་དཔྱིད་མགོའི་ཁ་བར་འཁྲུལ།།
ཕ་ཡུལ་ན་དེང་སྐབས་ཁམ་བུའི་མེ་ཏོག་ཤར་བའི་དུས་ཚིགས་རེད་
ཅེས་པའི་སྐད་ཆ་གོ་དུས་སྣང་ཚུལ་དེ་དྲན་སྟངས་ཤིག་གིས་གློ་བུར་དུ་བྲིས།
སྙན་མོ་བྱུང་སོང་།
ཆུང་དུས་ཀ་ར་ཟོས་པ་བཞིན།
ཀློག་ན་འདོད་སོང་།
ཆུང་དུས་ཞི་མོ་བདའ་བ་བཞིན།
གྲོགས་པོ་འགར་ལགས། ཁྱེད་ཀྱིས་སྙན་ཚིག་དངོས་གནས་སྙན་པོ་འདུག འོན་ཀྱང་ངའི་ངོས་ནས་བཤད་ན་དེང་སང་ངེད་ཅག་སྤྱི་ཚོགས་ཀྱི་བོད་ཡིག་གི་གནས་ཚད་དང་རྒྱང་ཐག་རིང་བའི་ཚིག་གང་མཁྲེགས་བེད་སྤྱོད་བཏང་སྟེ་འབྲི་ཐབས་དེ་ལྟར་སྤྱད་པ་དག་ནི་ངལ་བ་འབྲས་བུ་མེད་པའི་མཛོ་ཕོའི་འཁྲིག་སྦྱོར་ལྟ་བུ་ལས་རིན་ཐང་ལྡན་པའི་རྩོམ་ཡིག་ཞིག་ཏུ་འཇོག་བཞིན་མེད། དེར་བརྟེན་ངས་ཁྱེད་ལ་རེ་སྐུལ་ཞིག་ཞུ་གིན་ཡོད། གྲོགས་པོ་ལགས་ཁྱེད་ལྟ་བུ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ལ་དུང་ཞེན་ཟབ་མོ་ཡོད་མཁན་རྣམས་ཀྱིས་རང་རིགས་སྤྱི་ཚོགས་ཀྱི་བོད་ཡིག་གནས་ཚད་དང་མཐུན་པའི་རྩོམ་ཡིག་གང་མང་འབྲི་ཐུབ་ན། ཆགས་འཇིག་གི་ཉེས་དོང་དུ་ལྷུང་བའི་རང་རིགས་སྐད་ཡིག་གི་ཚེ་སྲོག་ཡུན་གནས་ལའང་ཕན་ངེས་རེད་སྙམ།
འདི་ལ་ངལ་གསོ་ཐེངས་ཤིག་བྱེད་དུ་ཡོང་བ་ཡིན།
ཁམ་བུའི་་མེ་ཏོག་ཤར་སོང་། །
ས་ཡི་ས་དྲོད་དྲོས་སོང་། །
ཟླ་བ་དང་པོ་ཤར་སོང་། །
ཅུ་ལིའི་མེ་ཏོག་ཤར་སོང་། །
མི་རིང་བར་ཨ་ལགས་ཤིང་བཟའ་རིན་པོ་ཆེ་མཆོག་གིས་འཛིན་སྐྱོང་གནང་བཞིན་པའི་འོད་དཀར་དྲ་ཚིགས་ཀྱི་ངོས་ནས་སྙན་ངག་གི་འགུལ་སྐྱོད་ཅིག་བྱ་རྒྱུ་ཡིན། དེ་ཡང་སྙན་ངག་གྱེར་འདོན་འགྲན་ཚོགས་དང། སྙན་ངག་རྩོམ་རིག་གི་ཚོགས་ཆེན། བཙན་བྱོལ་ནང་གི་སྙན་ངག་པ་གཅིག་དང་སྙན་ངག་གཅིག་བཅས་ལ་སྙན་ངག་རྩོམ་རིག་གི་བཟང་རྟགས་བྱ་དགའ་འབུལ་རྒྱུ། བོད་ཕྱི་ནང་གི་སྙན་ངག་པ་བཅུ་ལ་སྙན་ངག་རྩོམ་རིག་གི་གཟེངས་བསྟོད་འབུལ་རྒྱུ་བཅས་ཡིན། ཆ་རྐྱེན་གཅིག་ཡོད་པ་ནི་གྱེར་འདོན་བོད་སྐད་ཀྱིས་བྱེད་དགོས་ཤིང་སྙན་ངག་བོད་ཡིག་གིས་བྲིས་པ་ཁོ་ན་ཡིན་དགོས། སྙན་ངག་གྱེར་འདོན་གྱི་འགྲན་ཚོགས་ནི་ཐོག་མར་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཏུ་རིམ་པ་གཅིག་ནས་གཉིས་བར་བསྡུ་སྐོང་གིས་ལེགས་འདེམ་བྱེད་རྒྱུ་ཡིན་ལ། མཐའ་མའི་འགྲན་ཚོགས་ནི་སྙན་ངག་གི་ཚོགས་ཆེན་དང་ལྷན་ཏུ་བསྡུ་རྒྱུ། གྱེར་འདོན་འགྲན་བསྡུར་བ་རྣམས་ཀྱིས་རང་ཉིད་ཀྱི་སྙན་ངག་གྱེར་ཆོག་ལ་གནའ་དེང་གི་བོད་ཀྱི་སྙན་ངག་ཁྲོད་ནས་གདམ་གསེས་ཀྱིས་གྱེར་ཆོག ཨང་རིམ་དང་བོ་དང་གཉིས་པ། གསུམ་པ་བཅས་སུ་དགར་སྟེ་བྱ་དགའ་འབུལ་རྒྱུ་ཡིན་པས། སྐད་ངག་བདེ་ཞིང་སྙན་ཚིག་ལ་དུང་བའི་རིགས་ཀྱི་བུ་རྒོད་རྣམས་ཀྱིས་ད་ལྟ་ནས་གྲ་སྒྲིག་གིས་འགྲན་ཚོགས་དེར་ཞུགས་རྒྱུར་རེ་བ་ཆེ། སྙན་ངག་པ་དང་སྙན་ངག་གི་བྱ་དགའ་བཟང་རྟགས་འདེམས་ཕྱོགས་ཐད་ནས། ང་ཚོ་མི་ཁ་ཤས་ཤིག་གིས་འདེམས་སྒྲུག་བྱ་ཐུབ་པ་ཞིག་མིན་པས། རྒྱ་ཆེའི་སྙན་ངག་པ་དང་རྩོམ་པ་པོ་གཙོས་པའི་ཤེས་ཡོན་ཅན་རྣམས་ཀྱིས་ད་སྔ་དེབ་དང་དྲ་ཐོག་ཅི་རིགས་ནས་ཤེས་རྟོགས་བྱུང་བའི་སྙན་ངག་དང་སྙན་ངག་པ་ཕུལ་དུ་བྱུང་བ་དག་ལེགས་འདེམས་ཀྱིས་མཚམས་སྦྱོར་གནང་རྒྱུ་མཁྱེན་ཞེས་རེ་བ་ཞུ་བཞིན་ཡོད། ཁ་གསལ་གྱི་གསལ་བསྒྲགས་གཞི་ནས་སྤེལ་རྒྱུ་ཡིན་མོད། ངས་འདི་གར་བཤད་དོན་ནི། གཅིག་ནས་དུས་ཚོད་རིང་བོ་མེད་པས་གྲ་སྒྲིག་ཅིག་ཡོང་ཐུབ་རྒྱུ་དང་། གཉིས་ནས་ཚགས་ཚུད་པོ་ཞིག་ཡོང་ཐུབ་པའི་རེ་བ་བཅས་ཀྱིས་ཡིན།
ངོ་མ་སྙན་ངག་ཟེར་ནོ་རེད། ངས་ཀྱང་སྔོན་ཆད་སྔོན་ཆད་ཅིག་ལ་ཁམ་བུའི་མེ་ཏོག་ཅེས་པའི་རང་མོས་སྙན་ངག་ཅིག་བྲིས་ཡོད། དེ་བོད་ནང་གི་སྦྲང་ཆར་དུས་དེབ་དང་སྦྲང་ཆར་དུས་དེབ་ཀྱི་སྙན་ངག་ཕྱོགས་བསྒྲིགས་ཀྱི་དེབ་བཅས་ཀྱི་ནང་བཀོད་འདུག ཡིན་ན་ཡང་འདི་འདྲའི་སྙན་ངག་ཡག་པོ་ཞིག་འཁྱོངས་མེད། རེ་བ་ཡིན་ན་མི་རིང་བར་འཚོག་རྒྱུའི་སྙན་ངག་འགྲན་ཚོགས་སྟེང་ཞུགས་རྒྱུའི་རེ་བ་ཆེ།
བསྟན་འཛིན་ཤེས་རབ་ལགས་ནས་དྲན་སྐུལ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། འོན་ཏང་ཁོ་བོར་སྙན་ངག་གྱེར་ཀློག་གི་སྨྲ་སྒོ་བདེ་བོ་ཞིག་མེད་པས་འགྲན་ཚོགས་དེར་ཞུགས་པའི་ལས་བསོད་མི་འདུག
བསྟན་འཛིན་ཤེས་རབ་ལགས་ཀྱིས་དྲན་སྐུལ་གནང་བར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ། འོན་ཏང་ཁོ་བོར་སྙན་ངག་གྱེར་ཀློག་གི་སྨྲ་ལྕེ་བདེ་བོ་ཞིག་མེད་པས། འགྲན་ཚོགས་དེར་ཞུགས་པའི་ལས་བསོད་མི་འདུག