བྲག་གཡབ་ངག་དབང་བྱམས་པས་བརྩམས།
༸གོང་ས་༸རྒྱལ་དབང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཁམས་ཕྱོགས་ཀྱི་མི་མང་སེར་སྐྱ་ཡོངས་ཀྱིས་རྒྱ་མི་ལ་གདོང་ལེན་བྱས་ཏེ་ལྷག་བསམ་རི་བཙུགས་པ་ལྟ་བུ་ཞིག་ཡོད།
གླེང་བརྗོད།
ཁ་ཉིན་མོ་སྟེ། ཕྱི་ཚེས་༡༡ ཉིན། རྒྱ་ནག་གི་གཙོ་འཛིན་ཞིས་ཅིང་ཧྥིང་གིས་ཁམས་པའི་ཕོ་རྒོད་ཅེས་པ་འཛམ་གླིང་ན་སྐད་གྲགས་ཡོད་རེད་ཅེས་བསྟོད་བསྔགས་བྱས་པའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཡོངས་སུ་གྲགས་བྱུང་། བདག་ལྟ་བུར་མཚོན་ན་དེ་ནི་ཧ་ཅང་གི་དགའ་ཚོར་ཆེན་པོ་བྱུང། རྒྱུ་མཚན་ནི། སྤྱིར་བཏང་དགྲ་བོ་རྒྱ་དམར་གྱི་གཙོ་དཔོན་ཞིས་ཅིང་ཧྥིང་ལྟ་བུ་ཞིག་གིས་ཁམས་པའམ་བོད་རིགས་སུ་ཞིག་ལ་བསྟོད་བསྔགས་བྱས་ཀྱང་ང་ཚོ་དགའ་སྤྲོ་བྱེད་འོས་སྤུ་ཙམ་ཅི་ཞིག་ཡོད།
འོན་ཀྱང། ད་ཐེངས་འདི་ནི། ཁམས་ཕྱོགས་ལ་ཡོངས་སུ་གྲགས་པའི་གཏམ་དཔེ་ཞིག་ལ། བུ་ཕ་བསྟོད་མི་དགོས་དགྲ་ཡིས་བསྟོད།། བུ་མོ་མ་བསྟོད་མི་དགོས་གནས་ཀྱིས་བསྟོད། ཅེས་ཤོད་སྲོལ་ཡོད་པ་ལྟར། ཁ་ཉིན་མོར་དགྲ་བོ་རྒྱ་དམར་གྱི་གཙོ་འཛིན་ཞིས་ཅིང་ཧྥིང་གིས་ཁམས་པའི་དོན་དངོས་གཟི་བརྗིད་ཀྱི་ཆེད་བསྟོད་གང་ཡོད་པ་དེ་ཉིད་ཁོ་པའི་ཁ་ནས་རང་དབང་མེད་པར་ཐེངས་ཤིག་ཤོར་འདུག དེ་ཡང་སྔོན་མ་བཙན་པོའི་དུས་སུ་ཙེང་སྐུས་ཁོ་པའི་སེམས་སུ་གང་ཤར་བ་དེ་ཉིད་རང་དབང་མེད་པར་ཁ་ནས་ཤོར་སོང་བ་དང་གཅིག་མཚུངས་སུ་གྱུར་འདུག་སྙམ། དེ་ཡིས་དྲན་བསྐུལ་དུ་བྱས་ཏེ་གུས་པས་ཁམས་པའི་ཕོ་རྒོད་ཅེས་པའི་མགོ་བརྗོད་འོག་ཡིག་ཆ་སོགས་རྒྱུ་ཆ་ཁག་ཅིག་གཙོ་འདོན་ལྷུ་སྒྲིག་གིས་རྩོམ་ཡིག་འདི་ཉིད་རང་གྲུབ་ཅིང་དེ་རིང་ནས་ (2015/2/13) འབྲི་མགོ་བརྩམས་པ་ཡིན།
1) གོང་བརྗོད་ལྟར། བུ་ཕ་བསྟོད་མི་དགོས་དགྲ་ཡིས་བསྟོད།། བུ་མོ་མ་བསྟོད་མི་དགོས་གནས་ཀྱིས་བསྟོད།། ཟེར་བ་ལྟར། ད་ཐེངས་དགྲ་བོ་རྒྱ་དམར་གྱི་གཙོ་འཛིན་ཞིས་ཅིང་ཧྥིང་གིས་ཁམས་པའི་ཕོ་རྒོད་འཛམ་གླིང་ནང་སྐད་གྲགས་ཡོད་རེད་ཅེས་བསྟོད་བསྔགས་གང་ཞིག་བྱེད་ཁུལ་དེ་ནི་ཁམས་པའི་མི་རིགས་ལ་མཚོན་ན་བསྟོད་བསྔགས་དེ་ཉིད་སུས་བཏང་ཡང་སྔོན་མ་ནས་འོས་ཤིང་འཚམ་པའི་མིང་དོན་མཚུངས་པ་ཞིག་ཡིན་པ་དེ་ད་ཐེངས་ཁོ་པས་བསྐྱར་ཟློས་བྱས་པ་ཙམ་དུ་རེད། འོན་ཀྱང། བསྟོད་བསྔགས་གཏོང་མཁན་རྒྱ་ནག་གི་གཙོ་འཛིན་ཞིས་ཅིང་ཧྥིང་ལ་མཚོན་ན་བསྟོད་བསྔགས་བྱེད་སྟངས་དེའི་བརྒྱུད་ནས་ཁོ་པའི་སེམས་གཏིང་ནས་ཁམས་པ་ལ་མི་དགའ་བ་དང། བསྟོད་བསྔགས་བྱེད་པ་དེ་ལས་ཡོངས་སུ་ལྡོག་སྟེ། ཁོ་པ་རྒྱ་ནག་གཙོ་འཛིན་གྱི་འགན་ཞིག་ཡོད་པའི་ཆ་ནས་མཚོན་ན་ད་ཐེངས་ཁམས་པའི་ཕོ་རྒོད་ཅེས་བསྟོད་བསྔགས་བྱེད་ཁུལ་དེའི་བརྒྱུད་ནས་ཁམས་པའི་མི་རིགས་འདི་ནི་རྒྱུན་དུ་རྒྱ་ནག་གཞུང་ཕྱོགས་ཀྱིས་ཉེན་ཁའི་ཐད་ནས་མིག་མདུན་དུ་དོ་སྣང་ཤུགས་ཆེན་བྱེད་ཀྱི་ཡོད་པའི་མངོན་རྟགས་གནས་ལུགས་ཤིག་མ་དྲིས་བསྒུགས་ནས་ཐོན་པའི་སྐད་ཆའི་བརྗོད་བབ་ཅིག་ཡིན་པ་ཟུར་བལྟས་ལེགས་མཐོང་རེད།
དོན་དངོས་ཐོག་རྒྱ་ནག་གུང་ཁྲན་ཏང་གཞུང་གིས། བོད་ཁམས་པའི་མི་རིགས་འདི་ནི་རྒྱ་ནག་གཞུང་ལ་མ་འོངས་ཉེན་ཁ་འབྱུང་བའི་མི་རིགས་ཤིག་ཡིན་པའི་དོ་སྣང་དང། ཐབས་ཤེས་གང་ཡོད་ཀྱིས་ཁམས་པའི་མི་རིགས་འདི་ལ་དངོས་ཤུགས་བརྒྱུད་གསུམ་ནས་རབས་དང་རིམ་པས་ཉམས་ཉེས་གཏོང་ཐབས་བྱས་དང་བྱེད་བཞིན་པ་ཞིག་ཡིན། དེའི་སྐོར་ད་ཆ་བཙན་འབྱོལ་དུ་བོད་མི་མང་སྤྱི་འཐུས་གངས་ལྷ་མོས། ང་ཆབ་མདོ་ལ་སྡོད་སྐབས་ཕལ་ཆེར་ཕྱི་ལོ་ ༡༩༩༡ ལོའི་རྒྱ་ནག་གི་ཚོགས་ཆེན་ཞིག་ཡིན་ཚོད། རྒྱ་ནག་ཚོགས་ཆེན་ལ་འགྲོ་མཁན་ཆབ་མདོ་ས་ཁུལ་ནས་འཐབ་ཕྱོགས་གཅིག་གྱུར་གྱི་དཔོན་རིགས་ཤིག་གིས། ད་རེས་རྒྱ་ནག་ལ་ཚོགས་འདུ་འགྲོ་དུས་རྒྱ་ནག་གི་གཙོ་འཛིན་ཅཱང་ཙི་མིན་ཚོགས་ཆུང་ཁག་ཏུ་འོངས་ནས། ཁམས་པའི་མི་རིགས་ལ་འཚོ་གོས་ལོངས་སྤྱོད་གང་དགོས་ཕུན་སུན་ཚོགས་པར་སྤྲོད་ཤོག འོན་ཀྱང་ཤེས་ཡོན་སྤྲད་དགོས་མ་རེད། ཅེས་དོ་གལ་ཆེན་པོས་བཤད་སོང་ཟེར་གྱི་འདུག
ཅཱང་ཙི་མིན་གྱིས་སྐད་ཆ་དེར་དཔག་ན། ཁམས་པ་ལ་ཤེས་ཡོན་ཡག་པོ་སྤྲད་པ་ཡིན་ན་མ་འོངས་པར་བོད་ནས་ཁམས་པས་རྒྱ་ནག་སྲིད་གཞུང་ལ་དཀའ་ངལ་ཆེན་པོ་བཟོ་ས་རེད་སྙམ་པའི་དོགས་པ་ཡོད་པའི་ངོས་འཛིན་བྱེད་ཀྱི་འདུག དངོས་འབྲེལ་བྱས་ན། སྐད་ཆད་དེ་དག་རྒྱ་ནག་གི་གསང་བ་རེད། རྒྱ་ནག་ཚོགས་ར་ཕྱི་ལོགས་དོན་རྗེས་སྐད་ཆ་དེའི་རིགས་སུ་ལའང་བཤད་མི་ཆོག་པ་དེ་འདྲ་རེད། འོན་ཀྱང། ཆབ་མདོ་བ་འཐབ་ཕྱོགས་གཅིག་གྱུར་གྱི་དཔོན་པོ་དེའི་སེམས་སུ་ཅཱང་ཙི་མེ་ཡིས་ཁམས་པ་ལ་དམིགས་སུ་བཀར་ནས་སྲིད་ཇུས་ངན་པའི་སྐད་ཆ་དེ་འདྲ་ཞིག་བཤད་སོང་ཨང་སྙམ་པའི་སེམས་སུ་བཟོད་སྒོམ་བྱེད་མ་ཐུབ་ནས་སྐད་ཆ་དེ་ཉིད་ཕྱི་རུ་གྱར་འོངས་པ་ཞིག་རེད། ངས་ཁོང་གི་བུ་རྒྱུད་ཀྱི་ངག་ནས་ཐོས་སོང། ཞེས་འགྲེལ་བརྗོད་གནང་བྱུང།
དེས་ན། ད་བར་བདག་ལྟ་བུས་དངོས་སུ་ཤེས་གསལ་ལ་རྒྱ་ནག་གི་གཙོ་འཛིན་སྔ་ཕྱི་རིམ་པས་ཁམས་པའི་མི་རིགས་ཐད་དུ་བཤད་པའི་སྐད་ཆ་དངོས་ལྐོག་གཉིས་ལ་དཔག་ན། མི་འབོར་དུང་ཕྱུར་བཅུ་གསུམ་གྱི་བདག་པོ་རྒྱ་ནག་གུང་ཁྲན་ཏང་ཟེར་བ་དེ་ཉིད་ལ་མཚོན་ན་ཁམས་པ་ནི་ཁོ་ཚོའི་སྲིད་དབང་ལ་ཉེན་ཁ་ཆེ་བའི་མི་རིགས་ཤིག་ཡིན་པའི་དོ་སྣང་བྱེད་ཀྱི་ཡོད་པ་དངོས་གསལ་དུ་གྱུར་ཡོད། དཔེར་ན། ཏིང་ཞའོ་ཧྥིང་གིས། བོད་དོ་དམ་བྱ་དགོས་ན། ཐོག་མར་ཁམས་པ་དོ་དམ་བྱ་དགོས། ཞེས་དང། མཐའ་མཚམས་ས་ཁུལ་དུ་ལྷིང་འཇག་དགོས་ན། ཐོག་མར་ཁམས་པ་ལྷིང་འཇག་ཏུ་གཏང་དགོས། ཅེས་བཤད་ཡོད། རྒྱ་ནག་གི་གཙོ་འཛིན་ཅང་ཙི་མེ་ཡིས། བོད་དབུས་བརྟན་ལྷིང་དགོས་ན་དང་ཐོག་ཁམས་པ་བརྟན་ལྷིང་བཟོ་དགོས། ཞེས་དང། ཀྲུང་རུང་ཅི་ཡིས། ཁམས་པ་བདེ་འཇག་དགོས་ན་ཁམས་ཕྱོགས་ཀྱི་འགྲིམ་འགྲུལ་གཞུང་ལམ་ཁག་བདེ་མོ་བཟོ་དགོས། ཞེས་བརྗོད་ཡོད།
ཀྲུང་རུང་ཅི་ཡིས་སྐད་ཆ་དེ་འདྲ་བརྗོད་ཟིན་རྗེས་ཁམས་ཕྱོགས་སུ་གཞུང་ལམ་ཁག་ལེགས་བཟོའི་ཆེད་དུ་རྒྱ་ནག་གཞུང་གིས་རྒྱ་སྒོར་དུང་ཕྱུར་གོ་གཉིས་འགྲོ་སོང་བཏང་ནས་ཁམས་ཀྱི་ས་ཕྱོགས་གང་སར་གཞུང་ལམ་ལེགས་བཟོ་བྱས་པ་རེད་ཅེས་བཙན་འབྱོལ་བོད་མི་མང་སྤྱི་འཐུས་འབའ་སྐལ་བཟང་རྒྱལ་མཚན་ལགས་དང། ལོ་རྒྱུས་མཁས་དབང་བགྲེས་སོང་ལྡན་མ་འཇམ་དབྱངས་ཚུལ་ཁྲིམས་གཉིས་ཀྱིས་གསུངས། དེ་ཙམ་དུ་མ་ཚད། སྔ་མོ་མན་ཇུའི་སྐབས་སུ་བོད་དབུས་བསྐྱང་དགོས་ན་དང་ཐོག་ཁམས་པ་ལྷིང་འཇག་གཏང་དགོས་ཞེས་ཀྱང་བརྗོད་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ད་ཐེངས་ཤི་ཅི་ཧྥིས་ཀྱིས་ཁམས་པའི་ཕོ་རྒོད་འཛམ་གླིང་ན་སྐད་གྲགས་ཡོད་རེད་ཅེས་བརྗོད་པ་དེ་ནི་དོན་དངོས་མ་ཡིན་དགག་གི་སྐད་ཆ་ཞིག་ཡིན་པ་གསལ་པོར་གོ་ཐུབ།
2) གོང་བརྗོད་ལྟར། རྒྱ་ནག་གི་གཙོ་འཛིན་ཤི་ཅི་ཧྥིས་ཁམས་པའི་ཕོ་རྒོད་འཛམ་གླིང་ནང་སྐད་གྲགས་ཡོད་སྐོར་བརྗོད་དེ་ཉིན་ཤས་ཀྱི་རྗེས་སུ་བཙན་འབྱོལ་བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་མཆོག་གིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ཁམས་པའི་ལེའུ་ཚན་ནས་དེ་དང་འབྲེལ་ནས་གསུངས་དོན། ངས་རྒྱ་རིགས་སྙན་ངག་པ་དང་ཉམས་ཞིབ་པ་རྣམས་ཀྱིས་ཁམས་པའི་ཕོ་རྒོད་ཀྱི་སྐོར་ལ་བྲིས་པ་དེ་འདྲ་མང་པོ་ཞིག་མཐོང་མྱོང་ཡོད་པ་ལྟར་བཤད་ན། སྤྱིར་ཁམས་པའི་ཕོ་རྒོད་ཞེས་པ་སྐད་གྲགས་ཡོད་དོན་ནི། ཁམས་པའི་ཕོ་རྒོད་དེ་ཚོ་གཟུགས་སྟོབས་དང་ཕོ་རྩལ་འཛོམས་པ། དཔའ་བློ་ཁོག་ཆེན་པོ། མི་ཁ་རི་ཁ་ཐུག་དང་དྲང་པོ་དྲང་གཞག་ཡིན་པ། ཉམ་ཆུང་སྐྱོང་པ་མ་ཟད། རང་གི་གྲོགས་ཕུ་ནུའི་ཆེད་དུ་ཚེ་སྲོག་ཀྱང་བློས་གཏོང་བྱེད་ཐུབ་མཁན་དང། ཚུར་རྒོལ་གཉའ་གནོན་བྱེད་མཁན་གྱི་རིགས་ལ་གཏན་ནས་གཉའ་མི་སྒུར་མཁན་ཞིག་རེད། བླ་མ་རྣམས་ལ་གུས་བཀུར་ཞུ་མཁན། ཚོང་ལས་འཇོན་པོ་དང་དམག་འཁྲུག་སོགས་བྱེད་ཐུབ་མཁན་ཡིན་ལུགས་སོགས་བཤད་ཡོད། གཞན་ཡང་ཇཱར་མན་ཧི་ཊི་ལར་(Hitilar) གྱིས་ཀྱང་ཁམས་པ་དང་ཁོ་ཚོའི་མི་རིགས་དབར་མཉམ་བསྲེས་བྱས་ཏེ་མི་རིགས་ཁྱད་འཕགས་འོང་ཆེད་དོ་སྣང་བྱས་ཡོད་པ་རེད། ཅེས་གསུངས་འདུག
3) ཁམས་པའི་ཕོ་རྒོད་ཅེས་མཚན་སྙན་འཛམ་གླིང་ནང་གཟེངས་ཐོན་ཡོངས་སུ་གྲགས་པའི་རྒྱུ་རྐྱེན་དངོས་ནི། སྤྱིར་ཁམས་པ་མི་རིགས་འདིས་བོད་རྒྱལ་ཁབ་དང། མི་རིགས། ཤེ་ཡོན། ཆོས་དང་རིག་གཞུང་བཟང་པོ་ཁག་སྲུང་སྐྱོར་འགན་ཁུར་ཐད་དུས་རབས་རིམ་བརྒྱུད་ནས་ལྷག་བསམ་ལྷད་མེད་རང་དོན་བརྒྱ་ལས་ལྷར་པར་བསྒྲུབས་དང་སྒྲུབ་མུས་ཀྱི་ནམ་ཡང་ཞུམ་པ་མེད་པའི་སྙིང་སྟོབས་གཞན་ལས་ཁྱད་འཕགས་ཤིག་ཡོད་པ་དེ་ལས་བྱུང་བ་སྨོས་མེད་དང། ལྷག་དོན་དུ་ཁམས་པ་མི་རིགས་འདིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་གི་སྐུ་ཕྲེང་ན་རིམ་ལ་དད་ཞེན་ཁྱད་ཐོན་འགྱུར་མེད་གསེར་གྱི་རྡོ་རྗེ་ཇི་བཞིན་གནས་ཐོག ཉེ་ཆར་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུའི་ནང་དུ་ཤར་ཕྱོགས་དགྲ་བོ་རྒྱ་དམར་གུང་ཁྲན་ཏང་ཟེར་བས་བོད་དུ་དྲག་པོ་དམག་གིས་བཙན་འཛུལ་བྱེད་པའི་སྐབས་སུ་ཁམས་པའི་ཕོ་རྒོད་རྣམས་ཀྱིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་ནས་ལོ་ངོ་བཅུ་ཕྲག་རིང་རྒྱལ་མཚམས་ས་སྲུང་དམག་འཁྲུག་བྱས་པ་དང།
སྒོས་སུ་༸རྒྱལ་བའི་སྐུ་ཕྱྭའི་ཉན་སྲུང་གི་ཆེད་དུ་ལྷག་བསམ་ལྷད་མེད་དང། སྙིང་སྟོབས་རི་ཁུར་སོགས་ཡོད་ལུགས་ཁ་ཙམ་གྱིས་བཤད་པ་མ་ཡིན་པར་དོན་དངོས་ཐོག་འགན་སྲུང་གཞན་ལས་ཟུར་ཐོན་ལག་ལེན་གྲུབ་འབྲས་བླ་མེད་ཅིག་བསྒྲུབས་ཐོན་ནི། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸རྒྱལ་དབང་བཅུ་བཞི་པ་ཆེན་པོ་མཆོག་བསྟན་དགྲ་རྒྱ་དམར་ལག་འོག་ནས་ཉེས་སྐྱོན་ཕྲ་མོ་ཙམ་ཡང་མ་གོས་པར་ཁམས་དམག་རྣམས་ཀྱིས་བཙན་འབྱོལ་ནང་ཞབས་ཟུང་བདེ་འཁོད་ཐུབ་པའི་གྲུབ་དོན་བཟང་པོ་འཛམ་གླིང་མི་མང་ཡོངས་ཀྱི་མདུན་དུ། མིག་ཡོད་ཀྱིས་མཐོང་རྒྱུ་དང། མི་མེད་ཀྱིས་རེག་རྒྱུ་ཡོད་པ་ཟེར་བའི་དཔེ་ལྟར་དངོས་སུ་བཏོན་ཐུབ་པ་བྱུང་བ་དེའི་བྱས་རྗེས་བཟང་པོས་ཁམས་པའི་ཕོ་རྒོད་ཅེས་མཚན་སྙན་དེ་ཉིད་ཐོག་མར་ཐོགས་པར་ངེས་ཏེ།
དེ་ཡང་༸རྒྱལ་བའི་རང་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཤོག་གྲངས་ 161 ལས། ཁམས་པའི་སྐོར་འདི་ལྟར་གསུངས་ཏེ། “མི་མང་ཚོའི་དོན་དུ་ཐེངས་གཅིག་ངས་ཀྱང་ཁོང་ཚོའི་དྲག་རྒོལ་བྱེད་རྒྱུའི་བསམ་ཚུལ་དེ་དག་ནོར་འཁྲུལ་རེད་ཅེས་བརྗོད་པ་ཡིན། དེ་ལ་ཁོང་ཚོ་འདོད་བབས་བྱུང་མེད་ཤག་ཀྱང། དུས་མཐའ་སྡུག་པོ་འདི་འདྲ་མ་བྱུང་བར་ཁོང་ཚོས་ཕྲན་ལ་གུས་བརྩི་ཆེན་པོའི་ངང་བསྡད་པ་རེད། དེ་རྣམས་ཕྲན་རང་ངོས་ཀྱི་གཤིས་ཡོན་ལ་རང་བསྟོད་བྱས་པ་མིན་ཞིང། ཕྲན་ཏཱ་ལའི་བླ་མར་ངོས་བཟུང་གིས་ཁོང་ཚོས་གུས་བརྩི་དེ་ལྟར་བོད་ཚང་མས་བྱེད་ལུགས་ལྟར་བྱས་པ་ཞིག་ཡིན་པ་མ་ཟད། ཁོང་ཚོས་འཐབ་འཛིངས་བྱེད་པའི་དགོས་དོན་ཡང་གཅིག་ཕྲན་ལ་ཐུག་ཡོད་པ་རེད། ཅེས་དང།
ཡང་དེའི་གཤམ་དུ། ཁོང་ཚོས་སྲུང་སྐྱོབ་བྱེད་པའི་དམིགས་ཡུལ་རྩ་བ་ནི་ངོས་ཏཱ་ལའི་བླ་མ་ཡིན་པ་རེད།” ཅེས་གསུངས་འདུག་པ་འདིས་མཚོན་ནུས། མདོར་ན། ད་སྐབས་ཁམས་པའི་ཕོ་རྒོད་ཅེས་འཛམ་གླིང་ན་མཚན་སྙན་གྱིས་ཡོངས་སུ་གྲགས་པ་འདི་ནི་ཁམས་པའི་མི་རིགས་ཀྱིས་སྙིང་སྟོབས་དང་ལྷག་བསམ་སོགས་ཡོད་རྒུ་བསྟན་ནས་དགྲ་བོ་རྒྱ་དམར་གྱི་མདུན་ནས་སྐུ་སྲུང་ཞུས་པ་དང། ༸རྒྱལ་དབང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཀྱང་ཁམས་པའི་མི་རིགས་ཀྱིས་བོད་དང་ལྷག་པར་༸རྒྱལ་དབང་གང་ཉིད་ཀྱི་ཆེད་དུ་བཀའ་སྡུག་བླ་ལྷག་ཏུ་བརྒྱབ་པའི་སྐོར་ལན་གཅིག་ཙམ་མ་ཡིན་པར་ཡང་ནས་ཡང་དུ་གསུངས་པའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ཁམས་པའི་ཕོ་རྒོད་ཅེས་པའི་མཚན་སྙན་དེ་ཉིད་རང་བཞིན་གྱིས་ཐོགས་པ་སྨོས་མེད་རེད།
ཁམས་པའི་མི་མང་གིས་རྒྱ་ནག་གུང་ཁྲན་དམག་ལ་ངོ་རྒོལ་བྱེད་སེམས་ཀྱི་བརྒྱུད་རིམ་ནི། དེ་ཡང་༸རྒྱལ་བའི་རང་རྣམ་ 163 ལས། རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་ངོ་རྒོལ་བྱ་རྒྱུའི་བསམ་སྦྱོར་ཡོད་པ་དེ་ཇེ་ཆེར་ཕྱིན་འདུག་ཅེས་དང། བོད་ཤར་ཕྱོགས་ཀྱི་ཁམས་རིགས་མང་ཆེ་བ་བཟོད་སྲན་ཆེ་ཞིང། སེམས་ཐག་ཆོད་པོའི་ཐོག་ཅེས་སོགས་གསུངས་ཡོད། དེའི་བརྒྱུད་རིམ་ནི། རང་རྣམ་ལས། “དུས་སྐབས་དེའི་ཚེ་ (1956) རྒྱ་མིའི་དྲག་ཤུགས་ཀྱིས་བཟུང་པའི་བོད་ཤར་ཕྱོགས་ཀྱི་ས་ཁུལ་ནང་གནས་ཚུལ་ཇེ་སྡུག་ཇེ་ཞན་དུ་འགྱུར་བཞིན་ཡོད་པའི་གནས་ཚུལ་ཅི་རིགས་དེ་ཕྱོགས་ནས་གསར་འགྱུར་ནམ་འབྱོར་སྐབས་ཐོན་གྱི་ཡོད་པ་རེད། ལྷ་སར་ཆོ་འཕྲུལ་སྨོན་ལམ་གྱི་དུས་ཆེན་སྐབས་ལི་ཐང་དུ་དྲག་པོའི་འཐབ་འཛིངས་བྱུང་འདུག འོན་ཀྱང་འབྲི་ཆུ་ནུབ་བརྒྱུད་ཁོངས་ལྷིང་འཇགས་གནས་མུར། གྲ་སྒྲིག་ལྷན་ཁང་རྟེན་འབྲེལ་ཟིན་འཕྲལ་ཆབ་མདོར་ཆབ་མདོའི་དམག་དཔོན་དེས་བོད་ཀྱི་མི་དྲག་སུམ་བརྒྱ་ལྔ་བཅུ་ཙམ་ཞིག་ཚོགས་འདུར་འབོད་འགུགས་ཀྱིས་བརྗོད་གསལ། ད་ལྟ་བོད་དུ་གུང་ཁྲན་གྱི་བཅོས་སྒྱུར་སྐབས་སུ་མ་བབས་པས་རིམ་བཞིན་བྱ་དགོས་ཤིང། བོད་མི་མང་གི་བློ་མོས་མ་བྱུང་བར་བྱེད་མི་རུང་ཞེས་ཕྲན་ནས་བརྗོད་ལུགས་དང། ༸པཎ་ཆེན་བླ་མས་བཅོས་སྒྱུར་འཕྲལ་དུ་བྱ་དགོས་གསུང་ཚུལ་ཁོང་ཚོར་བརྗོད་ཅིང། ཚོགས་འདུ་དེས་དེ་གཉིས་ལ་གོ་བསྡུར་བྱས་ཏེ་ཆབ་མདོ་ས་ཁུལ་དུ་ལག་ལེན་ཇི་བྱེད་གདམ་ཀ་བྱེད་དགོས་པ་རེད།
ཉིན་མང་གོ་བསྡུར་བྱས་རྗེས་མི་བརྒྱ་སྐོར་ཞིག་ནས་ཕྲན་དང། བོད་མི་བྱིངས་ཀྱི་བཅོས་སྒྱུར་ནམ་བྱས་མཚམས་བྱ་རྒྱུ་དང། བཞི་བཅུ་སྐོར་ནས་བཅོས་སྒྱུར་འཕྲལ་དུ་དགོས་ཚུལ་བརྗོད་ཅིང། བཅོས་སྒྱུར་དལ་བུས་བྱེད་དང། འཕྲུལ་དུ་བྱེད་ཀྱི་གདམ་ཀ་ལས་སྤྲད་མེད་ཀྱང། མི་ཉིས་བརྒྱ་སྐོར་ནས་བཅོས་སྒྱུར་ནམ་ཡང་མ་དགོས་ཞེས་བརྗོད་པ་རེད། དམག་དཔོན་དེས་ཁོང་ཚོ་ཚང་མར་ཐུགས་རྗེ་ཆེ་ཞེས་དང། བཅོས་སྒྱུར་དུས་བབས་སུ་བྱ་རྒྱུ་བརྗོད་དེ་ཁོང་ཚོར་པར་དེབ། སྣག་སྨྱུག ཤོག་བུ། ཁྲུས་ཆས་སོགས་ཀྱི་ཕྱག་རྟགས་རེ་ཕུལ་ཏེ་ཚོགས་འདུ་གྲོལ་འདུག
ཟླ་ཆིག་ཙམ་གྱི་རྗེས། འཇོ་མདའ་རྫོང་དུ་དེ་ཁུལ་གྱི་བོད་མི་མགོ་བྱེད་ཚོ་འབོད་འགུགས་བྱས་ཏེ། ཁོང་ཚོ་རྒྱ་མིའི་དམག་མིས་བསྐོར་བསྲུངས་ཀྱིས་དམངས་གཙོའི་བཅོས་སྒྱུར་འཕྲལ་དུ་མགོ་འཛུགས་དགོས་རྒྱུར་མོས་མཐུན་དགོས་རྒྱུ་བརྗོད་འདུག་པ་དེ་ལ་བོད་མི་ཚོས། འབྲི་ཆུ་ཤར་བརྒྱུད་དུ་དམངས་གཙོའི་བཅོས་སྒྱུར་གྱིས་དཀའ་སྡུག་ཇི་བྱུང་དངོས་མཐོང་བྱུང་སྟབས་ང་ཚོར་དེ་འདྲའི་བཅོས་སྒྱུར་ནམ་ཡང་མི་དགོས་ཞེས་དང་ལེན་མ་བྱས་སྟབས་རྒྱ་མིས་མཐའ་ནན་གྱིས་བདུན་གཉིས་ཙམ་རིང་དམག་སྒར་དེ་ནང་བཀག་ཅིང། དེ་མཚམས་སུ་བོད་མི་མགོ་བྱེད་ཚོས་ངག་ཐོག་ནས་ཁས་ལེན་མི་བྱ་མཐུ་མེད་དུ་གྱུར་ཏེ་ཁས་ལེན་བྱས་པར་བརྟེན་རྒྱ་མིས་ཁོང་ཚོར་བརྗོད་གསལ་ད་ཆ་ཁྱོད་ཚོར་རང་རང་ས་གནས་སོ་སོར་བཅོས་སྒྱུར་དྲིལ་བསྒྲགས་བྱེད་པར་གཏོང་རྒྱུ་ཡང། སྔར་འཕྲོས་ཁྱོད་རང་ཚོས་དེའི་སྐོར་སློབ་སྦྱོང་ཕྲན་བུ་བྱ་དགོས་ཞེས་བརྗོད་འདུག
ཁོང་ཚོས་བཅོས་སྒྱུར་ཁས་ལེན་བྱས་སྟབས་རྒྱ་མིའི་དམག་གི་སྐོར་སྲུང་བ་ཚོ་ཕྲན་བུ་ལྷིང་འཇགས་བྱུང་ཞིང། སློབ་སྦྱོང་མགོ་འཛུགས་ཀྱི་སྔ་ནུབ་བོད་མི་མགོ་བྱེད་ཉིས་བརྒྱ་ལྷག་ཙམ་དམག་སྒར་ནང་ནས་བྲོས་སྐྱོད་རི་འཛེག་བྱས་པ་རེད།
བློ་སྣ་ཐུང་ཐུང་གི་རྩུབ་སྤྱོད་མི་འདོད་དབང་མེད་དུ་བྱས་མཚམས་ས་གནས་ཀྱི་མགོ་བྱེད་དེ་ཚོ་རྒྱ་མིས་འཇབ་དམག་གི་གྲལ་དུ་བཅུག་ཅིང། ཁྲིམས་འགལ་བྱེད་མཁན་ཚོ་རང་ཁྱིམ་དུ་ཕྱིར་ལོག་བྱས་ན་འཛིན་བཟུང་བྱ་རྒྱུ་བྱས་པའི་གནས་ཚུལ་འདི་ཁོང་ཚོས་ཀྱང་ཤེས། རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་ངོ་རྒོལ་བྱ་རྒྱུའི་བསམ་སྦྱོར་ཡོད་པ་དེ་ཇེ་ཆེར་ཕྱིན་འདུག རང་ཉིད་སྲུང་སྐྱོབ་བྱ་རྒྱུའི་གོ་ལག་ནི་རྒྱ་མིའི་ས་ནས་འཕྲོག་བཅོམ་ཇི་ཐུབ་ལ་རག་ལུས་པར་བརྟེན་རང་འདོད་ཡིན་མིན་ལ་མ་ལྟོས་པར་དྲག་པོའི་འཐབ་འཛིང་བྱེད་དགོས་བྱུང། བོད་ཤར་ཕྱོགས་ཀྱི་ཁམས་རིགས་མང་ཆེ་བ་བཟོད་སྲན་ཆེ་ཞིང། སེམས་ཐག་ཆོད་པོའི་ཐོག གངས་བྲག་དང། ནགས་ཚལ་གྱིས་ཁེངས་པའི་རི་རྒྱུད་ཚོའི་གནས་ལུགས་ཀྱང་གསལ་ཤེས་ཡོད་སྟབས། འཇམ་དམག་གི་ལས་ཀར་དངོས་སུ་ཞུགས་ཏེ། ༡༩༥༦ གི་ལོ་སྟོད་ནས་བཟུང། ཁོང་ཚོས་རྒྱ་མིའི་འགྲུལ་ལམ་དང། འབབ་ཚུགས་ཁག་ལ་རྒོལ་བཅོམ་བྱས་པའི་ལོ་རྒྱུས་གོ་ཐོས་བྱུང།
ཁོ་བོའི་མཐོང་སྣང་ལ་ཁོང་ཚོ་ནི་འུ་ཐུག་བཟོད་བྲལ་གྱི་གནས་ཚུལ་འོག ཕུ་ཐག་རིང་པོའི་གནད་དོན་ལ་བསམ་བློ་ཆེར་མེད་པ་ལྟ་བུ་ཞིག་ཡིན་ཞིང། ཕན་ཚུན་དབར་ཤར་བགྲོད་མི་ཐུབ་པའི་རི་རྒྱུད་དེ་ཚོའི་ནང་ཁོང་ཚོ་ལོ་མང་སྡོད་ཐུབ་རེ་ཙམ་མ་ཟད། རྒྱ་མིས་ཁོང་ཚོ་འདོན་མི་ཐུབ་ལ་ཁོང་ཚོས་ཀྱང་རྒྱ་དམག་གཏོར་བཅོམ་ཐུབ་པ་དཀའ། འོན་ཀྱང། དེ་ལྟར་ཡུན་རིང་གནས་ན་ངལ་སྡུག་མྱོང་མཁན་ནི་བོད་མི་ཚོ་དང། དེའི་ནང་ནས་ཀྱང་རྒན་བྱིས་དང། བུད་མེད་རྣམས་རེད།
གང་ཅིའི་གནས་སྟངས་ལོ་ཤས་གོང་ལས་ཆེས་སྡུག་ཏུ་ཕྱིན་ཡོད་པ་དེར་ཕྲན་ནི་ཧ་ཅང་བློ་ཕམ་བྱུང་ཞིང། མི་དགའ་མི་འདོད་པའི་དབང་སྒྱུར་བྱེད་པ་དེ་དག་སྲིད་ཚབ་ཟུང་དགོངས་ཞུ་བྱེད་བཅུག་པ་ནས་མཚམས་ཆོད་ཟིན་པར་བསམ་གྱི་ཡོད་ཀྱང། དེའི་ཚུལ་ལྷག་དང་བཅས་པ་ཞིག་ཡང་བསྐྱར་མགོ་ཚུགས་ཤིང། དེ་བར་རྙོག་གླེང་རྣམས་ཞི་བའི་ལམ་ནས་འགྲིགས་པའི་འབད་བརྩོན་ཇི་བྱས་ལ་གྲུབ་འབྲས་གང་ཡང་མ་བྱུང་ཞིང། མིང་ཙམ་གྱི་རང་སྐྱོང་གྲ་སྒྲིག་ལྷན་ཚོགས་དེ་ཡང་དབང་གཞུ་མངོན་པར་བཀྲ་བ་ཞིག་དང་མཚུངས་ཤིང། ཤར་ཕྱོགས་ས་ཁུལ་ཀླ་ཀློའི་སྤྱོད་ཚུལ་ཐབས་རྡུགས་ཤིག་ཏུ་གྱུར་ཟིན་པ་དང། བོད་དབུས་ཁུལ་དུ་ཡང་ཕལ་ཆེ་བས་དྲག་པོའི་ངོ་རྒོལ་བྱ་རྒྱུར་སེམས་ཐག་གཅོད་མཁན་ཇེ་མང་དུ་གྱུར། ཕྲན་རང་ཉིད་ནི་དྲག་རྒོལ་བྱ་རྒྱུར་འདོད་པ་མེད་པ་དང། དེས་ཕུགས་ཕན་མི་ཐུབ་ཀྱང། ཏཱ་ལའི་བླ་མའི་ཆོས་སྲིད་ཟུང་འབྲེལ་གྱི་མགོ་ཁྲིད་འོག་བོད་དུ་ལོ་སུམ་བརྒྱ་ལྷག་ཙམ་རིང་བདེ་སྐྱིད་ཀྱི་འཚོ་བར་སྤྱད་པ་དེ་དག་ད་ཆ་འཕོ་འགྱུར་འོང་ཉེན་ཆེ་བས། མི་མང་གིས་དྲག་རྒོལ་བྱེད་པ་དེར་ངས་ཆོས་སྲིད་གཉིས་ཕྱོགས་ནས་འགོག་ཐབས་བཀོད་ཁྲིད་བྱས་པ་དང་བྱེད་མུས་དེ་ལྟར་ཡང།“ ཞེས་གསལ།
4)གཞན་ཡང་ཁམས་པའི་མི་རིགས་འདིའི་གཤིས་སྤྱོད་དྭངས་གཙང་ཞིག་ཡིན་པའི་སྐོར་༸རྒྱལ་དབང་བཅུ་བཞི་པ་མཆོག་གིས། སྔོན་མ་ང་ཆུང་དུས་ཁམས་པ་སྐུ་སྲུང་བ་ཞིག་ཡོད། ཁོང་གིས་ཞེ་སོའི་སྐད་ཆ་ཤོད་སྲོལ་མེད། འོན་ཀྱང། ཁོང་གི་སེམས་སུ་བདག་ལྟ་བུ་ལ་མཚོན་ན་བརྩེ་བའི་ཤ་ཚ་ལྷད་མེད་ཅིག་ཡོད་པ་རེད། དཔེར་ན། ཐེངས་ཤིག་ང་ཁམས་པའི་སྐུ་སྲུང་བ་དེའི་ཕྱོགས་སུ་དཔེ་ཆ་ལྟ་ནས་ཡུན་རིང་སྡོད་སྐབས། ང་ས་ཐོག་ཏུ་སྡོད་ན་མི་འགྲིགས་པར་བསམ་ནས། ཁམས་པའི་སྐུ་སྲུང་བ་དེས་གདན་ཞིག་ངའི་རྩ་ལ་འཁྱེར་འོངས་ཏེ། རྐུབ་ཡར་ཁྱོགས་ཨང། ངས་གདན་ཞིག་འདིང་འོང། ཞེས་བརྗོད་བྱུང། དེ་ནི་ཁོང་གིས་ཞེ་སོ་རྒྱག་སྲོལ་མེད་ཀྱང་ང་ལ་སེམས་གཏིང་ནས་བརྩེ་བའི་ཤ་ཚ་དྭངས་གཙང་ཞིག་ཡོད་པར་མཚོན་གྱི་ཡོད། ཅེས་གསུངས།
5) གཞན་ལས་ཁྱད་དུ་འཕགས་པའི་ཁམས་པའི་མི་རིགས་ཀྱི་སྙིང་སྟོབས་འདི་བཞིན་འབྱུང་རྩ་ནི། དེའི་སྐོར་བསམ་རྣོ་ཡུན་རིང་ནས་བཏང་ཞིང། གུས་པ་བདག་ལྟ་བུ་ལ་དེའི་སྐོར་ངེས་ཤེས་ཅུང་ཟད་རྙེད་པ་ནི་འདི་ལྟར་ཏེ། དེ་ཡང་ཕྱི་ལོ་ ༨༤༢ ནས་བོད་སྤྱི་ལ་དབང་པའི་བཙན་པོའི་དུས་རིམ་མཇུག་བསྒྲིལ་སོང་བ་དང། ཕྱི་ལོ་ ༨༤༢ རྗེས་ནས་ཕྱི་ལོ་ ༡༢༥༣ བར་ལོ་བཞི་བརྒྱ་བཅུ་གཅིག་རིང་བོད་ཡུལ་འདིར་སྨད་ཨ་མདོ་ནས་སྟོད་ལ་དྭགས་བར་འབངས་གྱེན་ལོག་སྡུག་པ་ཅན་དུ་མ་བྱུང་བ་དང། དེ་ནས་བོད་ཡུལ་འདི་གཅིག་གྱུར་གྱིས་སྐྱོང་ཐུབ་མཁན་སུ་ཡང་མ་བྱུང་བའི་རྐྱེན་གྱིས་བོད་ཡུལ་འདི་སྤྱིར་ན་སྟོད་སྨད་བར་གསུམ་དང། དེ་དག་རེ་རེའི་ནང་དུའང་དུམ་བུ་ཆུང་ཆུང་ཉུང་མཐའ་ལའང་བཞི་བཅུ་ནས་བདུན་ཅུ་ལྷག་ཙམ་གྱུར་ཅིང། དུམ་བུ་ཆུང་ཆུང་དེ་དག་གི་ནང་ལའང་ཕུ་མདའ་ཡུལ་འབྲོག་གི་དབར་དང། ལ་ཕར་རྒྱབ་ཚུར་རྒྱབ་ཀྱི་སྡེ་ཚོའི་དབར་ལྟ་བུ་གྲོང་ཁྱེར་དང། གྲོང་རྡལ། མཐའ་ན་གྲོང་ཚོ་རེ་རེ་ནས་ཀྱང་རང་མགོ་ཅི་ཐོན་ཁེར་སྡོད་ཀྱིས་སིལ་བུར་ཐོར་སོང་བ་ཞིག་རེད།
གནས་སྟངས་དེ་འདྲ་ཞིག་གི་སྐབས་སུ་བོད་སྤྱི་ཚོགས་ནི་ལུང་པ་ཆེན་པོ་དང། འབྲིང། ཆུང་ངུ་སོགས་ལུང་ཚན་གང་ཞིག་ཡིན་རུང་སོ་སོ་སྒེར་གྱི་དབང་ཤུགས་ཇི་ཡོད་ཀྱི་མཐུ་དཔུང་ཁོ་ནར་བརྟེན་ནས་འཚོ་སྡོད་བྱེད་པ་ལས་གཞན་ཐབས་ཤེས་དང་བྲལ། བོད་སིལ་བུ་འཐོར་ནས་སྨད་ཨ་མདོ་ནས་སྟོད་ལ་དྭགས་བར་དུ་སྤྱི་ལ་དབང་བའི་རྒྱལ་པོ་དང་ཁྲིམས་སྲོལ་མེད་རྐྱེན་ཡུལ་ལུང་ཕན་ཚུན་སོགས་ནང་འཁྲུག་ཆེ་ཆུང་སྣ་ཚོགས་མི་བྱེད་མཁན་ཕལ་ཆེར་སུ་ཡང་མེད་པ་ལྟ་བུ་ཞིག་རེད། གནས་སྟངས་སྡུག་པ་ཅན་དེ་འདྲ་ཞིག་ཉུང་མཐའ་ལ་ཕྱི་ལོ་ ༦༤༢ ནས་ད་བར་དུ་བྱུང་ཡོད་ཅེས་བརྗོད་ན་མི་འགྲིག་པ་མེད་ཅིང། དེའི་རིང་ལ་སྤྱིར་བཏང་གོང་བརྗོད་ལྟར་བོད་ཡུལ་ཀུན་ཏུ་འཁྲུག་འཛིང་གི་རྒྱུན་ཆད་པ་མེད་ཀྱང། ཡུལ་ལུང་སོ་སོ་རང་ས་རང་སྲུང་གི་ཆེད་དུ་སྐབས་དེ་དང་འཚམ་པའི་དགྲ་ལ་རྒོལ་རྡུང་གི་ཆེད་དུ་དཔའ་སྙིང་སྟོབས་རྩེར་སོན་གྱི་སྤྱི་ཚོགས་སློབ་གསོ་ཡག་ཤོས་དེ་ཁམས་པ་མི་རིགས་འདིའི་ནང་དུ་སྤྲད་ཐུབ་པ་བྱུང་ཡོད།
སློབ་གསོ་དེ་ལ་བརྟེན་ནས་ལུང་ཚན་སོ་སོ་དང། དེ་ལས་ཆེ་བ་ཁམས་ཕྱོགས་སྤྱི། དེ་ལས་ཀྱང་ཆེ་ས་བོད་རྒྱལ་ཁམས་སྲུང་པའི་ཕན་ནུས་རླབས་ཆེན་ཞིག་ཐོན་ཡོད་པ་དངོས་མཐོང་ལག་ཟིན་ཡིན། བོད་ཡུལ་ཀུན་ལས་ཁམས་པའི་མི་རིགས་ཀྱི་དཔའ་སྙིང་སློབ་གསོ་འདི་བཞིན་ཁྱད་པར་འབུར་ཐོན་དུ་བྱུང་བ་གཅིག་པུ་མ་ཡིན་པར། ཤེས་ཡོན་དང། ལྷག་བསམ། ལ་རྒྱ་སོགས་གང་ཅིའི་ཐད་ནས་སྤྱི་ཚོགས་སློབ་གསོ་གཏིང་ཟབ་ཅིག་ཐེབས་ཡོད་ཀྱང། སློབ་གསོ་དེ་དག་གི་ནང་ནས་དམག་འཐབ་དཔའ་སྙིང་གི་སློབ་གསོ་དེ་སྤྱི་ཚོགས་སུ་མངོན་ཚན་ཆེ་ཤོས་ཤིག་ཏུ་གྱུར་སོང་བ་རེད།
ཁམས་པས་རྒྱལ་དོན་དམག་འཁྲུག་སོགས་ཇི་བྱས་སྐོར། སྤྱིར་བཏང་སྔ་ཕྱི་བར་གསུམ་དུ་ཁམས་པས་རྒྱལ་དོན་དམག་འཁྲུག་ཆེ་ཕྲ་མང་དུ་བྱས་པ་འདི་ན་གླེང་ཚར་ཐབས་མེད་ཀྱང། སྐབས་བབ་འཛམ་གླིང་འདིར་ཁམས་པའི་ཕོ་རྒོད་ཅེས་པའི་མཚན་སྙན་འདི་བཞིན་ཐོགས་པའི་རྒྱུ་རྐྱེན་དངོས་དང་འབྲེལ་བའི་ཐོག་ནས་དམག་འཁྲུག་ཇི་བྱས་སྐོར་༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག་གི་རང་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ནང་དུ་གང་གསལ་བ་ཁག་ཅིག་གཤམ་གསལ། མཛད་རྣམ་གྱི་ལེའུ་དགུ་པའི་ནང་དུ་ཁམས་པའི་མི་རིགས་དང་འབྲེལ་ཏེ་གསུངས་པ། “སྲིད་བྱུས་དེ་དག་ལག་ལེན་དུ་བཀལ་ཏེ་ང་ཚོའི་གཞུང་གི་ལས་དོན་ཇི་འདྲ་ཞིག་བྱས་ཀྱང་གྲོས་མཐུན་དོན་ཚན་བཅུ་བདུན་དང་མཐུན་པ་དང། ནང་གི་རང་དབང་འབྱུང་ཐབས་ལ་འབད་བརྩོན་གང་ཐུབ་བྱས་པ་ཡིན། ཐོག་མའི་ཆར་རྒྱ་མིའི་རྣམ་འགྱུར་གསལ་རྟོགས་མ་བྱུང་ཡང། རྗེས་སུ་རྒྱ་མིའི་བསམ་ཚུལ་དུ་ངོས་ལ་ཕྱི་རྒྱལ་གྱི་ཤུགས་རྐྱེན་ཐེབས་པར་ལྟ་བའི་གནས་ལུགས་རིམ་བཞིན་གསལ་རྟོགས་བྱུང། ཁོ་བོ་རྒྱ་གར་དུ་སྡོད་ཤུལ་རིང་མི་མང་ནས་རྒྱ་མིར་ཁོང་ཁྲོའི་རྣམ་འགྱུར་སྟོན་སྟངས་ལྷ་སའི་ཕྱི་ནང་དུ་ཁྱབ་འཕེལ་བྱུང་བ་མི་རིང་བར་ཤེས་རྟོགས་བྱུང་ཞིང། དེའི་རྒྱུ་མཚན་གཙོ་བོ་ནི་བོད་ཤར་ཕྱོགས་ཀྱི་མི་རྣམ་ནུབ་ཕྱོགས་སུ་བཙན་འབྱོལ་དུ་འོང་གི་ཡོད་པ་དེའི་རྐྱེན་གྱི་ཡིན་ཞིང། བཙན་འབྱོལ་བ་སྟོང་ཕྲག་མང་པོ་ནས་རང་གཞུང་སྲུང་སྐྱོབ་ཀྱི་དོན་དུ་ལྷ་སའི་ཉེ་སྐོར་དུ་སྡོད་སྒར་ཆགས་ཏེ་གནས་ཡོད་པ་རེད། འབྲི་ཆུ་ཤར་བརྒྱུད་བོད་རིགས་ས་ཁུལ་དུ་རྒྱ་མིའི་ལྟ་སྤྱོད་ལག་ལེན་བྱེད་ཆེད་ལས་ཐབས་ཧ་ཅང་ཐ་ཆད་མི་སྤྱོད་ལས་འདས་པ་ཇི་བྱས་ཁོང་ཚོའི་ས་ནས་ཤེས་རྟོགས་བྱུང་སྟེ། རིང་པོར་མ་ལྟོས་པར་བོད་ས་གཞན་དག་ལ་ཡང་དེ་བཞིན་ལག་བསྟར་བྱ་དོགས་ཚང་མར་བློ་གཡེང་ཆེན་པོ་བྱུང་ཞིང། དེ་ལྟར་མི་མང་གི་མི་འདོད་པའི་བསམ་ཚུལ་རྣམས་རིམ་བཞིན་ཤུགས་ཚད་ཇེ་མཐོ་ཇེ་མཐོར་འགྱུར་སྐབས་རྒྱ་མིའི་རྣམ་འགྱུར་ནི་ཡ་མཚན་ཞིག་བསྟན་འདུག ཁོ་བོ་བོད་དུ་མ་ལོག་བར་རྒྱ་མིས་ངའི་བཀའ་བློན་ཚོར་བརྩི་མཐོང་ཚུལ་མཐུན་བྱས་ཤིང། ཚོགས་འདུའི་སར་བཀའ་ཤག་ལ་བརྗོད་གསལ། བོད་ནང་གི་བཅོས་སྒྱུར་སྐོར་བོད་མིས་བློ་གཡེང་བྱེད་ཀྱི་ཡོད་པ་རྒྱ་ནག་གཞུང་ནས་ཤེས་ཀྱི་ཡོད། མི་མང་གི་འདོད་པ་དང་མ་བསྟུན་པར་སྒྱུར་བཅོས་བྱེད་འདོད་མེད་གཤིས། ལོ་དྲུག་རིང་སྒྱུར་བཅོས་འགྱངས་པ་ཡིན་ཞེས་བརྗོད་འདུག གནས་ཚུལ་དེ་དག་ནིའུ་ལྡི་ལིར་(New Delhi) ངེད་ནས་ཀྲའུ་ཨན་ལན་ལ་གླེང་མོལ་བྱས་པའི་འབྲས་བུ་ཡིན་མིན་གང་ལྟར་མི་མང་གི་ཁོང་ཁྲོའི་བློ་འཚབ་ཞི་བ་ལ་ཕན་ནུས་འོང་པར་ཕྱིས་དྲག་པ་ཡིན།
དེ་ལྟར་བཅོས་མའི་མཛའ་གྲོགས་ཀྱི་རྣམ་འགྱུར་སྟོན་པའི་མུར། མི་མང་འདུ་འཛོམས་ཤིག་སར་རྒྱ་མིས་བཀའ་ཤག་ཏུ་གོ་བསྡུར་མ་བྱས་པར་བརྗོད་གསལ། བོད་ཤར་ཕྱོགས་ས་ཁུལ་འགར་རྒྱ་མིའི་དབང་སྒྱུར་ལ་ངོ་རྒོལ་བྱེད་མཁན་ཡོད་པ་དེ་དག་གནོན་སྡོམ་ཐུབ་པའི་གྲ་སྒྲིག་ཆ་ཚང་ཡོད་ཅེས་བརྗོད་པ་དེས་བཀའ་བློན་རྣམས་བློ་འཚབ་ཆེན་པོར་གྱུར། དེ་ཡང་ཁམས་པས་ངོ་རྒོལ་བྱེད་ཀྱི་ཡོད་པ་བཀའ་ཤག་གིས་ཤེས་ཀྱི་ཡོད་ཀྱང། མི་མང་ལ་གསལ་པོར་ཁྱབ་བསྒྲགས་བྱེད་དགོས་པའི་གལ་འགངས་ཆེན་པོ་དེ་འདྲ་བྱེད་པ་ཇི་ཡིན་མི་ཤེས་པ་ཞིག་རེད།
དེ་ནས་རྒྱུ་མཚན་འདི་ཡིན་མེད་པར་གློ་བུར་རྒྱ་མིས་མཛའ་གྲོགས་ཀྱི་རྣམ་པ་བསྒྱུར་ཏེ་འཇིགས་སྣང་གི་སྡིགས་ར་བསྐུལ་བ་དང།་ཚིག་རྩུབ་བརྗོད་པ་སོགས་སྔར་གྱི་བཙན་དབང་བྱེད་སྟངས་དེ་བས་ངན་པ་ཞིག་ཡང་སྐྱར་བྱེད་པའི་མགོ་ཚུགས།
ཁོ་བོ་རྒྱ་གར་གྱི་ལྟ་སྐོར་ཟིན་རྗེས་སྐུ་ཞབས་ནེ་རུར་ལྷ་སར་གདན་ཞུའི་སྙན་སེང་ཞིག་ཞུས་པ་ཡིན། དེའི་རྒྱུ་མཚན་ནི། ཕྲན་ལ་རྒྱ་གར་ནང་ཁོང་གིས་སྣེ་ལེན་གང་ཟབ་གནང་བ་དེའི་དྲིན་ལན་འཇལ་རྒྱུའི་ཆེད་ཙམ་དུ་མ་ཟད། བོད་ནང་ཁུལ་གྱི་གནས་ཚུལ་རྣམས་ཁོང་གིས་ཐད་ཀར་གཟིགས་རྟོགས་ཐུབ་པའི་ཆེད་དུའང་ཡིན། ཁོང་གིས་དེ་ལ་ཞལ་བཞེས་གནང་ཞིང། རྒྱ་མིས་ཀྱང་ཐོག་མའི་ཆར་དེ་ལ་འདོད་བབ་ཡོད་མེད་ཇི་ལྟར་དགག་ཆ་གང་ཡང་བྱས་མ་བྱུང། དེ་ལ་རྒྱ་མི་རྣམས་ཕྱི་རྒྱལ་གྱི་མི་སྣ་སྲིད་དོན་མཁན་དེ་རིགས་ཁོ་རང་ཚོའི་བྱ་སྤྱོད་ལ་རྟོག་ཞིབ་བྱེད་དུ་འཇུག་ཐབས་མེད་སྟབས་རྗེས་སུ་ཇི་ལྟར་བྱེད་མིན་ལམ་ཙམ་ཚོད་དཔག་ཐུབ་པ་ལྟ་བུ་ཞིག་ཡོད་པ་ལྟར། ཁོང་ཕེབས་དུས་སུ་མ་གཏུགས་ཙམ་ལ་རྒྱ་མིས་བརྗོད་གསལ། ཁོང་ལ་བོད་མིས་དགའ་བསུ་བྱེད་མིན་མི་རྟོགས་ཤིང། ཇི་བྱེད་མ་ངེས་པས་ཁོང་གི་བདེ་འཇགས་སྐོར་འགན་ཁུར་མི་ཐུབ་ཟེར། བོད་མིས་ཁོང་ལ་བོད་སྐྱོབ་སྲུང་མཁན་ལྟ་བུའི་འདུ་ཤེས་ཀྱིས་དགའ་བསུ་ངེས་པར་ཞུ་རྒྱུ་ཡང། རྒྱ་མིའི་བཙན་འོག་ནས་ཅི་བྱ་མེད་པར་ཁོ་བོའི་གདན་ཞུ་ཕྱིར་འཐེན་མི་བྱེད་མཐུ་མེད་བྱུང་སྟེ་བརྩེ་ཞེན་དང། སློབ་སྟོན་གྱི་འབྲེལ་ཐག་དབང་མེད་དུ་གཅོད་དགོས་བྱུང།
གོང་སྨྲོས་ལྟར། རིམ་བཞིན་བཙན་འབྱོལ་བ་ཚོའི་ས་ནས་བོད་ཀྱི་ཤར་བྱང་ས་ཁུལ་དུ་གནས་ཚུལ་ཤིན་ཏུ་ཐབས་སྡུག་བྱུང་ལུགས་རྣམས་གོ་རྟོགས་འོང་གི་ཡོད་ཀྱང། ལོ་རྒྱུས་ཞིབ་གསལ་ཆ་ཚང་བ་ཇི་མ་ཇི་བཞིན་ཞིག་ད་ལྟ་ཡང་ཤེས་རྟོགས་དཀའ་བ་ཡིན། བཙན་འཛུལ་མགོ་འཛུགས་བྱས་པ་ནས་བཟུང་རྒྱ་མིའི་དབང་སྒྱུར་འོག་ཚུད་པའི་ས་ཁུལ་ཁག་ཏུ་ཁམས་རིགས་རིའི་ལོགས་སུ་གནས་སྡོད་འཇབ་དམག་མཁན་བརྒྱ་ཕྲག་འགའ་ཤས་ནས། སྟོང་ཕྲག་བཅུ་གྲངས་སུ་རིམ་འཕེལ་དུ་ཕྱིན་ཏེ། ཁོང་ཚོས་རྒྱ་མིའི་དཔུང་དམག་ལ་དུས་སྐབས་ངེས་མེད་ཀྱི་འཐབ་རྒོལ་ཐེངས་གྲངས་མང་པོ་བྱས་ཡོད་ཅིང། རྒྱ་མིའི་དཔུང་དམག་གིས་འབོམ་དང། ལྕི་བའི་མཚོན་ཆའི་རིགས་དུ་མ་བེད་སྤྱོད་ཀྱིས་འཇབ་དམག་མཁན་ཙམ་དུ་མ་ཟད། ཁོང་ཚོར་འབྲེལ་གྲོགས་བྱས་པར་དོགས་པའི་གྲོང་དང། གྲོང་གསེབ། དགོན་ཁག་ཏུ་གནས་པའི་སེར་སྐྱ་མི་མང་འགལ་ཉེས་ཡོད་མེད་ཚང་མར་དྲག་གནོན་མི་བཟད་པ་བྱས་འདུག་པར་བརྟེན། གྲོང་གསེབ་དང། དགོན་ཁག་ཚོ་གཏོར་བཤིག་ཆེན་པོར་གྱུར། བླ་མ་དང། མི་མང་གི་མགོ་ཁྲིད་སྐྱ་བོ་དྲག་པ་ཚོར་དམའ་འབེབས་དང་བཙོན་འཇུག་བྱས་ཏེ་རིམ་བཞིན་མནར་གཅོད་ཀྱིས་སྡུག་གསོད་བཏང།
ས་ཞིང་བཙན་འཕྲོག་དང། རྩ་ཆེའི་སྐུ་གསུང་ཐུགས་རྟེན་རིགས་གཏོར་བཅོམ་རྐུ་འཕྲོག་བྱས། ཆོས་ཟེར་བ་འདིས་མི་མང་ལ་གཉའ་གནོན་བཤུ་གཞོགས་བྱེད་པའི་གཞི་རྟེན་བྱས་ལུགས་དང། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རང་ཉིད་ལོག་སྤྱོད་པ་ཡིན་ཚུལ་སོགས་སྦྱར་ཡིག་དང། གསར་ཤོག་ཁག་ཐོག་བྲིས་ཏེ་དྲིལ་བསྒྲགས་རྒྱ་ཆེ་བྱས་ཤིང། སློབ་གྲྭ་ཁག་ཏུའང་སྤེལ་འགྲེམས་འགྲེལ་བཤད་ཟབ་ནན་བྱས་འདུག རྒྱ་སྡེའི་ས་ཁུལ་དུ་དཔར་འདེབས་བྱས་པའི་གསར་ཤོག་དེ་ཚོའི་གྲས་ངོ་མ་དང། ངོ་བཤུས་འགའ་ཤས་ལྷ་སར་འབྱོར་ཏེ་ཚོད་བགམ་པའི་སླད་དུ་དངོས་བརྒྱུད་ཅི་རིགས་པའི་སྒོ་ནས་རྒྱ་བོད་ལས་བྱེད་པའི་ལག་ཏུ་སོན་པར་བྱས་ཏེ་ཡོད་སྐབས་གནས་ཚུལ་དེ་ལ་བོད་མི་ཚོ་འདོད་བབ་མེད་པའི་རྣམ་འགྱུར་ཆེན་པོ་བཟོད་དཀའ་བ་ཞིག་ནགས་ལ་མེ་མཆེད་པ་ལྟ་བུའི་གནས་སུ་གྱུར་སྟབས་ཧ་ཅང་མངོན་གསལ་ཐལ་ཆེའི་སྐྱོན་འགྱུར་བྱས་དོགས་ཀྱིས་མི་མང་རྒྱ་ཆེར་ཁྱབ་གདལ་མ་བྱུང་གོང་དེ་མ་ཐག་གསར་ཤོག་རྣམས་ཕྱིར་བསྡུ་ཐུབ་ཐབས་ཀྱི་ཆེད་དུ་གསར་ཤོག་རེར་རྒྱ་མིའི་དངུལ་རྡ་སྒོར་ལྔ་རེ་སྤྲད་དེ་ཕྱིར་ཉོས་བསྡུ་ཚགས་བྱས་ཤིང།
རྒྱ་མིས་མེས་རྒྱལ་ཟེར་བ་རྒྱ་ནག་ཁོངས་བོད་མི་རྣམས་རང་མོས་ཀྱིས་ཞུགས་པའི་ཐབས་ཤེས་བྱེད་ཀྱི་ཡོད་ཚེ་བོད་ཤར་ཕྱོགས་ས་ཁུལ་དུ་ལག་ལེན་བྱེད་ཕྱོགས་དེས་ཐབས་ཤེས་དེ་དག་མཚམས་འཇོག་བྱས་པ་ལྟ་བུ་རེད། བོད་མི་རྣམས་ལ་འཇིགས་སྐྲག་བསྐུལ་ཏེ་ཁས་ལེན་བྱེད་དུ་འཇུག་མི་ཐུབ། འདི་ཕྱི་ཁས་ལེན་ཞིང། ཆོས་ལ་གཙིགས་སུ་བྱེད་པའི་མི་དག་གིས་རྩ་ཆེར་འཛིན་པའི་ལུང་རྟོགས་ཀྱི་ཆོས་ལ་ཁོང་ཚོས་ངོ་རྒོལ་བྱེད་པ་དེ་ནི་སྨྱོན་པའི་སྲིད་བྱུས་ལྟ་བུ་ཡིན་ཞིང། དེའི་འབྲས་བུར་བོད་ཀྱི་ངོ་ལོག་པའི་བསམ་སྦྱོར་གྱི་ནུས་ཤུགས་དང། གཞི་རྒྱ་ཇེ་ཆེར་ཕྱིན་པ་རེད།
ཕྲན་ལྷ་སར་ལོག་རྗེས་ཡུན་མི་རིང་བར་འབྲི་ཆུ་ནུབ་བརྒྱུད་ཀྱི་ཆབ་བྲག་ (ཆབ་མདོ་དང། བྲག་གཡབ།) སྨར་ཁམས་སོགས་བོད་ཤར་ཕྱོགས། བྱང་ཤར། ཤར་ལྷོ་བཅས་ཀྱི་ས་ཁུལ་གང་སར་མི་མང་ནས་གོ་མཚོན་འཆང་ཞིང་དྲག་པོའི་ངོ་རྒོལ་གྱི་ལས་རྩོམ་བྱེད་བཞིན་ཡོད་པ་དང། ཞི་འཇམ་གྱི་ཐབས་ཤེས་ལ་རེ་སྒུག་ཏུ་གནས་པ་ནི་བོད་ནུབ་ཕྱོགས་དང། དབུས་ཕྱོགས་ས་ཁུལ་ཉུང་ཉུང་ཞིག་ཡིན།
དུས་སྐབས་དེའི་སྐོར་ལ་ཁོ་བོས་ལྷ་སར་ཡོད་པའི་རྒྱ་མིའི་དམག་དཔོན་འགའ་ཤས་ལ་བོད་ཤར་ཕྱོགས་ས་ཁུལ་དུ་ཟིང་འཁྲུག་པ་ཉུང་ཤས་ལ་ཁག་འདོགས་ཀྱིས་ཡུལ་དགོན་སྡེ་ཁྱིམ་ལ་གནམ་གྲུས་སྒྱོགས་དང། འབོམ་འཕེན་པ་འདི་ནི་ཞི་བདེའི་མི་མང་སེར་སྐྱར་དྲག་གནོན་བྱེད་པ་ཤིན་ཏུ་མི་འོས་པ་ཞིག་ཡིན་ལུགས་བརྗོད་རྒྱུ་བྱུང་ཞིང། དེ་འདྲའི་གླེང་མོལ་བྱེད་སྐབས་འཕྲལ་དུ་མཚམས་འཇོག་བྱེད་རྒྱུའི་ཁས་ལེན་བྱས་ན་ཡང། ལག་ལེན་ནི་སྔར་བཞིན་མུ་མཐུད་བྱས་པ་མ་གཏོགས་འགྱུར་བ་གཏན་ནས་འོང་གི་མི་འདུག
ལྷ་སར་བོད་ཤར་ཕྱོགས་ཁམས་དང། ཨ་མདོའི་མི་གྲངས་ཉུང་མཐར་ཁྲི་ལྷག་ཙམ་ཡོད་ཁོངས་ནས་ཉུང་ཤས་ཤིག་སྔོན་འབྱོར་རྒྱུན་དུ་སྡོད་པ་ཡིན་ཡང། ཕལ་མོ་ཆེ་ནི་གསར་འབྱོར་བཙན་འབྱོལ་བ་ཤ་སྟག་ཡིན། རྒྱ་མིར་དྲག་པོའི་ངོ་རྒོལ་མགོ་འཛུགས་བྱེད་མཁན་བོད་ཤར་ཕྱོགས་པ་ཡིན་སྟབས་དེ་དག་ལ་རྒྱ་མིས་དགྲ་ལན་བྱས་དོགས་ཀྱིས་ཁོང་ཚོར་སྲུང་སྐྱོབ་འོང་པ་ཞེས་མི་མང་ནས་བཀའ་ཤག་ཏུ་སྙན་འབུལ་ཞུས་ཤིང། རྒྱ་མིའི་དམག་དཔོན་ཚོས་སྤྱིར་བཏང་བོད་ཤར་ཕྱོགས་པའི་མི་ཚོར་དགྲ་ལན་མི་བྱེད་པའི་ཁས་ལེན་ཐུབ་ཚུལ་བརྗོད་སྟབས་བཀའ་ཤག་ནས་ཁམས་པའི་མགོ་བྱེད་ཆེད་འབོད་ཐོག་ཁོང་ཚོའི་བློ་གཡེང་ཞི་ཐབས་བྱས་ཤིང། འོན་ཏེ་ཁོང་ཚོའི་བློ་གཡེང་ཡུད་ཙམ་ལས་ཞི་ཐབས་མ་བྱུང་བར་བརྟེན་བརྟན་ཆའི་སླད་དུ་ཁམས་པ་ཨ་མདོའི་མི་མང་ལ་ཉེས་འགེལ་མི་བྱེད་པའི་ལུགས་མཐུན་ཁས་ལེན་ཡི་གེ་ཞིག་རྒྱ་མིའི་ས་ནས་ལེན་རོགས་ཞེས་བཀའ་ཤག་ཏུ་བརྗོད་འདུག་པར། རྒྱ་མིས་ཁས་ལེན་གྱི་ཡི་གེ་དེ་འདྲ་ཞིག་ཁྱབ་བསྒྲགས་བྱས་ན་དེ་དག་རིམ་བཞིན་རྒྱ་གར་དུ་འབྱོར་ཏེ་རྒྱ་མིའི་ངོ་གདོང་ཉམས་དམས་འོང་རྒྱུ་ཞེས་རྒྱུ་མཚན་གང་བྱུང་རང་དགར་བཀོད་དེ་ཁས་ལེན་གྱི་ཡི་གེ་མ་སྤྲད་པ་རེད།
དེར་བརྟེན་བཀའ་ཤག་ནས་རྒྱ་མིའི་ངག་ཐོག་གི་ཁས་ལེན་དེ་དག་བཀའ་ཤག་གིས་ཡིག་ཐོག་ཏུ་བཀོད་རྒྱུ་མ་གཏོགས་བྱེད་ཐབས་བྱུང་མི་འདུག རིང་མིན་རྒྱ་མིའི་ཁས་ལེན་དེ་དག་སོར་གནས་རྒྱུན་སྐྱོང་མེད་པ་རྣམ་ཀུན་དང་འདྲ་བར་དོན་སྟོང་ཡིན་པའི་བཟོ་ཆེ་འགའ་ཤས་བྱུང་ཐོན་ནི། བདུན་འགའ་ཤས་རྗེས་ཁམས་རིགས་ཀྱི་སྡོད་གུར་ནང་རྒྱ་མིའི་ལས་བྱེད་ཕྱིན་ཏེ་མི་ཐོ་བཀོད་དེ་སོ་སོའི་སྔར་ཕན་གྱི་ལོ་རྒྱུས་ཕྲ་ཞིབ་བྲིས་བཀོད་བྱས་འདུག་པ་དེ་ནི་ད་ཕན་མ་བྱས་པའི་ལས་དོན་ཡིན་པར་བརྟེན་ཁམས་རིགས་རྣམས་ལ་ཡང་སྐྱར་བློ་བག་མི་ཕེབས་པ་ཇེ་ཆེར་གྱུར་འདུག ཁོང་ཚོའི་བསམ་པར་དེ་ནི་འཛིན་བཟུང་བྱ་རྒྱུའི་ལས་དོན་གྱི་ཐོག་མ་ཞིག་ལ་བརྟེན་ད་ཆ་ལྷ་སར་བསྡད་ན་སྐྱོབ་ཐབས་མེད་ཅིང། གང་བྱུང་ལག་མགོ་རྩིས་སྤྲོད་བྱ་ཐབས་མེད་པས་དེ་མཚམས་ཟང་ཟིང་ཐལ་ཆ་ཇི་འོང་མ་ངེས་སྟབས། དེ་བས་ལྷ་ཁུལ་ནས་ཕྱིར་ཐོན་བྱ་རྒྱུ་སེམས་ཐག་ཆོད་དེ་ཡུལ་སྤོས་བྱེད་མགོ་བཙུགས་ཤིང། དགོང་མོར་ཚོ་ཁག་ཚོ་ཁག་ཏུ་བྱས་ནས་རིམ་ཐོན་གྱིས་རི་ལ་འཛེགས་ཏེ་བསྐྱོད། འགའ་ཤས་ནས་ནང་མི་ཚོ་ཡང་མཉམ་དུ་ཁྲིད་འདུག མང་ཆེ་བ་ནི་རིམ་བཞིན་འཇབ་དམག་ཁོངས་སུ་ཞུགས་ཏེ་ཕྱིར་ཐོན་མཐར་ལྷ་སར་ཉུང་ཤས་ཙམ་ལས་མེད། དེར་རྒྱ་མི་ཁོང་ཁྲོ་རབ་ཏུ་འབར་ཏེ་བཀའ་ཤག་ཏུ་གླེང་བསུན་མང་པོ་བཟོས། གནས་ཚུལ་དེ་ལྟར་འགྱུར་བར་བརྟེན་ཕྲན་ཡང་བློ་གཡེང་ཆེ་ཁར། ཅི་བྱ་གཏོལ་མེད་ཀྱི་དཀའ་ཚེགས་ཀྱང་ཇེ་ཆེ་ཇེ་སྡུག་ཏུ་གྱུར། ལྷག་བསམ་གཅིག་ཏུ་དཀར་བའི་འཇབ་དམག་མཁན་ཚོར་ཁོ་བོའི་མཐོང་ཚུལ་བཟང་པོ་ཡོད་དེ། ཁོང་ཚོས་ཆོས་དང། རང་ཡུལ་སྐྱོབ་ཐབས་སུ་རང་དང་བུ་ཕྲུག་གི་ལུས་སྲོག་ཀྱང་བློས་གཏོང་ཕོད་པའི་སྙིང་སྟོབས་ཆེ་ཞིང། བོད་ཤར་ཕྱོགས་ས་ཁུལ་དུ་བྱུང་བའི་རྒྱ་མིའི་སྤྱོད་ཚུལ་ངན་པ་དེ་དག་སུ་ཞིག་གིས་ཐོས་ཀྱང་རང་བཞིན་གྱིས་ཞེ་སྡང་སྐྱེ་བ་ནི་སྤྱིར་བཏང་འགྲོ་བ་མིར་གྱུར་ཚད་ལ་འོང་སྲིད་པ་ཞིག་ཡིན་པ་མ་ཟད། ཁོང་ཚོས་ཏཱ་ལའི་བླ་མར་བླ་སློབ་དང་རྗེ་འབངས་ཀྱི་དམ་ཚིག་ལར་རྒྱ་བཟུང་སྟེ་རྒྱ་མིར་རྒོལ་འཛིངས་བྱེད་ཀྱི་ཡོད་པ་དང། ཁོང་ཚོས་སྲུང་སྐྱོབ་བྱེད་པའི་དམིགས་ཡུལ་རྩ་བ་ནི་ངོས་ཏཱ་ལའི་བླ་མ་ཡིན་པ་རེད། འོན་ཀྱང་ངས་རྩོད་གླེང་མི་བྱེད་ཐབས་མེད་བྱུང།
དུས་ཀྱི་འགྱུར་བ་འདི་ལྟ་བུའི་གནས་སྐབས་སུ་མ་ཧ་མ་གྷན་དྷིས་སློབ་སྟོན་གསར་པ་ཇི་འདྲ་ཞིག་གནང་འོང་སྙམ་སྟེ་ཁོ་བོའི་ཡིད་སྔར་བཞིན་རཱ་ཇི་གྷ་ཊའི་ཕྱོགས་སུ་ཡང་ཡང་སོང། ཁོ་བོའི་བསམ་པར། ཁོང་གིས་ད་དུང་འཚེ་མེད་ཀྱི་ལམ་དུ་ཞུགས་དགོས་ཞེས་སློབ་སྟོན་གནང་ངམ། ཕེལ་ཆེར་དེ་རང་གསུང་ངེས། ང་ཚོར་འཚེ་བ་ཇི་འདྲ་ཞིག་བྱུང་ཡང་དེའི་ལན་དུ་འཚེ་བ་བྱས་ན་གཏན་ནས་མ་འགྲིགས་པ་ཡིན། ལག་ལེན་གནས་ཚུལ་དངོས་བྱུང་ལ་གཞིགས་ན་ཡང། བོད་མིས་ཕར་རྒོལ་བྱས་ན་བོད་ཤར་ཕྱོགས་ཁུལ་ལ་རྒྱ་མིས་མནར་གཅོད་ཚབས་ཆེན་ཇི་ལྟར་བྱས་པ་དེ་བཞིན་བོད་ས་ལྷག་ལུས་རྣམས་ལའང་ངེས་པར་འོང་གི་རེད། དེས་ན་བོད་ཀྱི་ཡུལ་ཕྱོགས་གཞན་དག་ལ་ཤར་ཕྱོགས་ཀྱི་གནས་ཚུལ་ལས་སྡུག་པའི་དགྲ་འཐབ་མི་འབྱུང་བའི་ཆེད་དུ་བོད་མི་ཚོས་མཚོན་ཆ་མི་བཟུང་བ་དང། རྒྱ་མིར་གཙེར་བསུན་མི་བྱེད་པ་ངེས་པར་དགོས་པར་བསམས་ནས་བཀའ་ཤག་ལ་ཁམས་རིགས་མགོ་བྱེད་ཚོར་ངེད་ཀྱི་བསམ་ཚུལ་གོང་དོན་རྣམས་བརྗོད་དགོས་མངགས་ཤིང། བཀའ་ཤག་ནས་འདི་སྐོར་འཇབ་དམག་གི་མགོ་བྱེད་ཚོར་འཕྲིན་སྐྱེལ་བྱེད་ཆེད་སེར་མོ་བ་གསུམ་དང། སྐྱ་བོ་གཉིས་ཡོད་པའི་ཚོགས་ཆུང་ཞིག་གོ་སྒྲིག་བྱས་པའི་ཐོག། འཇབ་དམག་ཚོའི་གོ་མཚོན་ཅམ་འཇོག་བྱ་ན་རྒྱ་མིས་གང་ཡང་མི་བྱེད་པའི་ཁས་ལེན་གྱི་མགྲིན་ལན་དང། གནས་འཕྲིན་ཡང་བསྐུར་བ་རེད། རྒྱ་མིའི་ཁས་ལེན་དེའི་གོ་དོན་ལ་ཁོང་ཚོས་གོ་མཚོན་མ་བཞག་ན་དེ་ལན་འཇལ་རྒྱུའི་རྣམ་འགྱུར་བསྟན་ཞིང། རྒྱ་མིའི་ཐོག་མའི་རེ་འདོད་ལ་ཁོང་ཚོས་ཁས་ལེན་དེ་ལྟར་བྱས་རྗེས་ཁམས་རིགས་ཚོའི་གོ་མཚོན་ཡོངས་རྫོགས་དངོས་སུ་རྩིས་སྤྲོད་དགོས་ཀྱི་ཡོད་འདུག་ཀྱང། ཁམས་རིགས་སུ་འདྲ་ཞིག་གིས་ཀྱང་དེ་ལ་བློ་མོས་བྱེད་ཐབས་མེད་པ་བཀའ་ཤག་གིས་ཤེས་ཀྱི་ཡོད་སྟབས་དེ་ལྟར་མི་དགོས་པའི་རྒྱ་ཕྱོགས་ལ་བབ་གསེས་གོ་བསྐོན་མང་པོ་བྱས།
སྐབས་དེར་ཁོ་བོ་རྒྱ་མིའི་དམག་དཔོན་ཀྲང་ཅིན་ཨུ་དང། ཀྲང་གོ་ཧ། ཐན་ཀོན་སན་སོགས་དང་བྱེད་དཀའ་ངལ་བསུན་ཤིན་ཏུ་ཆེ་བའི་གླེང་མོལ་ལན་མང་བྱུང། ཁོང་ཚོའི་བརྗོད་བབ་དང། གནས་ཚུལ་ངོ་མ་གཉིས་འབྲེལ་མེད་ཐ་དད་ལྟ་བུ་འདུག ཁོང་ཚོ་ནམ་འཕྲད་སྐབས་རྒྱ་གར་དུ་ཀྲའུ་ཨན་ལན་ནས་ཁས་ལེན་བྱས་པ་རྣམས་སྐྱར་ཟློས་བྱེད། ཉུང་མཐར་ལོ་དྲུག་ནང་བོད་དུ་སྒྱུར་བཅོས་གང་ཡང་མི་འབྱུང། དེའི་རྗེས་སུ་ཡང་མི་མང་གི་འདོད་པར་མེད་ན་ཨུ་ཚུགས་གང་ཡང་མི་བྱེད་ཅེས་ཟེར་ཡང། བོད་ཤར་ཕྱོགས་ས་ཁུལ་དུ་མི་མང་གི་རེ་འདོད་གསལ་པོ་དེ་ལྟ་བུར་མ་བསྟུན་པའི་བཙན་ཤེད་དུས་སྐབས་དེ་རང་དུ་བྱས་དང་བྱེད་བཞིན་ཡོད་པ་རེད། ཡང་ན། རྒྱ་མིས་བོད་ཤར་ཕྱོགས་ས་ཁུལ་དེ་དག་རྒྱ་ནག་གི་ཁོངས་གཏོགས་ལས་བོད་ཁོངས་མིན་པའི་བསམ་ཚུལ་བཅོས་བཟུང་བྱས་པའམ། བསླུ་བྲིད་རེ་སྟོང་ཙམ་སྐྱེ་བའི་དོན་དུ་ཁོང་ཚོས་ཁས་ལེན་ཡང་ཡང་བྱས་པ་མིན་ནམ།
དེ་ནས་གློ་བུར་དུ་རྒྱ་མིའི་སྲིད་བྱུས་ཇེ་རྩུབ་ཏུ་གྱུར། ད་བར་བོད་ཤར་ཕྱོགས་ཁུལ་འཇབ་དམག་མཁན་ལ་འཐབ་རྩོད་བྱེད་མཁན་དང། ས་ཁུལ་གཞན་དག་ལ་ཉེན་ཁ་འོང་ས་ནི་རྒྱ་དམག་ཡིན་ཡང། ད་ཆ་རྒྱ་མིས་བརྗོད་གསལ། ཁམས་རིགས་རྒོལ་འགོག་ཆེད་བོད་གཞུང་ནས་འགུལ་སྐྱོད་བྱེད་དགོས་ཤིང། དེ་ཡང་བོད་ཀྱི་དམག་དཔུང་བཏང་སྟེ་ངོ་ལོག་པ་རྩ་མེད་བཟོ་དགོས། རྒྱ་མིས་དཔུང་སྣོན་དང། དགོས་མཁོ་བཏང་འཐུས་ཟེར་བ་དེ་ལ་བཀའ་ཤག་ནས། བོད་དམག་དཔུང་སྟོབས་ཆུང་ཞིང། སློབ་སྦྱོང་དང་དགོས་མཁོ་མི་ལྡེང་བ། ལྷ་སའི་བདེ་འཇགས་སྲུང་དམག་ཀྱང་དགོས་པ་མ་ཟད། ད་དུང་གལ་གནད་ཆེ་ཤོས་སུ་བོད་དམག་གིས་འཇབ་དམག་དང་ལག་སྦྲེལ་མི་བྱེད་པའི་ཁས་ལེན་ཡང་གཏན་ནས་བྱེད་མི་ཐུབ་ཚུལ་སོགས་གསལ་བཤད་བྱས་ཤིང། ཁོ་བོས་བལྟས་ན་ཡང། དེ་ལྟར་མི་འབྱུང་བའི་ངེས་པ་གཏན་ནས་མེད་པར་བསམས་བྱུང། བོད་མི་གཞན་དག་ནས་རང་ཡུལ་སྲུང་སྐྱོབ་བྱས་པའི་འགལ་ཉེས་ལ་བསྙད་དེ་བོད་དམག་རྣམས་བོད་མིར་དགྲ་འཐབ་བྱེད་དུ་གཏོང་རྒྱུར་གཟུར་གནས་ཀྱི་སྐྱེ་བོ་སུ་ཞིག་གི་ཡིད་ཡུལ་ཙམ་དུ་ཡང་འཆར་མི་སྲིད་པ་ཞིག་སྟེ། མཐར་བཀའ་ཤག་ནས་རྒྱ་མིའི་བཀོད་བྱུས་གལ་གནད་ཆེ་བ་དེ་ཉིད་ཉམས་ལེན་མ་བྱས་པར་མི་འཇོག་མཐུ་མེད་བྱུང་འདུག
རྒྱ་མི་ཚོར་གལ་གནད་ཆེ་ཆུང་མཉམ་བསྲེས་ཀྱི་བྱེད་སྟངས་ཡ་མཚན་ཞིག་ཡོད། ཁོང་ཚོས་འུ་ཐུག་གི་གནས་ཚུལ་དེ་འདྲའི་སྐབས་རྒྱ་མིར་མཚོན་ཆ་བཟུང་སྟེ་ངོ་རྒོལ་བྱེད་མཁན་སྐོར་འགྲེལ་བཤད་བྱེད་དུས་ལོག་སྤྱོད་པ་ཟེར་དགོས་ཞེས་ཨུ་ཚུགས་བྱེད་ཀྱི་ཡོད། རྒྱ་དམར་ཚོས་ཚིག་དེར་དམིགས་བསལ་གྱི་གོ་དོན་ཡོད་པའི་འདུ་ཤེས་བྱེད་ཀྱང། ང་ཚོར་ནི་དེ་རིགས་གང་ཡང་མེད། གཞུང་དང། གཞན་དག་ཚང་མས་ཚིག་དེ་འཇབ་དམག་གི་མིང་ཚབ་ཏུ་བེད་སྤྱོད་བྱེད་ཁུལ་བྱས་པ་རེད། རྒྱ་མིའི་ཡིད་ངོར་ཚིག་དེ་དམོད་ཚིག་མཐར་ཐུག་ཡིན་ཁུལ་ཡིན་ཤག་ཀྱང། ང་ཚོས་ནི་བསྟོད་བསྔགས་ལྟ་བུར་བེད་སྤྱོད་བྱས། ང་ཚོ་དང་ཁམས་རིགས་སོགས་བོད་མི་ནང་ཁུལ་མིང་ཚིག་ཇི་འདྲ་ཞིག་བརྗོད་རུང་བློ་ངོར་རྣམ་རྟོག་གི་ཁྱད་པར་མེད་ན་ཡང། ཁོ་བོས་ཡིག་བརྗོད་འགའ་ཞིག་ཏུ་ཚིག་དེ་འཆར་ཅན་ལྟར་བཀོད་པ་རྗེས་སུ་ཕྱི་རྒྱལ་དུ་ཡོད་པའི་ངའི་གྲོགས་པོ་ཚོ་མགོ་རྨོངས་ཐབས་སུ་རྒྱ་དམར་གྱིས་བེད་སྤྱོད་ཤུགས་ཆེ་བྱས་འདུག“ ཅེས་གསལ།
༸རྒྱལ་བའི་མཛད་རྣམ་ལེའུ་བཅུ་པའི་ནང་དུ་ཁམས་པའི་མི་རིགས་དང་འབྲེལ་ཏེ་གསུངས་པ་ཁག་ཅིག ཕྱི་ལོ་ ༡༩༥༩ ལོར་ཡིན་པ། “སྨོན་ལམ་གྲོལ་ཏེ་དགེ་འདུན་བྱིངས་ཕྱིར་ཕེབས་ཟིན་ཀྱང། སྟོང་ཕྲག་རེ་ཟུང་ཡོད་པ་དང། ཁམས་རིགས་བཙན་འབྱོལ་འོངས་པ་སྟོང་ཕྲག་འགའ་ཤས་ཡོད། རགས་བརྩིས་བྱས་ན་སྐབས་དེར་ལྷ་སའི་ནང་མི་གྲངས་སྟོང་ཕྲག་བརྒྱ་སྐོར་ཡོད་ཅིང། འབོར་ཚད་དེ་དག་གྲོང་ཁྱེར་དེར་བྱུང་བ་མཐོ་ཤོས་ཡིན་སྲིད།“ ཅེས་དང། ཡང་། བཀའ་བློན་གཉིས་རྒྱ་མིའི་དམག་སྒར་དུ་༸རྒྱལ་དབང་མཆོག་དམག་སྒར་ནང་དུ་ཕེབས་མ་ཐུབ་པའི་རྒྱུ་མཚན་གསལ་བཤད་བྱེད་དུ་ཕེབས་འབྱོར་སྐབས། དམག་དཔོན་ཐན་ཀོན་སིན་ཁོང་ཁྲོ་རབ་ཏུ་འབར་བའི་ངང་ནས་ཚིག་རྩུབ་ཀྱི་བརྗོད་པ་དང་ཁམས་པའི་སྐོར་ཇི་བཤད་མཛད་རྣམ་དུ་འདིར་ལྟར་འཁོད་དེ། “རྒྱ་མིའི་དམག་དཔོན་ཐན་ཀོན་སིན་གྱིས། རྣམ་ཀུན་མི་དྲག་གི་ནང་དུ་བེད་སྤྱོད་མི་བྱེད་པའི་རྗོད་ཚིག་སྡུག་པོ་མང་པོ་བཤད་འདུག བརྗོད་དོན་སྙིང་པོ་ནི་བོད་གཞུང་ནས་ལྐོག་ཏུ་མི་མང་སྒྲིག་འཛུགས་བཟོས་ཏེ་རྒྱ་མིའི་མགོ་བྱེད་ཚོར་ངོ་རྒོལ་བྱེད་བཅུག་པ་དང། ཁམས་པའི་ངོ་ལོག་པར་ཡང་རོགས་རམ་བྱས་ལུགས། བོད་ཀྱི་དཔོོན་རིགས་ཚོས་ལྷ་ཡོད་ཁམས་པའི་མཚོན་ཆ་བསྡུ་འགོག་རྒྱ་མིའི་ངག་བཀོད་དང་ལེན་གྱིས་མ་བྱས་པར་ད་ཆ་རྒྱ་མིའི་དབང་སྒྱུར་གནོན་རྒྱུའི་འཆར་རྩིས་སྡུག་པོ་རྒྱག་གི་ཡོད་ལུགས་སོགས་བརྗོད་ཅིང། དམག་དཔོན་གཉིས་ནས་ཀྱང་དེ་དང་ཕྱོགས་མཐུན་ལྟ་བུ་བརྗོད་འདུག གཅིག་གིས་བརྗོད་གསལ། ལོག་སྤྱོད་པ་ཚང་མ་གཏོར་རྒྱུའི་དུས་ལ་བབ་ཡོད། ད་བར་ང་ཚོའི་གཞུང་ནས་བཟོད་སྒོམ་བྱས་ཡོད་ཀྱང། ད་ལམ་བྱེད་སྤྱོད་ནི་དངོས་སུ་ངོ་ལོག་བྱས་པར་བརྟེན་ང་ཚོས་གཡོ་འགུལ་བྱེད་རྒྱུར་ཁྱོད་ཚོ་གྲ་སྒྲིག་གིས་སྒུག་སྡོད་ཅིག་ཅེས་བརྗོད་འདུག
བརྗོད་བབ་དེ་དག་ལ་བཀའ་བློན་ཚོས་ད་ལམ་མི་མང་གི་ངོ་རྒོལ་འདི་དག་འཕྲལ་དུ་མཚམས་ཆོད་མ་བྱུང་ན་དྲག་གནོན་བྱ་རྒྱུའི་ཐ་ཚིག་ལྟ་བུར་གོ་ཞིང། ཏཱ་ལའི་བླ་མའི་སྐུ་སྲོག་དང། རྩ་དོན་གང་ཅིར་ཉེན་ཁ་ཆེན་པོར་མཐོང་བ་དང། གལ་སྲིད་ཏཱ་ལའི་བླ་མར་ཉེས་སྐྱོན་བྱུང་ན་སྐབས་ཤིག་བོད་དུ་གང་ཡང་མ་ལྷག་པ་འོང་རྒྱུའི་བསམ་བློ་འཁོར་ཞིང། ཁོང་ཚོས་བཟོད་ཁུར་བྱེད་ཐབས་ཀྱིས་བཀའ་བློན་བགྲེས་པོ་བཤད་ཟུར་ནས་དམག་དཔོན་དེར་བརྗོད་གསལ། ཁྱེད་ཚོས་བོད་མི་དམངས་དཀྱུས་ཚོའི་གནས་ལུགས་ཤེས་རྟོགས་ཐུབ་པ་བྱ་དགོས་ཤིང། བཟོད་སྒོམ་བྱ་དགོས། ཛ་དྲག་གི་གནས་ལུགས་འདི་དག་ཁྱེད་ཚོས་ཇེ་སྡུག་ཏུ་གཏང་མི་རུང། ཁམས་པའི་ཁྲིམས་འགལ་དང། བོད་མི་མང་གླེན་རྨོངས་ཚོས་རྒྱ་དམག་ལ་རྒོལ་འཛིང་བྱེད་སེམས་འདི་དག་ཞི་འཇགས་འོང་རྒྱུར་བཀའ་ཤག་ནས་གང་ཐུབ་ཀྱིས་ཐབས་ཤེས་བྱ་འཐུས་ཞེས་ཁས་ལེན་བྱས་འདུག་ཀྱང། རྒྱ་མིའི་དམག་དཔོན་ཚོས་ཁས་ལེན་དང་སློབ་སྟོན་དེ་དག་དང་ལེན་བྱས་མི་འདུག“ ཅེས་དང། ཡང་དེའི་ནང་དུ། “དེ་ནས་ཕོ་བྲང་གི་ཉེ་སྐོར་དུ་ཛ་དྲག་གི་རྣམ་འགྱུར་ཆེན་པོ་ཡོད་པ་དང། ལྕགས་རི་ནང་མའི་ཕྱི་ལོགས་སུ་ཁོང་ཁྲོ་དང། དངངས་སྐྲག་ཅན་གྱི་མི་མང་འབོར་ཆེན་སྡོད་ཅིང། ཕལ་ཆེ་བས་གྲི་དབྱུག་སོགས་གང་བྱུང་གི་མཚོན་ཅ་འཁྱེར་བ་དང། ཁོང་ཚོའི་ཁྲོད་དམག་མི་དང། ཁམས་པ་གང་འཚམས་ཡོད་པ་ཚོར་མེ་མདའ་དང། འཕྲུལ་མདའ་ཆེ་བའི་རིགས་བཅུ་སྐོར་ཙམ་ཡོད། གལ་ཏེ་ཐད་ཀར་དངོས་སུ་ལག་འཛིང་ལྟ་བུ་འབྱུང་ན་བོད་མི་གཅིག་དང། རྒྱ་མི་བཅུ་གཉིས་ཙམ་དོ་མཉམ་འོང་གི་རེད། གནས་ཚུལ་དེའི་ར་སྤྲོད་ནི་ཉེ་ཆར་ཤར་ཕྱོགས་ཀྱི་ས་ཁུལ་ཁག་ཏུ་བྱུང་ཡོད་འདུག འོན་ཀྱང་རྒྱ་མིའི་གོ་མཚོན་ནུས་པ་ཆེན་པོ་དེ་དག་གི་མདུན་སར་དཔའ་བོ་ལག་རྡུམ་ལྟར་བོད་མིའི་དཔའ་རྩལ་སྙིང་པོ་མེད་པར་གྱུར། བོད་མི་ཚོ་ལ་ངོས་སྲུང་སྐྱོབ་བྱ་རྒྱུའི་སེམས་ཤུགས་ཁོ་ན་ལས་དམག་འཐབ་ནུས་པའི་གོ་མཚོན་གང་ཡང་ཡོད་པ་མ་རེད།“ ཅེས་དང། ཡང་དེའི་ནང་དུ། “ཁོ་བོ་ཅག་གིས་ཚོ་ཁག་ཆུང་ངུ་བཟོས་ཏེ་འགྲོ་རྒྱུ་བྱས། ཐོག་མར་སྐྱིད་ཆུ་བརྒལ་དགོས། གཙང་པོའི་བྱང་ཕྱོགས་སུ་ནོར་གླིང་དང། རྒྱ་མིའི་སྡོད་སྒར་ཡས་མས་ས་ཁད་ཉེ་བས་ལྷོ་ཕྱོགས་སུ་མ་གཏོགས་ཐར་རེ་མེད།
དགོན་པ་ཞིག་གི་སྤྱི་མཛོད་ཅིག་ང་ཚོ་མཉམ་དུ་ཡོད་པ་ཁོང་གཙང་པོའི་ཕ་རོལ་ཏུ་བཞོན་རྟ་དང། ཟླ་བོ་གྲ་སྒྲིག་གི་ཆེད་དུ་བཏང། དགྲ་ཞི་དམག་སྒར་གྱི་མདའ་དཔོན་རྡོ་རྗེ་དགྲ་འདུལ་ནས་བོད་དམག་བརྒྱ་སྐོར་ཞིག་ཁྲིད་དེ་ནོར་གླིང་གི་ལྷོ་ཤར་ས་གནས་གཙང་ཆུ་བརྒལ་བགྲོད་བདེ་བའི་ས་ཕྱོགས་སུ་སྔོན་ཐོན་བྱས། འཆར་དོན་འདིའི་ཐོག་མའི་ཆར་ཡང་གནས་ཚུལ་སྡུག་པོ་ཞིག་འབྱུང་ཉེན་བྱུང་འདུག ཁོང་ཚོས་མ་ལེ་ཕྱེད་ཙམ་གྱི་ས་ལས་མ་བགྲོད་པར་རྒྱ་དམག་འགའ་ཤས་ས་གནས་དེ་རང་དུ་འགྲོ་བ་མཐོང་འཕྲལ་མེ་མདེལ་ལྔ་ཙམ་འཕངས་འདུག་ཅིང། དེ་ནི་གློ་བུར་གྱི་བསམ་སྤྱོད་ཅིག་ཡིན་པ་དེ་གས་སྲུང་སྐྱོབ་ཐུབ། རྒྱ་མིས་གཙང་པོའི་ཉེ་སྐོར་དུ་གོ་མཚོན་ཅན་གྱི་ཁམས་དམག་ཡོད་པ་ཤེས་ཀྱི་ཡོད་པ་དང། མུན་ནག་ནང་ཚོ་ཁག་དེ་དག་རིགས་ཇི་ཡིན་དང། ཆེ་ཆུང་ཇི་བཞིན་མ་རྟོགས་པར་རྒྱ་མི་ཚོས་ཉེ་འགྲམ་གྱི་རང་སྒར་དུ་ཕྱིར་ལོག་བྱས་ཚོད་འདུག“ ཅེས་གསལ།
མཛད་རྣམ་ལེའུ་བཅུ་གཅིག་པའི་ནང་དུ་ཁམས་པའི་སྐོར་གསུངས་པ། གོང་ལོའི་ཟླ་གསུམ་པའི་ནང་དུ་ཡིན་པ། “ང་ཚོས་ཀོ་བའི་ཐོག་གཙང་ཆུ་བརྒལ་སྐྱོད་བྱས་པའི་གཙང་པོ་ཆུའི་ཕ་རོལ་ཏུ་འབྱོར་སྐབས་སྐྱེད་མ་སོགས་དེར་ངལ་གསོ་བཞིན་སྡོད་ཚོད། ཡོངས་འཛིན་རྣམ་གཉིས་དང། བཀའ་བློན་སོགས་ཀྱང་གང་མགྱོགས་ཕེབས་འབྱོར་བྱུང། ཁོང་རྣམ་ནི་ནོར་གླིང་ནས་རླངས་འཁོར་ཆེན་པོ་རས་ཀྱིས་བཀབ་པ་ཞིག་ནང་གབ་ནས་གཞུང་ལམ་ཐོག་ཤར་ཕེབས་ཀྱིས་བདེ་སྐྱིད་གླིང་ཁའི་འཁྲིས་ཀྱི་ལམ་ཆུང་ནས་རྟ་དང། ཞབས་ཐང་གིས་ཕེབས། ཆུ་ཁར་ཀུན་དགའ་བསམ་གཏན་དང་བསྟན་པ་དར་རྒྱས། ལོ་ཉི་ཤུ་སོན་པའི་གཞོན་ནུ་སྙིང་སྟོབས་ཅན་དབང་ཕྱུག་ཚེ་རིང་ཟེར་བ་བཅས་མགོ་ཁྲིད་གསུམ་དང། ཁམས་དམག་སུམ་ཅུ་སྐོར་ནས་ང་ཚོ་སྒུག་སྡོད་བྱས་འདུག་ཅིང། བློ་བཟང་ཡེ་ཤེས་ཀྱང་དེ་རུ་འདུག“ ཅེས་དང། ཡང་དེའི་ནང་དུ། “འདི་ནས་དབང་ཕྱུག་ཚེ་རིང་གིས་རང་འོག་བསྟན་སྲུང་དམག་བཞི་བརྒྱ་སྐོར་མཉམ་ཁྲིད་ཀྱིས་གཙང་པོའི་ཕར་ཕྱོགས་སྙེ་ཐང་བརྒྱུད་དགྲ་ཟླ་འགོག་སྲུང་ཆེད་ཐོན་བསྐྱོད་བྱས་ཤིང། ཁམས་རིགས་བརྒྱ་ཕྲག་གཉིས་གསུམ་ཙམ་ལ་ང་ཚོའི་བགྲོད་ལམ་སྲུང་སྐྱོབ་བྱེད་ཕྱོགས་བཀོད་མངགས་བྱས།
ནོར་གླིང་ནས་ཐོན་པ་དང། ཐོག་མར་ལམ་ཞུགས་སྐབས་རྒྱ་གར་དུ་ཐད་ཀར་འགྲོ་རྒྱུའི་བསམ་རྩིས་གང་ཡང་མེད་ཅིང། བོད་ས་ལྷོ་ནུབ་ཕྱོགས་ནས་རྣམ་ཀུན་རྒྱ་གར་དུ་འགྲོ་བའི་གཞུང་ལམ་ཁག་ཏུ་རྒྱ་དམག་འབོར་ཆེན་བཀག་འགོག་བྱས་ཡོད་སྟབས་དེ་ཚོ་ནས་ཐར་བའི་རེ་བ་མེད་གཤིས། ལྷ་སའི་ལྷོ་དང། ལྷོ་ཤར་ཕྱོགས་བསྐྱོད་ཅིང། ཁུལ་དེར་ལམ་བགྲོད་དཀའ་བའི་རི་ཁུལ་རྒྱ་ཆེན་པོ་ཡོད་སྟབས་རྒྱ་དམག་ལམ་སེང་འོང་རྒྱུར་དཀའ་ཚེགས་ཡོད་པ་རེད། འཛིན་བཟུང་དཀའ་བའི་ས་ཁུལ་དེ་དག་ཁམས་རིགས་དང། དབུས་གཙང་མི་རིགས་འཇབ་དམག་ཁོངས་ཞུགས་པ་ཚོའི་གནས་ཡུལ་གཙོ་བོ་ཞིག་ཡིན།“ ཞེས་དང། ཡང་དེའི་ནང་དུ། བྱེ་ལའི་ལ་གཤམ་དུ་ཕེབས་འབྱོར་སྐབས་ཡིན་པ། “ལ་གཤམ་དེ་ཁུལ་མི་སྡོད་མཁན་སུ་ཡང་མི་འདུག དེའི་ཤར་ཕྱོགས་སུ་རྒྱང་གྲགས་ཁ་ཤས་སོང་མཚམས་བན་རྩེ་གྲུ་ཁར་སླེབས་ཀྱི་ཡོད་ཅིང། དེ་ཕྱོགས་གཙང་ཆུ་བརྒལ་ཡུལ་བདེ་བ་དེ་རང་ལས་མེད་སྟབས་གལ་སྲིད་རྒྱ་མི་ཕར་ཕྱོགས་སུ་སླེབས་འབྱོར་ཡོད་ན་ཡང་ཉེན་ཁ་དེར་འཛེམས་ཟོན་བྱེད་ཐབས་བྲལ་བ་ཡིན། འོན་ཏེ་ལྷ་ཁུལ་ས་གཙང་ལ་བརྟེན་ཉེན་ཁ་གང་ཡང་མེད། གཙང་ཆུའི་ཕ་རོལ་ཏུ་སྐྱིད་གཤོངས་ཟེར་བའི་གྲོང་གསེབ་ཆུང་ངུ་ཞིག་འདུག གྲུ་ཁ་དེར་ངང་ཙམ་སྒུག་སྡོད་བྱེད་དགོས་བྱུང་ཞིང། སྐབས་དེར་གནམ་གཤིས་ཇེ་ལེགས་སུ་གྱུར། དྭངས་ཤིང་སྔོ་ལ་རླུང་གིས་བསྐྱོད་པའི་ཆུ་རིས་ཁྲིལ་ལེ་ལེ་གཡོ་བའི་ཆུ་ཆེན་དེའི་ཕ་ཁར་མི་མང་པོ་ཞིག་ནག་ཕུང་ངེར་ང་ཚོ་བསུ་སྒུག་བྱེད་ཅིང་འདུག་པ་མཐོང། དེ་ནས་ང་ཚོ་གྲུར་ཞུགས་ཏེ་ཁད་ཉེ་སར་འབྱོར་སྐབས་མི་ཕུང་དེའི་གྲས་སུ་ཁམས་དམག་དང། གྲོང་གསེབ་པ་གྱོན་གོས་ལྭ་བ་དཀར་པོ་དང། རྒྱ་ཚོས་ཅན་ལ་དཔུང་རྟགས་སེར་པོ་རྒྱག་པ་མང་པོ་འདུག“ ཅེས་དང། དེ་ཉིད་ལས། “ཉིན་ལྔ་པོ་དེའི་རིང་ང་ཚོའི་འཆར་གཞི་རྣམས་ཇེ་གསལ་དུ་ཕྱིན་ཅིང། མ་འོངས་པའི་བྱེད་ཕྱོགས་སྐོར་གྲོས་བསྡུར་ཞིབ་ཆ་བྱེད་པ་དང། ལྷ་སར་ཡོད་པའི་དཔོན་རིགས་དང། ཁམས་རིགས། འཇབ་དམག་མཁན་ཚོར་བྱེད་སྒོའི་བཀོད་ཁྱབ་བྱེད་པ་བཅས་ཀྱི་ཆེད་སྤྱན་གཡས་དགོན་དུ་ཉིན་གཅིག་བཅའ་སྡོད་བྱ་རྒྱུ་དང། དེ་ནས་ལྷུན་རྩེ་རྫོང་བར་ཤར་སྐྱོད་བྱ་འཆར་བཀོད་ཅིང། དེ་ནི་ལྷོ་ཁུལ་ཡས་མས་འགྲིམ་གཏུགས་བདེ་ཞིང། རྒྱ་འབྲུག་ས་མཚམས་ནས་ཧ་ཅང་ཐག་རིང་པོ་མིན། ས་ཁུལ་དེར་རྫོང་ཆེ་ཤོས་ཤིག་ཡོད། སྐབས་ཤིག་ས་གནས་དེར་བསྡད་དེ་རྒྱ་མིར་ཡང་སྐྱར་ཞི་མོལ་གྱི་ཐབས་ཤེས་འདྲ་ཐུབ་ན་བྱ་རྩིས་བྱས་ཤིང། ལྷ་ལྡན་རྒྱལ་སར་ཡང་དྲག་འཐབ་གས་ཆག་ཏུ་མི་འགྲོ་བའི་རེ་ཐབས་ཅི་དྲག་བྱས་པ་ཡིན།
དེ་ནས་ང་ཚོ་སྤྱན་ཡས་སུ་བདེ་འབྱོར་བྱུང། ཉིན་རེ་ཟུང་སྔོན་ནས་ངོས་ཀྱི་སྐྱེད་མ་དང། གཅེན་མོའི་ལྟོས་བཅས་ཚོ་ཁག་དེ་མྱུར་མགྱོགས་བགྲོད་སྟབས་བདེ་ཆེད་ངའི་གཅུང་པོ་དེ་ང་ཚོའི་འགྲུལ་ཚོའི་ནང་ཞུགས་ཤིང། ཁོང་ཚོ་ཁམས་པ་ཚོ་ཆུང་གཅིག་དང་མཉམ་དུ་ཉིན་ཚུགས་གཅིག་གི་སྔོན་ལ་བསྐྱོད་དེ་ཁོ་བོ་ཅག་རྗེས་སུ་མ་གཏོགས་ཐུག་འཕྲད་མ་བྱུང།“ ཞེས་དང། ཡང་དེའི་ནང་དུ། “སྤྱན་གཡས་ནས་ང་ཚོ་ཐོན་ཏེ་ལམ་ཕྱེད་མཚམས་སུ་རྟ་པ་འགའ་ཤས་འོང་གི་འདུག་པ་ཁོང་ཚོ་ཉེ་སར་འབྱོར་སྐབས་དེའི་ནང་རྩིས་དཔོན་རྣམ་སྲས་གླིང་པ་འདུག ཁོང་ནི་ཟླ་བ་བདུན་ཙམ་གྱི་གོང་བཀའ་ཤག་ནས་ཁམས་རིགས་ཚོར་ངོ་རྒོལ་མཚམས་འཇོག་དགོས་པའི་སློབ་སྟོན་ཆེད་བཏང་པ་ལྷ་སར་ཕྱིར་ལོག་མ་ཐུབ་ཅིང།“ ཞེས་གསལ།
ལེའུ་བཅུ་གཉིས་པ། སྐྱབས་བཅོལ་དུ་ཕྱིན་པ། ཞེས་པའི་ནང་དུ་ཁམས་པའི་སྐོར་གསལ་བ་ཁག་ཅིག་ནི། “དེ་ནས་ང་ཚོའི་འགྲིམ་འགྲུལ་དེ་དག་སྔར་ལས་སྐྱོ་སྣང་ཆེ་བའི་ངང་དུ་ཕྱིན། ཁོ་བོ་རང་ཉིད་ལོ་ན་གཞོན་ཞིང། ལུས་སྟོབས་གང་ལེགས་ཡོད་ཀྱང། འགྲུལ་རོགས་ལོ་ན་རྒན་པ་ཚོ་འགྲིམ་འགྲུལ་རིང་པོ་དང། མྱུར་སྐྱོད་བྱ་དགོས་ཀྱིས་དཀའ་ཚེགས་ཆེན་པོ་བྱུང། ལམ་ཐག་ནི་ད་དུང་རིང་མང་བགྲོད་རྒྱུར་བསྡད་ཡོད། ངེད་ཅག་རྣམས་འཕྱོངས་རྒྱས་རི་བོ་བདེ་ཆེན་ནས་མ་ཐོན་གོང་བསྟན་སྲུང་འཇབ་དམག་གི་མགོ་བྱེད་འགའ་ཤས་ཐུག་འཕྲད་ཀྱིས་གླེང་མོལ་བྱུང་དོན། ཁོང་ཚོས་རྒྱལ་བསྟན། ཆབ་སྲིད། སྐྱེ་འགྲོའི་རང་དབང་གི་དོན་དུ་རང་སྲོག་འདོར་ནུས་ཀྱི་དྲག་པོའི་ངོ་རྒོལ་མུ་མཐུད་ཀྱིས་བྱ་བའི་སྙིང་སྟོབས་ལ་བསྔགས་བརྗོད་བྱ་འོས་པར་མཐོང་ཞིང། ཁོང་ཚོའི་དཔའ་ངར་དང། སྙིང་སྟོབས། ངོས་རང་སྲུང་སྐྱོབ་བྱས་པ་བཅས་ལ་ཐུགས་རྗེ་ཆེ་བརྗོད་པ་མ་ཟད། དེ་སྔོན་གཞུང་གི་བཀའ་རྒྱ་ཁག་ནང་ཁོང་ཚོར་ལོག་སྤྱོད་པ་དང། ཇག་པ་ཞེས་མིང་འབོད་བྱས་པ་དེ་དག་ཀྱང་རྒྱ་མིའི་བཀོད་དབང་དུ་གྱུར་པར་སེམས་འཛིན་མི་འོས་པའི་གནས་ལུགས་ཀྱང་ཞོར་འཕྲོས་སུ་བརྗོད་པ་ཡིན། ཞེས་དང། ཡང། དེ་སྐབས་ཁོང་ཚོས་རང་གི་ཕ་ཁྱིམ་དང། ཞི་དུལ་དལ་སྐྱིད་ཀྱི་འཚོ་བ་སོགས་ཞི་བདེར་སྤྱོད་པའི་ཁེ་ཕན་ཚང་མ་རྒྱ་མིར་ངོ་རྒོལ་གྱི་ཆེད་དུ་བློས་བཏང་ཟིན་པར་བརྟེན་ཁོ་བོས་ངོ་རྒོལ་ཟིང་འཁྲུག་མ་བྱེད་ཅེས་སློབ་སྟོན་བྱ་རྒྱུ་དུས་ལས་ཡོལ་ཅིང། ཁོང་རང་ཚོས་ཀྱང་མུ་མཐུད་དུ་དམག་འཐབ་བྱ་རྒྱུ་ཁོ་ན་མ་གཏོགས་ཐབས་གཞན་མེད་པར་མཐོང་ན་ཡང། ཁོང་ཚོའི་གནས་ཡུལ་རི་རྒྱུད་ཁག་རང་སྲུང་མི་བྱེད་མཐུ་མེད་མ་གཏོགས། དེ་མིན་ཕར་རྒོལ་དམག་ཟིང་མི་བྱེད་ན་ལེགས་པའི་སློབ་སྟོན་བྱས་ཤིང། ལྷ་ས་ནས་གོ་ཐོས་ཀྱི་གནས་ཚུལ་ནང་རྒྱ་མིས་ཁམས་དམག་གང་ཡོད་ཀྱི་རི་ཁུལ་དུ་དམག་འཐབ་བྱ་འཆར་ཡོད་འདུག་གཤིས། ཁོ་བོ་ལམ་བགྲོད་ཀྱི་ཉེན་སྐྱོབ་ཟིན་འཕྲལ་རང་ས་སྲུང་འགོག་ཆེད་ཕྱིར་ལོག་བྱས་ལེགས་ཞེས་བརྗོད་རྒྱུ་བྱུང།“ ཞེས་དང། ཡང་དེའི་ནང་དུ། “སྦྱོར་རའི་མི་མང་ནས་ང་ཚོར་དགའ་བསུ་གང་གཟབ་བྱས། ཕྱི་ཉིན་སྔ་དྲོའི་ཆུ་ཚོད་བཞི་པར་ཐོན། དེ་ཉིན་ང་ཚོ་རྟ་པ་ཉིས་བརྒྱ་སུམ་བརྒྱ་སྐོར་ཡོད་པ་དེའི་ཁོངས་དམག་མི་དང། ཁམས་རིགས་ཚོ་ཡང་ཡོད། ཡུད་ཙམ་རོང་གཏིང་རྒྱུད་དཀར་པོ་ལ་རྩེར་འཛེགས།“ ཞེས་དང། དེའི་ནང་དུ། “ད་དུང་ལམ་འཕྲང་དཀའ་ངལ་ཅན་ལ་རྟ་ཐོག་ཏུ་ཉིན་གཉིས་བགྲོད་དེ་བོད་མི་སྡོད་ཡུལ་ས་གནས་མང་མང་ཟེར་བར་འབྱོར། དེར་སྔོན་དུ་བཏང་པའི་ལས་བྱེད་པ་གཅིག་ང་ཚོ་སྒུག་སྡོད་བྱས་འདུག་པ་དེ་ནས་ང་ཚོ་རྒྱ་གར་ནང་བསྐྱོད་འཐུས་རྒྱ་གར་གྱི་དཔོན་རིགས་ཡོད་པའི་ས་སྣེ་དང་པོ་ཆུ་དྭངས་མོར་ང་ཚོའི་དོན་དུ་གྲ་སྒྲིག་བྱེད་པ་ཡང་ཁོང་ནས་མཐོང་ཐོས་ཡོད་པ་རེད། དེའི་ནུབ་མོ་ང་ཚོ་བློ་དལ་བ་བྱུང། ད་ཕན་ང་ཚོས་དགོང་ལྟར་ཕྱི་གོས་ཙམ་མ་གཏོགས་གྱོན་ཆས་མ་ཕུད་པར་ཉལ་བ་ཡིན། མང་མང་ནི་བོད་ཀྱི་ས་སྣེ་ཞིག་ཡིན་ཞིང། དེ་ལ་བགྲོད་ལམ་གཅིག་ལས་མེད་པ་དེར་ཁམས་པ་དང། དམག་མི་བརྒྱ་ཕྲག་འགའ་ཤས་ནས་སྲུང་འགོག་གི་གྲ་སྒྲིག་གང་ཐུབ་ཡོད་པར་བརྟེན།“ ཞེས་དང། ཡང་དེའི་ནང་དུ། “ཕྱི་ཉིན་སྔ་དྲོ་ཡང་ངོས་ནད་མནར་གྱིས་རྟ་བཞོན་མི་ཐུབ་ཀྱང། རྒྱལ་སྲུང་ཁམས་པ་དང། དམག་མི་ཚོའི་འགན་ཁུར་ཡང་དུ་གཏོང་དགོས་པར་བསམས་ནས་ཐོན་རྒྱུ་བྱས། ཐོན་ཁར་ཕྱི་ལོག་བྱེད་མཁན་ཚོར་མཇལ་ཁ་དང། སྲུང་དངོས་སྤྲད་དེ་ཁོང་ཚོས་བསྟན་སྲིད་མི་དམངས་ཀྱི་བདེ་དོན་དུ་བསམ་པའི་སྙིང་སྟོབས་ལ་ཡི་རངས་ཤིང། དགྲ་ཕྱོགས་སུ་རང་སྲོག་ཁ་ཙམ་མིན་པར་བློས་བཏང་གིས་བསྐྱོད་རྒྱུ་ཡིན་པ་བློ་ཤིན་ཏུ་འཕྲེང་བ་ཞིག་གི་ངང་དུ་སྡོད་ཞག་ནས་ཐོན་བསྐྱོད་བྱས། “ ཞེས་གསལ་བ་བཅས་སོ།།
6) ཁམས་པ་མི་རིགས་འདི་བློ་སེམས་འགྱུར་མེད་རི་ལྟར་བརྟན་པོ་ཡོད་པའི་སྐོར་ནི། ༸གོང་ས་༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག་གིས། ཕྱི་ལོ་ ༡༩༩༤ ལོ་ཙམ་ཞིག་གི་བཀའ་སློབ་ནང་དུ། “དངོས་གནས་བོད་ནང་ཆ་བཞག་ན། ད་ལྟ་དང་འབྲེལ་བའི་གནས་སྐབས་ལ་ཁམས་ཕྱོགས་ཀྱི་མི་མང་སེར་སྐྱ་ཡོངས་ཀྱིས་རྒྱ་མིར་གདོང་ལེན་བྱས་ཏེ་ལྷག་བསམ་རི་བཙུགས་པ་ལྟ་བུ་ཞིག་ཡོད་པ་རེད།“ ཅེས་གསུངས།
7) བོད་ཀྱི་ཆོས་དང་རིག་གཞུང་གི་ཐད་ད་བར་ཁམས་པ་མི་རིགས་ཀྱིས་རྒྱུད་འཛིན་བྱས་ཡོད་པའི་སྐོར། ༸རྒྱལ་དབང་མཆོག་གིས། “ཆུ་བཞི་སྒང་དྲུག་ནི་ང་རང་ཚོའི་ཆོལ་ཁ་གསུམ་གྱི་ནང་ནས་གལ་ཆེན་པོའི་ཆོལ་ཁ་ཞིག་ཆགས་ཡོད། དེ་སྔ་ལོ་རྒྱུས་ནང་ལ་ཆ་བཞག་ནའང་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་གཙོ་བོར་གྱུར་པའི་བོད་ཀྱི་ཆོས་དང་རིགས་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ཤུགས་ཆེ་ཤོས་ཤིག་མདོ་སྟོད་ཀྱི་ཁོངས་ནས་བྱུང་ཡོད། དེ་བཞིན་མདོ་སྨད་ཀྱི་ཁོངས་ནས་ཀྱང་ཤུགས་ཆེན་པོ་བྱུང་ཡོད། དཔེར་ན། ང་རང་ཚོ་བཙན་འབྱོལ་བ་ཆགས་པའི་རྗེས་ལ་ཡང་གདན་ས་གསུམ་གཙོ་བོར་གྱུར་པའི་མདོར་ན་ས་དགེ་བཀའ་རྙིང་བོན་དང་བཅས་པའི་མཁན་པོ་ལས་ཟུར་མང་ཆེ་བ་ཁམས་པ་ཆགས་ཡོད། སངས་རྒྱས་ཀྱི་བསྟན་པའི་དོན་དག་ལ་ཁམས་ཕྱོགས་ཀྱི་མིས་དངོས་གནས་རང་དཀའ་ལས་བརྒྱབ་སྟེ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ཀ་རླབས་ཆེན་ཞིག་དེ་སྔ་འདས་པའི་ལོ་རྒྱུས་ནང་བསྒྲུབས་ཡོད། བར་སྐབས་ཀྱི་གནས་ཚུལ་ལ་ཆ་བཞག་ནའང་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་བཙུགས་ནས་ཐོག་མར་ཨ་འབྲུག་མགོན་པོ་བཀྲ་ཤིས་ཡོད་པའི་སྐབས་ལ་ཁོང་ཚོས་དངོས་གནས་ལྷག་བསམ་རྣམ་དག་གིས་རང་སྲོག་འབེན་ལ་བཙུགས་ནས་དཀའ་ལས་བརྒྱབ་པ་རེད།“ ཅེས་དང།
ཕྱི་ལོ་ ༡༩༩༤ ཟླ་ ༡༠ ཚེས་ ༡༡ ཉིན་ཆུ་སྒང་དམིགས་བསལ་ཚོགས་ཆེན་དབུ་འབྱེད་སྐབས་བསྩལ་བའི་བཀའ་སློབ་ནང། “གོང་དུ་ཚོགས་གཙོ་ཁོང་ཚོས་གསུངས་པ་བཞིན་མདོ་སྟོད་ཆོལ་ཁ་འདིའི་ཁོངས་ནས་བོད་ཀྱི་ལོ་རྒྱུས་ནང་དངོས་གནས་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུའི་ཐད་མདོ་སྟོད་ཆོལ་ཁའི་ཁོངས་ནས་དངོས་གནས་རླབས་ཆེན་གྱི་མི་མང་པོ་ཞིག་ཐོན་ཡོད། ང་ཚོ་བཙན་འབྱོལ་བྱས་ཏེ་སྡོད་པའི་སྐབས་ལ་ཡིན་ནའང་ས་དགེ་བཀའ་རྙིང་བོན་དང་བཅས་པའི་མཁས་པ་མཁན་པོ་དང། སློབ་དཔོན། དགེ་བཤེས། དགེ་རྒན་མང་ཆེ་བ་མདོ་སྟོད་སྨད་ཀྱི་ཁོངས་ནས་ཡིན་པ་ཧ་ཅང་གསལ་པོ་ཡིན།“ ཞེས་གསུངས།
ཡང་ལོ་ཟླ་དེའི་ཚེས་ ༡༧ ཉིན་ཆུ་སྒང་དམིགས་བསལ་ཚོགས་ཆེན་ལ་ཞུགས་པའི་ཁམས་པ་འཐུས་མི་ཚོར་༸གོང་ས་༸ཡིད་བཞིན་ནོར་བུ་མཆོག་མཇལ་ཁའི་ཐོག་བསྩལ་བའི་བཀའ་སློབ་ནང། “རྡོ་དོན་ད་རེས་ཁྱེད་རང་ཚོ་ཁམས་པ་མང་པོ་ཞིག་རུག་རུག་བྱས་ཏེ་འཛོམས་ཐུབ་པར་ང་ཧ་ཅང་དགའ་པོ་བྱུང། ཁ་སྔོན་བརྗོད་པ་བཞིན་ང་རང་སྒེར་གྱི་ངོས་ལ་ཆ་བཞག་ན་ཆུང་ཆུང་སྐབས་ནས་གཅེས་སྤྲས་གནང་མཁན་དང། ངས་ཆོས་འབྲེལ་ཞུ་སའི་བླ་མ་ཡོངས་འཛིན་རྣམ་གཉིས་དཀོན་མཆོག་གོང་དུ་ཕུད། དེ་འོག་བླ་མ་མང་པོ་ཡོད་པའི་ནང་ནས་མང་ཆེ་བ་ཁམས་པ་ཡིན། དངོས་གནས་བོད་ཀྱི་བླ་མ་དང་མཁས་པ་མང་པོ་ཞིག་ཁམས་ནས་བྱུང་ཡོད།“ ཅེས་གསུངས་པ་བཅས་སོ།།
ཞེས་ཁམས་པའི་ཕོ་རྒོད་ཅེས་པའི་རྩོམ་ཡིག་འདི་བཞིན་བྲག་གཡབ་ངག་དབང་བྱམས་པས་༸རྒྱལ་བའི་བཞུགས་སྒར་དྷ་ས་རྭ་སྟོད་ཆུ་དབར་བླ་བྲང་དུ་ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༡༣ ཉིན་འབྲི་མགོ་བཙུགས་ཤིང། ལོ་དེའི་ཟླ་ ༨ ཚེས་ ༡༣ ཉིན་རེ་ཞིག་གྲུབ་པར་བགྱིས་སོ།།
གསལ་བཤད། ཁམས་པའི་ཕོ་རྒོད་ཅེས་པའི་ནང་དོན་གྱི་རྒྱུ་ཆ་དབྱིན་བོད་རྒྱ་སོགས་སྐད་ཡིག་ཆ་དག་གི་ནང་དུ་ཡོད་ཀྱང། ཁམས་པའི་ཕོ་རྒོད་ཅེས་པའི་ངོས་ཀྱི་རྩོམ་ཡིག་འདིའི་ནང་དུ་གཙོ་བོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག།འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོ་༸གོང་ས་༸རྒྱལ་དབང་བཅུ་གཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་གིས་མཛད་པའི་རང་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་གཙོ་གཟུང་བྱས་ཏེ་བྲིས་ཡོད། རྒྱུ་མཚན་ནི། ཁམས་པའི་ཕོ་རྒོད་ཅེས་པའི་མཚན་སྙན་འདི་བཞིན་ཐོགས་པར་༸རྒྱལ་དབང་གང་ཉིད་ཀྱི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལས་གཞན་དྲིང་མི་འཇོག་པ་ཞིག་ཡིན་ལ། ཁམས་པའི་ཕོ་རྒོད་ཅེས་ཡིག་ཆ་དང་ལོ་རྒྱུས་གཞན་དུ་མའི་ནང་དུ་འཁོད་མ་འཁོད་ཡོད་ཀྱང་། འདིར་༸རྒྱལ་དབང་གང་ཉིད་ཀྱིས་རང་རྣམ་དུ་ཐུགས་སྣང་ཆེན་པོས་ཁམས་པའི་སྐོར་ལོ་རྒྱུས་མི་ཉུང་བ་ཡང་ནས་ཡང་དུ་འདི་བཞིན་འཁོད་ཐུབ་པ་བྱུང་བ་ནི། ཁམས་པ་མི་མང་ལ་མཚོན་ན་ཆེས་རིན་ཐང་བྲལ་བའི་གཟི་བརྗིད་དང་སྤོབས་པ་འདི་ལས་ཆེ་བ་ཞིག་གཞན་གང་ཡང་མི་དགོས་སོ།
2015/2/13 ཉིན་འབྲི་མགོ་བཙུགས།
འདི་ནའང་ལུག་མགོ་ཅན་ཞིག་གིས་ཡིག་ཉོག་ཅིག་འབྲི་ཁུལ་བྱས་འདུག བླུན་རྨོངས་འདིས་ཟེར་རྒྱུར་ཉོན་དང་། རྒྱ་དམར་གྱི་ཟེར་སྒྲོས་ལྟར་༼ཁམས་པ་མི་རིགས༽་ཅེས་ལད་ཟློས་བྱས་པར་གཟིགས་དང་། ཆོལ་གསུམ་རིགས་གསུམ་དུ་དགར་ཨེ་ཐུབ་ཀྱིས་དགྲ་དམར་ལ་རོགས་འདེགས་བྱེད་མཁན་འདི་ལྟ་འདྲས་རྩོམ་ཡིག་འབྲི་ཁུལ་བྱེད་པ་ནི་༼བསྟོད་མི་ཤེས་པས་བསྟོད་པ་ལས། སྨད་མི་ཤེས་པས་སྨད་ན་བཟང་།༽ཟེར་པའི་དཔེ་ལསགམ་འདས་སོ།།
བྲག་གཡབ་ངག་དབང་བྱམས་པ། རྨོངས་ལྐུག་པ། ཁྱོད་མ་གཏོགས་དུས་ད་བར་རང་རེའི་བོད་མི་རིགས་ནང་གསེས་ལ། ཁམས་པ་མི་རིགས། དབུས་གཙང་མི་རིགས། ཨ་མདོ་མི་རིགས་ཅེས་རང་རིགས་དབྱེན་དཀྲུགས་ཀྱི་ཐ་སྙད་ཙོར་བོ་འདི་འདྲ་སུས་བེད་སྤྱོད་བཏང་མྱོང་ཡོད། ཐ་ན་ཆེད་དུ་རང་རིགས་བར་ལ་དབྱེན་སྦྱོར་བ་དོལ་ཚོགས་ཀྱིས་ཀྱང་འདི་འདྲའི་ཚིག་ངན་བེད་སྤྱད་ཡོད་མ་རེད། ཤེས་ཨེ་སོང་། གླིང་གོག
ཧ་ཧ་ཧོ་ཧོ།
དངོས་གནས་ལྐུགས་པའི་ང་རྒྱལ་གྱིས་བྲིས་པ་རང་རེད་འདུག ཡི་གེ་འདིའི་ནང་མང་ཆེ་བ་༸གོང་ས་མཆོག་གི་རང་རྣམ་དུ་གསལ་བ་རྣམས་བཤུས་པ་ཙམ་ལས། རང་གི་རྣམ་དཔྱོད་ལས་བྱུང་བ་ཕལ་ཆེར་མིན་འདུག མདོ་ཁམས་མི་རིགས་ཡོད་དོ་ཅོག་དཔའ་བོ་ཡིན་ཟེར་ན་གང་ཤེས། བརྒྱ་ཆའི་ལྔ་བཅུ་ཨེ་ཡོད་དམ། སྤྱིར་གུང་ཕྲན་འགོ་གཙོ་དང་ཁྱེད་གཉིས་ཀྱིས་ཁམས་པ་དཔའ་བོ་རེད་ཟེར་སྐད་བརྒྱབ་དགོས་དོན་མེད་དེ། ཁམས་པའི་ཕོ་རྒོད་བྱས་པ་ཅན་དག་གི་སྐོར་ ༸གོང་ས་མཆོག་གི་རང་རྣམ་དུ་གསལ་ཟིན་བོད་ཡིག་ཤེས་སོ་ཅོག་དང་། རང་རྣམ་ཕྱི་སྐད་ནང་ཀློག་མཁན་ཡོད་དོ་ཅོག་གིས་ཤེས་ཡོད་པའི་ཕྱིར་རོ། །
ཉེ་སྔོན་མི་འདི་མདོ་སྟོད་སྤྱི་འཐུས་ཀྱི་འོས་མིར་ལངས་པའི་ངོ་སྤྲོད་ཅིག་མཐོང་སོང་། དེའི་ནང་དུ་གསལ་བ་ལྟར་ན་ཅིག་གི་ལོ་རྒྱུས་འབྲི་བ་བོ་དང་ཉིག་ཉིག་གི་རྩོམ་སྒྲིག་པ་སོགས་མང་ཐག་ཆོད་ཅིག་བྲིས་འདུག དེ་རིང་མི་འདིས་བྲིས་པ་འདི་ལ་བལྟས་པས་ཁམས་པ་མི་མང་ལ་ཤེས་ཡོན་པ་ཟད་སོང་བ་ཨེ་ཡིན་སྙམ་སོང་། དཀོན་མཆོག་གསུམ། གོང་དུ་གང་བྲིས་ཡོད་པ་༨༠%ཡར་མར་ནས་བཤུས་པ་རེད་འདུག མ་གཞི་རྒྱ་རྒན་དེའི་སྐད་ཆས་མི་འདི་ལ་འདི་འདྲའི་ཚོར་བ་ཞིག་བསླངས་ཡོད་འདིས་ཁོའི་ནང་ཁོག་མི་མང་འགྲེམ་སྟོན་ཁང་ལ་བཞག་པ་དང་གཅིག་མཚུངས་མ་རེད་དམ།
འདི་ན་མི་གླེན་པ་ཞིག་འདུག ཧ་་་་་ཧ་་་་་ཧ་་་་་་་་་་
བླུན་པོ་སྨྲ་བ་ཉུང་ན་མཛེས་ཟེར་བ་ཅི་མ་བདེན ཨུན་ཨུན་ངོ་ཚ
བོད་དེ་ནམ་ཡང་མི་རིགས་གཅིག་རེད། སའི་ཆ་ནས་མདོ་ལ་སྟོད་སྨད་གཉིས་དང་། དབུས་ལ་དབུས་དང་། གཙང་།སྟོད་དུ་ཕྱེས་པ་རྣམས་ས་མིང་ལས་མི་རིགས་ཀྱི་མིང་ཞིག་ག་ནས་ཡིན། དངོས་ནས་སེམས་སྐྱོ་བོ་རེད།རྒྱ་མིས་ཚིག་བརྗོད་དེའི་དོན་ཡང་མ་ཤེས་པའམ་ཤེས་བཞིན་ཁྱད་གསོད་བྱས་པ་ཆ་མ་འཚལ་མོད། གལ་སྲིད་མ་ཤེས་པར་བྱས་ན་ནི་ཁྱེད་ནས་ཁམས་པ་མི་རིགས་ཞེས་བྲིས་ནོར་ལ་ངོས་ལེན་བྱས་ཏེ། བོད་མི་རིགས་སྤྱི་དང་ལྷག་པར་ཁམས་པ་བོད་མི་ཚོར་དགོངས་སེལ་ཞུ་དགོས། དེ་མིན་མདོ་སྟོད་སྤྱི་འཐུས་ལ་ལངས་རྒྱུའི་འོས་ཆོས་མི་འདུག་ཅེས་ཞུ་བཞིན་ཡོད།
བྲག་གཡབ་ངག་དབང་བྱམས་པ་ནི་མི་ངོ་ཚ་མེད་པ་ལྐུག་པ་ཀླད་ཏོང་ད་དུང་ཁམས་པའི་མི་རིགས་ཧཧཧཧ། ཁམས་པ་ཕལ་ཆེ་བ་ནི་རྒྱ་མིས་བེད་སྥྱོད་བྱེད་གཞིན་པ་ནི་ཁྱོད་ཀྱི་ཧ་གོ་མི་འདུག་མི་ཁྱོད་ཆོག་ཞན་ཚ་པོ་རེད་དེ་འདུག་རྒྱ་མིས་ཕྲོག་གདུང་གྲོས་བྱོལ་ན་རླེད་འདུག་པ་ཧཧཧཧཧཧཧ