ཡོང་ཁུངས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
སྤྱི་ཚེས་༢༨ ཉིན། མིང་ལ་བྱམས་པ་སངས་རྒྱས་ཟེར་བའི་བོད་རིགས་སྐྱེས་པ་ཞིག་གིས་ཁམས་དཀར་མཛེས་གྲོང་ཁྱེར་དུ་ཞི་བའི་ངོ་རྒོལ་གནང་ཡོད་པ།
བོད་མི་ཞིག་གིས་ཁམས་དཀར་མཛེས་ཁུལ་དུ་རླུང་རྟ་གཏོར་ཞོར་ལ་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་བྱས་ཤིང་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་རྗེས་། བོད་མི་དེ་འཛིན་བཟུང་བཙན་ཁྲིད་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན་། སྤྱི་ཚེས ༢༨ཉིན། མིང་ལ་བྱམས་པ་སངས་རྒྱས་ཟེར་བའི་བོད་རིགས་སྐྱེས་པ་ཞིག་གིས་ཁམས་དཀར་མཛེས་གྲོང་ཁྱེར་དུ་ཞི་བའི་ངོ་རྒོལ་གནང་ཡོད་པ་དང་། དེ་ཡང་ཁོང་གིས་དཀར་མཛེས་གྲོང་ཁྱེར་གྱི་སྲང་ལམ་ཞིག་ཏུ་རླུང་རྟ་གཏོར་ཞོར་དུ་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་བྱས་ཏེ་ཞི་བའི་ངོ་རྒོལ་གནང་ཡོད་པ་དང་། ཁོང་གི་སྐད་འབོད་ཀྱི་ཞི་བའི་ལས་འགུལ་དེ་སྤེལ་ནས་སྐར་མ་ཁ་ཤས་སོང་རྗེས། ས་གནས་ཉེན་རྟོག་པ་ཡོང་ནས་ཁོང་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་པ་རེད་འདུག་ལ། དེ་ནས་ད་བར་ཁོང་གི་ད་ཆའི་གནས་སྟངས་སོགས་མི་ཚོས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོག་གང་ཡང་བྱེད་ཐུབ་མེད་པ་རེད་འདུག
བྱམས་པ་སངས་རྒྱས་ལགས་ནི་ཁམས་དཀར་མཛེས་ད་རྡོ་ས་ཁུལ་རབ་དཀར་སྡེ་པ་ནས་ཡིན་ཞིང་། ཁོང་གི་ཕའི་མིང་ལ་བློ་དགའ་དང་། ཨ་མའི་མིང་ལ་པོ་ཆག་ཟེར་གྱི་ཡོད་ཅིང་། སྤྱི་ལོ་༢༠༠༨ ལོར་བོད་ས་ཡོངས་སུ་ཞི་བའི་ངོ་རྒོལ་ལས་འགུལ་ལངས་པ་ནས་བཟུང་། ད་བར་རང་ལུས་མེ་སྲེག་གཙོ་བོར་གྱུར་བའི་ངོ་རྒོལ་གྱི་ལས་འགུལ་བར་ཆད་མྱོང་མེད་པ་དང་། ཆབས་ཅིག་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མིའི་དམ་དྲག་བྱེད་ཤུགས་ཀྱང་ཆེ་རུ་ཕྱིན་རྐྱེན། བོད་མི་མང་པོ་མཉམ་རུབ་ཀྱི་ངོ་རྒོལ་ལས་འགུལ་སྤེལ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་རུང་། ཡིན་ནའང་། བོད་མི་རེ་གཉིས་ཀྱི་ཞི་བའི་ངོ་རྒོལ་ཡང་ཡང་ཐོན་བཞིན་ཡོད་པ་རེད་འདུག
གསར་འགོད་པ་སྟག་ལྷ་རྒྱལ་དང་ཀུན་བཟང་རིག་འཛིན།
དཔའ་བོ་ལགས། ལམ་དབུ་མ་མཁྱེན་པ་གནང་རོགས།
་རླུང་རྟ་གཏོར་ཞོར་ལ་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་བྱས་ན་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པ་རེད་དམ་ དེས་བོད་པ་ལ་ག་རེ་ཕན་ དེས་རྒྱ་མི་ལ་ག་རེ་གནོད་ དེ་དཔའ་བོ་ཡིན་ནམ་