གཡུ་དྲུག་དཀར། ས་རཱ།
དེ་རིང་༼ཕྱི་ཟླ་༤པའི་ཚེས་༧ཉིན།༽ཡང་ནམ་རྒྱུན་ལྟར་སློབ་གྲྭྭའི་དཔེ་མཛོད་ཁང་གི་རྒན་ལགས་ཀྱི་ཁོམ་ལོང་དང་བསྟུན་ནས་ཁོང་གི་གློག་ཀླད་མདུན་ནས་ཁ་བརྡ་དྲ་ཤོག་གི་ཁ་ཕྱེས་པ་ཡིན། དེ་རུ་རྩོམ་པ་པོ་ཐེའུ་རང་དང་ཞོགས་ལྗང་གཉིས་འཛིན་བཟུང་བྱས་པའི་སྐོར་གྱི་གནས་ཚུལ་ཐུང་ངུ་ཞིག་བཀོད་འདུག ཡིག་འབྲུ་རེ་རེ་བཞིན་འགོ་ནས་མཇུག་བར་བཀླགས་པ་ཡིན་ཏེ། གནས་ཚུལ་མང་པོ་མི་འདུག་པས་ངའི་འདོད་པ་ག་ལ་ཚིམ། སྟབས་ཡག་པ་ཞིག་ལ་གནས་ཚུལ་ཐུང་ངུ་དེའི་མཇུག་ཏུ་གསར་འགྱུར་དེ་འོད་དཀར་དྲ་ཚིགས་ལས་དྲངས་ཚུལ་གསལ་བཤད་བྱས་འདུག་པས། ཡིད་ལ་རེ་བ་གསར་བ་ཞིག་བཅངས་ནས་དྲ་འབྲེལ་ཁྲོད་ཀྱི་དྲ་བྱང་རིམ་པའི་ཁྲོད་ནས་འོད་དཀར་དྲ་ཚིགས་ཀྱི་དྲ་བྱང་སྟེང་ལ་རྡེག་སྣོན་བྱས་ཏེ་སྒུག་དགོས་བྱུང༌། བརྡ་རྟགས་ལྷོད་ཙམ་འདུག་པས་ཅུང་ཙམ་ལ་རེ་ལྟོས་ཀྱི་མིག་ཟུང་སྔོ་ཐིང་ཐིང་གི་ཤེལ་ངོས་སུ་ཅེར་ནས་བསྡད། དུས་ཡུན་རིང་ཐུང་ཅི་ཙམ་ལ་བསྡད་པ་ཚོར་མ་སོང་སྟེ། ངའི་བསམ་པར་འགོར་ཡུན་རིང་དྲགས་པའི་ཉམས་སྣང་ཞིག་བྱུང་བ་དང་སེམས་པ་ཟིང་ཟིང་དུ་གྱུར།
འོད་དཀར་དྲ་ཚིགས་ཀྱི་ཁ་ཕྱེས་མ་ཐག་མྱི་སྟུག་གཉིས་ཀྱི་སྐུ་འདྲ་རེ་ཡང་མཇལ་རྒྱུ་འདུག་པར། ངོ་མ་ལྟ་སྙིང་འདོད་པ་ཞིག་ཅིས་ཀྱང་རེད་ལ། ལྟོས་ཀྱིན་ལྟོས་ཀྱིན་ཚིམ་རྒྱུའང་མི་འདུག རིམ་བཞིན་གསར་འགྱུར་གྱི་འགོ་ནས་མཇུག་བར་སེམས་ཀྱིས་བཀླགས། དེ་རུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་དག་གི་གནས་ཚུལ་དང་དེ་གའི་སློབ་མ་ཞོགས་ལྗང་ལགས་ཀྱི་ཁ་བརྡ་དུམ་བུ་ཞིག་ཀྱང་བཀོད་འདུག་པ་ཡོངས་རྫོགས་བཀླགས། མཐའ་མཇུག་སེམས་ཁྲལ་དང་སྐྲག་སྣང་འདྲེས་མའི་སྦྲིད་ཚོར་ཞིག་གིས་ངའི་སེམས་ཁམས་ཡོངས་སུ་མནན་ཏེ་ཅི་ཡང་དྲན་རྒྱུ་མེད་པ་ལྟར་སྣང༌། འདི་ནི་ནམ་རྒྱུན་གྱི་སྣང་ཚུལ་ཞིག་སྟེ། གསར་འགྱུར་གྱི་མདུན་ངོས་སུ་གཞིས་ཀྱི་འཇིགས་སྣང་མཐོང་བའི་སྐབས་དེ་དག་ཏུ། ངས་ཡིད་ལ་ཅི་ཞིག་དྲན་དགོས་པའང་མི་ཤེས་ལ། སྙིང་ཁམས་མི་བདེ་ཡང་སེམས་འཚབ་བེ་འཚུབ་བེར་སྡོད་ས་གཅིག་ནས་སྡོད་མི་འདོད་པའི་སྣང་བ་ཞིག་འགོག་མེད་དུ་འཆར་བ་ལས། ཡིད་ལ་ད་ནི་འདི་འདྲ་ཞིག་བྱས་ན་དགའ་ཨང་སྙམ་པ་ཞིག་དྲན་རྒྱུ་མི་འདུག་ལ། དེའང་ཕལ་ཆེར་ང་རང་ཉིད་ཀྱིས་ཁོང་ཚོའི་ལུས་སྟེང་གི་བ་སྤུ་ཙམ་ལའང་འགན་ལེན་བྱེད་མི་ཐུབ་པས་ཡིན་པ་འདྲ།
ཅི་ཡང་དྲན་རྒྱུ་མེད་པའི་བར་བཀླགས་དེ་ནས་དབུགས་རིང་ཞིག་འཕངས་རྗེས། ངས་བོད་ཀྱི་དུས་བབ་དྲ་ངོས་སུ་གོ་རྒྱུ་གཞན་པ་འདྲ་ཨེ་ཡོད་སྙམ་ནས་མདའ་རྩེ་དུས་བབ་དྲ་བྱང་སྟེང་ལ་བཞག་སྟེ་ཤུགས་ཀྱིས་རྡེག་སྣོན་བྱས། བློ་ཡུལ་ལས་འདས་པ་ཞིག་ལ་དྲ་ཤོག་གི་ཁ་ཕྱེས་མ་ཐག་ངས་མིག་ལམ་དུ་མངོན་པ་ནི་ཁམས་འབྲི་རུའི་སློབ་ཆུང་སློབ་མ་དག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སློབ་ཕྲུག་ཉི་ཤུ་འཛིན་བཟུང་བྱས་པའི་སྐོར་གྱི་གསར་འགྱུར་དེ་རེད། གསར་འགྱུར་འདི་བཀླགས་གྲུབ་རྗེས། ངའི་སེམས་པ་སྔར་ལས་ཀྱང་ཁ་ཕྱོགས་མེད་པར་གྱུར་སོང་ལ། ངའི་སེམས་ལ་དེ་བས་ཀྱང་ཅི་ཡང་དྲན་རྒྱུ་མི་འདུག དེ་ནི་ཕལ་ཆེར་སློབ་ཆུང་སློབ་མས་སྲིད་གཞུང་གི་ལོག་སྤྱོད་ལ་ངོ་རྒོལ་བྱས་འདུག་ཟེར་བ་ཞིག་ང་རང་གི་མི་ཚེ་ནང་གོ་ཐེངས་དང་པོ་ཡིན་པས་སྲིད།(གཅིག་བྱས་ན་འཛམ་གླིང་སྟེང་གི་ཐོག་མ་ཡིན་ཡང་སྲིད།) གང་ལྟར། ང་ངོ་མ་ཧ་ལས་བ་ལྟ་བུར་གྱུར་སོང༌།
དེ་ནས་ངས་ད་དུང་ཉེ་ཆར་གྱི་རྨ་ཆུའི་སློབ་འབྲིང་སློབ་མའི་ངོ་རྒོལ་དོན་རྐྱེན་དང༌། ཞོན་ཧྭ་བོད་ཡིག་སློབ་འབྲིང་གི་ངོ་རྒོལ་དོན་རྐྱེན། གཙོས་སློབ་འབྲིང་གི་ངོ་རྒོལ་དོན་རྐྱེན། ཉིན་ཤས་སྔོན་གྱི་རྔ་བ་འབར་ཁམས་སློབ་འབྲིང་གི་ངོ་རྒོལ་དོན་རྐྱེན་བཅས་རེ་རེ་ནས་སེམས་ནས་སྣོག་གིན། བྱེས་ཀྱི་རང་དབང་ལུང་པའི་སློབ་ཆུང་སློབ་འབྲིང་དང༌། སློབ་ཆེན་སློབ་མ་ང་ཚོ་ད་དུང་འདི་ལྟར་ཁུ་སིམ་མེར་སྡོད་པ་ནི་ཅི་འདྲའི་ཡ་ང་བ་དང༌། ཅི་འདྲའི་ངོ་གནོངས་བ་དང༌། ཅི་འདྲའི་རྒྱུ་འབྲས་མེད་པ་ཞིག་རེད་ཨང་སྙམ་ནས་རང་སྟེང་ལ་སྙིང་ན་ཞིང༌། རང་ཉིད་ལ་ཡིད་ཆད་པས། ཡུན་ཙམ་ལ་ཀློག་ཀླད་ཀྱི་མདུན་ནས་གྲགས་འགུལ་ཅི་ཡང་མེད་པར་ལྷག སེམས་ཁ་ཕྱིར་འཁོར་མཚམས་ངས་དུས་བབ་དྲ་ཤོག་གི་གཡོན་ངོས་ཀྱི་ཐེའུ་རང་དང་ཞོགས་ལྗང་གཉིས་འཛིན་བཟུང་སྐོར་གྱི་གསར་འགྱུར་དེ་བཀླགས་པ་དང༌། དེ་ནས་གཡས་ཕྱོགས་ཀྱི་ཆེད་རྩོམ་དག་གི་དབུ་རུ་ཞོགས་ལྗང་ལགས་ཀྱི་རྩོམ་ཡིག་<<བྱེས་སྡོད་བོད་མི་དག་ལ་ངེས་བར་དུ་བཤད་དགོས་པ་འགའ་>>ཞེས་པ་བཀོད་འདུག་པ་ནན་ཏན་གྱིས་ཀློག་འགོ་བརྩམས་ཤིང༌། རྩོམ་ཡིག་དེའི་སྐད་ཆ་རེ་རེས་ང་ལ་ཚ་འདྲི་བྱེད་ཀྱིན་མཇུག་ཏུ་སླེབས་དུས། ངའི་ལུས་ལ་ཚ་བ་རྒྱས་འདུག་པ་དང་ངོ་མདངས་དམར་པོར་གྱུར་འདུག་པ་ང་རང་ཉིད་ཀྱིས་ཀྱང་ཚོར་བྱུང༌། རྒྱུ་མཚན་ནི་འདི་ལྟར་དགྲ་ལག་ཏུ་ཤོར་བའི་ཁོང་ཚོ་བསམ་ན། ང་ངོ་མ་སྐྲག་ནི་ཞིག་རེད། ཡག་ཉེས་ང་རང་ཚོས་ཅི་ཞིག་བྱེད་ཀྱིན་ཡོད་མེད་ལ་བསམ་ན། ང་དེ་བས་ཀྱང་ཞེད་ཐག་ཆོད་འགྲོ།
འདི་ལྟར་གློག་ཀླད་ཀྱི་མདུན་ནས་ཞེད་སྣང་དང་སྐྲག་སྣང་གི་ཀློང་དུ་ཕྱི་དྲོའི་དཔེ་མཛོད་ཁང་གི་དུས་ཚོད་ཡོངས་སུ་རྫཽགས་སོང༌། དཔེ་མཛོད་ཁང་ནས་ཕྱི་ལོག་ལ་བུད་དུས་ངའི་སེམས་སུ་ངས་སུ་ཞིག་ལ་ཅི་ཞིག་བཤད་དགོས་སྙམ་འདུག་ལ། འདང་ཞིབ་མོར་བརྒྱབས་དུས་དེ་ནི་དེ་རིང་གི་གསར་འགྱུར་དེ་དག་ལས་ཅི། དེ་བས། སློབ་གྲོགས་མང་པོ་ཞིག་ལ་གསར་འགྱུར་འདི་དག་སྐད་གསེང་མཐོན་པོས་བཤད་མོད། སེམས་པ་ད་དུང་བདེ་ལ་འབབ་མི་ཐུབ་པས། སླར་ཡང་གྲོགས་པོ་ཞིག་གི་གློག་ཀླད་མདུན་ནས་མཚན་གུང་བར་འདི་ལྟར་ཁེར་ལབ་རྒྱག་བཞིན་སྡོད་དགོས་བྱུང༌།།
སེང་རྡོར་དྲ་བའི་ཁ་འབྱེད་ཨེ་ཐུབ་ཀི