དགེ་རྩེ་ཕུན་དགའ། (སྐྱེན་ཡུལ)
ཁམས་ཡུལ་མདོ་ཆེན་གསུམ་གྱི་ཡ་གྱལ་དུ། །གྲགས་པའི་སྐྱེ་དགུ་ས་ཡི་ཕང་བ་རུ། །ཉལ་འགྲོ་གསེར་ལྡན་འབྲི་ཆུ་སྔོན་མོ་སོགས། །ཀླུང་ཆེན་གཙང་པོ་གསུམ་གྱི་འབྱུང་ཡུལ་ཡིན། །གནས་ཀྱི་ཡང་རྩེ་སྒ་སྟོད་ཇོ་བོ་མཆོག །རྡོ་ཏི་གངས་དཀར་སྐྱོ་བྲག་གནས་རྒན་མ། །ཁུ་རྒྱལ་གྭ་བ་བླ་མ་ནོར་ལྷ་དང་། །ཤེལ་རི་དཀར་འབར་གཉན་རྒྱལ་སྒྲོལ་མའི་མཚོ། །ལྕི་ཡི་གཟེ་རྒྱལ་མདོ་སྟོད་རྟ་རྣ་སོགས། །གཞན་ཡང་འབིས་ཀྱི་རྣམ་པ་སྣང་མཛད་དང་། །རྒྱ་ནག་མ་ཎི་འཛོམས་ཉག་མཆོད་རྟེན་ཆེ། །སྒ་ཡུལ་མཆོད་རྟེན་སྐྱུ་རུའི་སྒྲོལ་མ་བྲག །བྱིན་རླབས་འོད་སྟོང་འཕྲོ་བའི་གནས་མཆོག་དང་། །རྟེན་གསུམ་བཀོད་པ་ཡུལ་གྱི་ཁྱད་ཆོས་རྣམས། །ངོ་མཚར་ལྷ་ཡུལ་ལྗོངས་སུ་འཕོས་འདྲ་འདི། །ལྕེ་བརྒྱར་སྤྲུལ་ཏེ་སྨྲས་ཀྱང་ངལ་བའི་རྒྱུ། །གསེར་དངུལ་ཟང་དང་ར་གན་ཞ་ཉེ་ལྕགས། །དབྱར་རྩྭ་དགུན་འབུ་རྫ་ཡུང་ལ་སོགས་པའི། །རྩ་ཆེན་རང་བྱུང་གཏེར་རྫས་སྨན་སྣ་སོགས། །མཁོ་དགུ་མ་ཚང་མེད་པའི་ཐོན་ཁུངས་མང་། །ཡིད་འོང་ཉམས་དགའ་གཙང་མའི་གནས་མཆོག་དེར། །གཡུ་ལྗོན་ཚང་ཚིང་འཁྲིག་པའི་ནགས་ཁྲོད་དུ། །དཔྱིད་དུས་ཁུ་བྱུག་འཇོལ་མོའི་རྒྱང་གླུ་སྙན། །ཕུན་ཚོགས་ས་ལ་དགེ་མཚན་རྣམ་པར་བཀྲ །ཆར་ལྡན་དུས་ཀྱིས་བསུས་པའི་སྤང་ཐང་ངོག །ཁ་དོག་རྣམ་བཀྲའི་ཆུ་སྐྱེས་སྣ་ཚོགས་ནི། །ཀུན་གསལ་སྐར་ཚོགས་ཁྲ་མོའི་གྲངས་ལ་འཁུ། །བཅུད་འཛིན་རྐང་དྲུག་རྣམས་ཀྱིས་རྒྱུད་མང་བཀྲོལ། །མཚོ་དང་མཚེའུ་ཡན་ལག་བརྒྱད་ལྡན་ཆུ། །དག་བྱེད་མཐོ་རིས་ཡོན་ཆབ་བྲིན་པ་འདྲ། །འདབ་ལྡན་གཉིས་སྐྱེས་ལྷ་ཡི་གར་མཁན་ཚོགས། །མགོ་བོ་ཀྱོག་ཀྱོག་བྱེད་བཞིན་གར་ལ་རོལ། །རྫ་བྲག་སྤང་གསུམ་འདྲེས་མའི་ས་འཛིན་རྣམས། །ལྷུན་ཆགས་བརྗིད་ལྡན་རྩེ་མོ་དགུང་ལ་ཟུགས། །ཀུན་གསལ་ཉི་ཟླ་ཟུང་གི་རྣ་ཆ་སྤྲས། །མཁའ་ཡི་གླང་པོ་མགུལ་གྱི་རྒྱན་དུ་འཁྲིགས། །སྣོད་བཅུད་དགེ་མཚན་ལྡན་པའི་ས་ཕྱོགས་དེར། །རྐྱང་འབྲོང་ཤྭ་བ་གླ་བ་གཙོད་དང་གཉན། །གསའ་དང་འཕར་བ་སྟག་གཟིག་ཕ་རྒོད་སོགས། རི་དྭགས་གཅན་གཟན་མང་པོའི་ཁྱིམ་གཞི་ཡིན། །དུས་བཞིའི་དྲོ་གྲང་སྙོམས་པས་ས་བཅུད་ཆེ། །དགེ་བཅུ་ཕུན་སུམ་ཚོགས་པའི་འཚོ་བ་ལེགས། །ཞིང་ཕྱུག་དཔལ་འབྱོར་དབྱར་མཚོ་ལྟ་བུ་རྒྱས། །ཕྱོགས་ཀྱི་མགྲོན་རྣམས་མ་བོས་སྤྲིན་བཞིན་འདུ། །གཡུ་ཡི་མེ་ལོང་ཕྱེས་འདྲའི་མཛེས་ལྗོངས་སུ། །རྐང་འཐུང་ཨུལྤལ་དཀར་དམར་སྣ་ཚོགས་བཞད། །ཤང་དྲིལ་མེ་ཏོག་ལུག་མིག་གངྒྰ་ཆུང་། །སྟོང་ཟིལ་གཡའ་ཀྱི་ལ་སོགས་རྩི་སྨན་མང་། །དེ་འདྲའི་ས་གཙང་ཉམས་དགའི་སྐྱེས་ཚལ་དུ། །སྐྱེ་བའི་རྐང་གཉིས་ལ་སོགས་སྲོག་ལྡན་རིགས། །ལྷིང་འཇགས་བག་ཕེབས་ངང་དུ་གནས་པ་ནི། །སྔོན་བསགས་བསོད་ནམས་ཟུང་གིས་བྲིན་པ་འདྲ། །དེང་རབས་འཕྲུལ་གྱིས་བཟོས་པའི་ཉེར་སྤྱོད་མང་། །དབྱིབས་མཛེས་ཁང་བཟང་རླངས་འཁོར་བགྲངས་ལས་འདས། །སྣེ་མང་བརྡ་འཕྲིན་ཚན་རྩལ་རིག་གཞུང་སོགས། །དབྱར་གྱི་དུས་སྟོན་རྗེས་སུ་རྐང་པ་འཇོག །རྒན་པ་རྣམས་ལ་བློ་ཇུས་ཐབས་བཀོད་ཆེ། །གཞོན་གསར་རྟ་རྒྱུག་མདའ་འཕེན་ལས་ལ་བྱང་། །བྱིས་པ་རྣམས་ནི་རྣམ་རིག་གཞན་ལས་བཀྲ། །ཕོ་རྩལ་ཀུན་རྫོགས་ཁམས་པའི་ཕོ་རྒོད་གྲགས། །ཕ་རོལ་དགྲ་ལ་རྒོལ་བའི་སྙིང་སྟོབས་ཡོད། །ནང་གི་གཉེན་ལ་བརྩེ་བའི་བྱམས་སྐྱོང་ཡོད། །འཐབ་མོའི་གཡུལ་ལས་རྒྱལ་བའི་དཔའ་རྩལ་ཡོད། །ཁམས་པའི་ཕོ་རྒོད་ཆོལ་གསུམ་མི་ཡི་རྒྱན། །ཆོས་པས་བཤད་སྒྲུབ་འཆད་ཉན་རྒྱལ་བསྟན་སྤེལ། །ཁྱིམ་པས་སྲིད་ཀྱི་དོན་སྒྲུབ་སྲོལ་བཟང་སྐྱོང་། །ཆོས་སྲིད་ཉི་ཟླའི་རྣ་ཆ་ཡ་མ་བྲལ། །ལུགས་གཉིས་དོན་གྱི་འབྲས་བཟང་གཡུར་དུ་སྨིན། །མཐའ་བཞི་ལྷུན་པོ་ཁ་བའི་འདབ་མས་གཡོགས། །ཡངས་པའི་རྩྭ་ཐང་རྟ་ནོར་ལུག་གི་ཁེངས། །མར་ཕྱུར་འོ་ཞོའི་འཕེལ་ཁ་མཚོ་ལྟར་རྡོལ། །ཁམས་བསྟོད་མཐོང་བ་ཀུན་སྨོན་གོ་ལའི་རྒྱན། །དེ་ལྟར་ཕ་ཡུལ་ཁམས་ཀྱི་མཛེས་ལྗོངས་ལ། །བསྟོད་པའི་སྙན་ཚིག་མུ་ཏིག་ཕྲེང་བ་འདི། །ཀུན་སློང་རིགས་ཞེན་གཙང་མའི་སྲད་བུ་ལ། །དགེ་རྩེ་ཕུན་དགས་རྒྱུས་འདི་ཨེ་མ་རྨད། །
ལེགས་སོ། ཡང་ཡང་ཡིན་ཨ།
གངས་ཀྱི་་བསྐོར་བའི་བོད་ཀྱི་ལུང་པ་འདི་།
གནས་རི་གཏེར་རི་སྨན་རྩ་སོགས་ཀྱི་ཁེངས་།
མདོ་དབུས་ཁམས་གསུམ་གང་དུ་ཕྱིན་ན་ཡང་།
བདེ་སྐྱིད་ངོ་མཚར་སྨད་དུ་འཕགས་་པའི་ཡུལ་།
བོད་བསོད་ནམས་ཉམས་ནས་རྒྱ་ལ་ཤོར་།་་་་་་་་་
ྲ
་་་་་་་་་་་ །གསའ་དང་འཕར་བ་སྟག་གཟིག་ཕ་རྒོད་སོགས།
་
།རྐང་འཐུང་ཨུལྤལ་དཀར་དམར་སྣ་ཚོགས་བཞད། །
ཅེས་པའི་ནང་གི ཕ་རྒོད་འདི་ཕག་རྒོད་ཡིན་ནམ། གཞན་ཅིག་རེད། རྐང་འཐུང་ཨུལྤལ་སྐོར་ཅུང་རྒྱས་ཙམ་ཤེས་འདོ་བྱུང་བས་་་་་་ སུ་བྱུང་གིས། ཐུགས་རྗེ་གཟིགས།། །།