༼གསར་འགྱུར་འདི་ནི་བོད་ཀྱི་དུས་བབ་ནས་བཤུས་པ་ཡིན།༽
འདོན་སྤེལ། ༢༠༠༩/༠༢/༡༦
དེ་རིང་སྔ་དྲོ་ཁམས་ལི་ཐང་ཁུལ་དུ་བོད་མི་ ༡༥ ཡིས་བོད་རང་བཙན་ཡིན། རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། ད་ལོ་བོད་ལ་ལོ་གསར་མེད་ཅེས་སོགས་ཞི་བའི་སྐད་འབོད་བྱས་སྟབས་རྒྱ་གཞུང་གིས་འཇུས་འདུག
དགའ་ལྡན་བྱང་རྩེ་གྲྭ་ཚང་ཕ་ར་ཁང་ཚན་གྱི་གྲྭ་བློ་བཟང་ཆོས་སྐྱབས་ཀྱིས་འདི་གར་གནས་ཚུལ་སྤྲད་པ་ལྟར་ན། ཁ་སང་གཟའ་ཉི་མའི་ཉིན་གྱི་རྒྱ་ནག་གི་ཆུ་ཚོད་ ༡༢ ཐོག འབའ་མཐའ་རྫོང་གནས་སྒོ་དགོན་པའི་གད་མོ་ཁང་ཚན་གྱི་རང་ལོ་ ༣༨ ཡིན་པ་གྲྭ་བློ་བཟང་ལྷུན་གྲུབ་ཀྱིས། ལི་ཐང་རྫོང་གི་སྲང་ལམ་ནས་༧རྒྱལ་བ་རིན་པོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་ཡིན། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་མི་ཚོར་ལོ་སར་མེད་ཅེས་སྐད་འབོད་བྱས་ཡོད་འདུག གནས་ཚུལ་མཁོ་འདོན་པ་ལྟར་ན། སྐད་འབོད་བྱེད་མཁན་གྱིས་རྒྱ་ནག་གི་ཆུ་ཚོད་ ༡༢ ཐོག་སྐད་རྒྱག་དོན་ནི་རྒྱ་ནག་གི་ལས་བྱེད་ཚོའི་ཉིན་གུང་ཞལ་ལག་གི་མཚམས་སུ་ཡིན་ལ། སྐབས་འདིར་སྐད་བརྒྱབ་ན་དུས་ཡུན་རིང་ཙམ་ལ་སྐད་རྒྱག་པའི་གོ་སྐབས་རག་ཆེད་ཡིན་འདུག སྐར་མ་ཁ་ཤས་ལ་སྐད་འབོད་བྱས་རྗེས་རྫོང་ཉེན་རྟོག་པས་འཇུས་ཡོད་པ་དང༌། ཉིན་དེར་ལི་ཐང་རྫོང་གི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་འདུག
དེ་རིང་སྔ་དྲོར་བློ་བཟང་ལྷུན་གྲུབ་གྱི་སྤུན་ཆུང་རང་ལོ་ ༢༩ ཡིན་པ་བསོད་ནམས་བསྟན་པ་གཙོས་པའི་བོད་མི་ ༡༥ ཡིས། ད་ནངས་ཞོགས་པའི་རྒྱ་ནག་གི་ཆུ་ཚོད་ ༡༡ དང་སྐར་མ་ ༤༠ ཙམ་གྱི་སྒང་ལི་ཐང་རྫོང་ཐོག་ནས། ཁ་བཏགས་གཡོག་ཡོད་པའི་༧གོང་ས་མཆོག་གི་སྐུའི་པར་སྒྲོམ་ཞིག་བཟུང་ནས། བོད་རང་བཙན་ཡིན། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། བོད་མི་ཚོར་ལོ་སར་མེད་ཅེས་པའི་འབོད་ཚིག་བསྒྲགས་ཞོར་ཞི་རྒོལ་གནང་སྐབས་ཉེན་རྟོག་པས་འཇུས་ཡོད་འདུག་ལ། གནས་ཚུལ་མཁོ་འདོན་པས་བརྗོད་ན། ཞི་རྒོལ་བ་ཚོས་སྐད་འབོད་གནང་སྐབས་དྲག་ཆས་སྤྲས་པའི་དམག་མི་ཚོས་ཞི་རྒོལ་བ་ཚོའི་མཐའ་བསྐོར་ནས་ཞི་རྒོལ་བ་ཚོར་ཚོད་མེད་དུ་དྲག་རྡུང་བྱེད་ཞོར། འཇུས་ནས་ཉེན་རྟོག་པའི་རླངས་འཁོར་ནང་བླུགས་པ་དང༌། སྐབས་དེར་སྐད་འབོད་པ་ཚོའི་མགོ་དང་རྐང་ལག སྣ་ཁུང་སོགས་སུ་ཁྲག་བཞུར་གྱིན་ཡོད་འདུག
དེ་རིང་གི་ཞི་རྒོལ་བ་རྣམས་ནི། རང་ལོ་ ༢༩ ཡིན་པའི་བསོད་ནམས་བསྟན་པ་དང༌། རང་ལོ་ ༣༠ ཡིན་པའི་བྱམས་པ་ཐོགས་མེད། རང་ལོ་ ༢༦ ཡིན་པའི་དགེ་ལེགས་ཀུན་དགའ། རང་ལོ་ ༢༣ ཡིན་པའི་བློ་བཟང་བསྟན་འཛིན། རང་ལོ་ ༣༧ ཡིན་པའི་བློ་བཟང་དཔལ་ལྡན། རང་ལོ་ ༣༠ ཡིན་པའི་བྱམས་པ་ཡོན་ཏན། རང་ལོ་ ༢༩ ཡིན་པའི་སེང་གེ། རང་ལོ་ ༢༨ ཡིན་པའི་བྱམས་པ་ཚེ་རིང༌། རང་ལོ་ ༣༠ ཡིན་པའི་བློ་བཟང་དབང་ཕྱུག རང་ལོ་ ༢༡ ཡིན་པའི་བློ་བཟང་བཀྲ་ཤིས། རང་ལོ་ ༣༠ ཡིན་པའི་དགེ་མདུན་ཆོས་འཕེལ། རང་ལོ་ ༣༧ ཡིན་པའི་དར་རྒྱས། རང་ལོ་ ༢༩ ཡིན་པའི་དགེ་འདུན། རང་ལོ་ ༤༠ ཡིན་པའི་བྱམས་པ། རང་ལོ་ ༤༡ ཡིན་པའི་ཨ་མདོ་རྒྱལ་མཚན་བཅས་ཡིན་འདུག་ལ། གོང་གི་ཞི་རྒོལ་བ་རྣམས་ལི་ཐང་ས་ཁུལ་གྱི་འབྲོག་པའི་གྲོང་སྡེ་ཁག་ནས་ཡིན་འདུག
གྲྭ་བློ་བཟང་ལྷུན་གྲུབ་ཀྱིས་ཉིན་ཤས་སྔོན་གྲོགས་པོ་ཞིག་ལ་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པའི་དུས་ལ་བབ་ཡོད་ཚུལ་དང་ལས་འགུལ་ཁྲོད་ཁོ་ཤི་སོང་ན། བེམ་པོ་བྱ་ལ་གཏོར་དགོས་པ། གལ་ཏེ་ཉེན་རྟོག་པས་འཇུས་སོང་ན། བཙོན་ཁང་ནང་གི་དཀའ་ངལ་གདོང་ལེན་བྱ་རྒྱུའི་གྲ་སྒྲིག་ཡོད་པ་དང་ནང་མི་ལ་སེམས་ཁྲལ་བྱེད་མི་དགོས་པའི་ལན་སྐྱེལ་རོགས་ཞུས་འདུག་ཀྱང༌། གྲོགས་པོ་དེ་ཡིད་ཆེས་བྱུང་ཡོད་མི་འདུག གནས་ཚུལ་འདི་ཁོང་གི་ཨ་མས་ཐོས་རྗེས། བུས་བོད་མི་ས་ཡ་དྲུག་གི་དོན་དུ་སྐད་བརྒྱབས་པ་རེད། བཙོན་ཁང་དུ་ཁྲིད་ཀྱང་མ་རྒན་ངས་སེམས་ཁྲལ་བྱེད་ཀྱིན་མེད། ཅེས་གསུངས་ཡོད་འདུག
གྲྭ་བློ་བཟང་ལྷུན་གྲུབ་ནི་ ༢༠༠༢ ལོར་རྒྱ་གར་ལ་ཡོང་ནས་དུས་འཁོར་དབང་ཆེན་ལ་སྒུག་སྟེ་ ༢༠༠༣ ལོར་དུས་འཁོར་དབང་ཆེན་ཞུས་རྗེས་ཕྱིར་བོད་ནང་དུ་ལོག་ཡོད་པ་ཞིག་རེད་འདུག་ལ། རྐང་པར་སྐྱོན་ཡོད་མཁན་ཞིག་ཀྱང་ཡིན་འདུག