གཟའ་ཕུར་བུ་ཉིན་༸གོང་ས་མཆོག་གིས་བཞུགས་སྒར་དུ་འཚོགས་བཞིན་པའི་སྨོན་ལམ་ཚོགས་ཆེན་སྟེང་། ཇོ་ནང་བསྟན་པའི་མངའ་བདག་ཁལ་ཁ་རྗེ་བཙུན་དམ་པ་མཆོག་གི་ཡང་སྲིད་སོག་ཡུལ་དུ་ཕེབས་རྒྱུ་ཡིན་པ་མ་ཟད། ཁོང་གི་ཡང་སྲིད་ཀྱིས་འབྲས་སྤུངས་སྒོ་མང་དུ་སློབ་གཉེར་གནང་དགོས་སྐོར་གསུངས་ཡོད། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཇོ་ནང་བསྟན་པའི་མངའ་བདག་ཁལ་ཁ་རྗེ་བཙུན་དམ་པ་མཆོག
སོག་ཡུལ་རྒྱལ་ས་ཨཱ་ལམ་པཱ་ཐིར་དགའ་ལྡན་དགོན་པར་ཐུགས་དམ་ལ་བཞུགས་ཏེ་སྐུ་གཤེགས་པའི་གནས་ཚུལ་ཐོན་འཕྲལ། དབུས་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་དགོན་སྡེ་ཁག་གི་དགེ་འདུན་པ་ཚོས་དམ་པ་དེའི་ཆེད་བསྔོ་སྨོན་མཆོད་འབུལ་གནང་ཡོད་ལ། ཕྱི་ཚེས་ ༣ ཉིན་དགའ་ལྡན་ཕོ་བྲང་བླ་བྲང་གི་གོ་སྒྲིག་འོག ཐེག་ཆེན་གཙུག་ལག་ཁང་དུ་༸གོང་ས་མཆོག་དབུ་བཞུགས་ཐོག་སྐྱབས་གནས་དགེ་འདུན་གྱི་སྡེ་དང་། མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་ས་གནས་མང་ཚོགས་བཅས་ཀྱིས། བསྔོ་སྨོན་མཆོད་འབུལ་དང་ཁོང་གི་ཡང་སྲིད་གང་མགྱོགས་ཕེབས་རྒྱུའི་སྨོན་ལམ་བཏབ་ཡོད་ལ། སྐབས་དེར། ༸གོང་ས་མཆོག་གིས་སོག་ཡུལ་གཞུང་དམངས་གཉིས་ལ་ཐུགས་གསོའི་འཚམས་འཕྲིན་བསྩལ་ཏེ། བཀའ་ཟུར་ཟམ་གདོང་རིན་པོ་ཆེ་དམ་པ་དེའི་སྐུ་ཕུང་ཞུགས་འབུལ་ཆེད་མངགས་གཏོང་གནང་ཡོད། ཕྱི་ཚེས་ ༦ ཉིན་༸གོང་ས་མཆོག་གིས་གཙུག་ལག་ཁང་དུ་འཚོགས་བཞིན་པའི་སྨོན་ལམ་ཚོགས་ཆེན་སྟེང་། དགེ་འདུན་འདུས་མང་ཁལ་ཁ་རྗེ་བཙུན་དམ་པ་མཆོག་གི་ཡང་སྲིད་ཕེབས་སྟངས་དང་སློབ་གཉེར་གནང་ཕྱོགས་ཐོག་བསྐྱར་དུ་ནན་བརྗོད་གནང་སོང་།
སྐབས་དེར་གོང་ས་མཆོག་གིས་ཁལ་ཁ་རྗེ་བཙུན་དམ་པ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་སྐོར་གསུངས་དོན། “ ལོ་སྔོན་མ་ནས་ཁལ་ཁ་རིན་པོ་ཆེ་སྙུང་ནས་བསྡད་ཡོད་པ་རེད། སྐབས་དེར་སོག་ཡུལ་ནས་ང་ལ་ལན་ཞིག་འབྱོར་ཏེ། རིན་པོ་ཆེ་གང་དུ་གཤེགས་དགོས་པ་རེད་ཅེས་བཀའ་འདྲི་གནང་བ་རེད། ན་ནིང་ངས་རིན་པོ་ཆེར་མཇལ་འཕྲད་མཐའ་མ་ཞུས་པའི་སྐབས། ད་རིན་པོ་ཆེ་དགུང་ལོ་མཐོན་པོར་བསླེབས་ཚར་བ་རེད། ཕྱིན་ཆད་ཡང་སྲིད་སོག་ཡུལ་རང་ལ་ཕེབས་ཐུབ་རྒྱུའི་ཐུགས་འཛིན་གནང་དགོས་པ་རེད་ཅེས་ཞུས་པ་ཡིན། ཁ་སྔོན་རིན་པོ་ཆེས་ལན་ཞིག་གནང་སྟེ། གཤེགས་ས་གང་དུ་གཤེགས་དགོས་པ་རེད། ག་དུས་གཤེགས་དགོས་པ་རེད་ཅེས་གསུངས་འདུག ངས་ཧམ་པ་འདྲ་བཤད་དེ་གཤེགས་ས་སོག་ཡུལ་དུ་གཤེགས་དགོས་པ་རེད། གཤེགས་རྒྱུའི་དུས་ཚོད་དེ་ལོ་མཇུག་ལ་མ་གཤེགས། ལོ་གསར་ན་གཤེགས་ཐུབ་པ་གནང་དགོས་ཞེས་ཞུས་པ་ཡིན། ལོ་གསར་ནས་ཚེས་པ་བརྒྱད་ཉིན་ཏག་ཏག་གཤེགས་པ་རེད། མ་གཞི་སྐུ་གཟུགས་སྐྱོ་བ་ཆགས་ཏེ། ཨེམ་ཆི་ཚོས་ཧ་ལམ་རེ་བ་མེད་པ་འདྲ་བོ་བཤད་པ་རེད། ཕན་པའི་འདུན་པ་ཤུགས་ཆེན་པོ་ཡོད་ས་རེད། ཐུགས་དམ་ཉིན་མ་ཤས་རིང་བཞུགས་པ་རེད་ལ། དེའི་ཆེད་ཟམ་གདོང་རིན་པོ་ཆེ་ཆེད་མངགས་ཕར་ལ་བཏང་བ་ཡིན། ཟམ་གདོང་རིན་པོ་ཕེབས་ཏེ་སྙན་ཤལ་ཞིག་ཡོད་པ་དེ་ཕུལ་པ་དང་མཉམ་དུ། ལམ་སང་བྱང་སེམས་དཀར་དམར་འཛག་བཞིན་ཐུགས་དམ་གྲོལ་ཡོད་པ་རེད། རིན་པོ་ཆེ་དང་ངེད་གཉིས་བར་ཆོས་གྲོགས་ཀྱི་དམ་ཚིག་གཙང་མ་ཡོད་པ་རེད་ལ། ཁོང་སྐུ་གཤེགས་སྐབས་ཀྱང་ལྟས་མི་འདྲ་བ་ཞིག་བྱུང་ཡོད་པ་རེད ” ཅེས་གསུངས་བྱུང་།
༧གོང་ས་མཆོག་གིས་མུ་མཐུད་དུ་ཁལ་ཁ་རྗེ་བཙུན་དམ་པ་མཆོག་གི་ཡང་སྲིད་མཆོག་གི་སློབ་གཉེར་གནང་སྟངས་སྐོར་ལ། “ དེང་ཕྱིན་ཡང་སྲིད་ཡག་པོ་ཞིག་ཕེབས་ཐུབ་ཀྱི་རེད། རིན་པོ་ཆེ་སྐུ་གོང་མས་སྒོ་མང་གྲྭ་ཚང་ལ་སློབ་གཉེར་གནང་ཡོད་པ་རེད་ལ། ཁོང་གི་ཡང་སྲིད་ཀྱང་དགུང་ན་རིམ་པར་ཕེབས་སྐབས། འབྲས་སྤུངས་སྒོ་མང་ལ་སློབ་གཉེར་རྩེར་སོན་པ་གནང་སྟེ། གཞུང་སྤྱི་ལ་གོ་བ་ཆ་ཚང་བ་ཞིག་ཆགས་ཏེ། མཁས་བཙུན་བཟང་གསུམ་ཞིག་ཡོང་ཐུབ་པར་ཚང་མས་སྨོན་ལམ་རྒྱག་དགོས་པ་རེད། དེང་སྐབས་འཛམ་གླིང་འདིའི་སྟེང་མི་གསོད་ཁྲག་སྦྱོར་ཧ་ལས་པའི་སྐྱོ་བོ་རེད་ལ། ལྷག་པར་དུ། སེ་རི་ཡའི་ནང་དུ་སྐྱབས་མེད་མགོན་མེད་མང་པོ་ཞིག་གིས་ཧ་ལས་པའི་སྡུག་བསྔལ་མྱོང་བཞིན་ཡོད་ལ། བོད་ནང་དུའང་ཧ་ལས་པའི་སྡུག་བསྔལ་མྱོང་བཞིན་ཡོད་པ་རེད། དེའི་སྟབས་ཀྱིས། ཚང་མས་བདེ་བ་ཅན་གྱི་སྨོན་ལམ་གསུང་བའི་སྐབས་ལ་སྨོན་ལམ་ཡག་པོ་རྒྱག་དགོས་པ་རེད ” ཞེས་གསུངས་སོང་།
ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་བཅུ་གཅིག་པ་མཆོག་ནི། ཕྱི་ལོ་ ༡༩༣༢ ལོར་བོད་དབུས་རྭ་ལོའི་གདུང་རྒྱུད་ཡབ་བློ་བཟང་འཇམ་དཔལ་མཆོག་དང་། ཡུམ་དབྱངས་ཅན་ལྷ་མོ་མཆོག་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ༢༠༡༡ ལོར་༸གོང་ས་མཆོག་གི་བཀའ་དགོངས་བཞིན་སོག་ཡུལ་དུ་ཕེབས་ཡོད་ཅིང་། ད་ལོའི་བོད་ཟླ་དང་པོའི་ ༡ ཚེས་ ༨ ཉིན་སོག་ཡུལ་རྒྱལ་ས་ཨཱ་ལམ་ཏཱ་ཐིར་དུ་སྐུ་གཤེགས་ཡོད་འདུག
གསར་འགོད་པ། དཔལ་ལྡན།