(རྟོཊ་བཟོ།) འཕྲིན་འདིའི་ཡིག་འབྲི་བ་ནི་རྐ་འབྲོང་ཕྲུག་གོ
བདག་གི་སྙིང་ནས་བརྩེ་བའི་ཁ་བ་ཅན་གྱི་ཕུ་ནུ་མིང་སྲིང་རྣམ་པ།
ད་ཐེངས་བདག་གི་འཇིག་རྟེན་ལ་ལྷུང་བའི་སྐྱོ་གར་གྱི་འདབ་མ་དེས་ཁྱེད་ཅག་གི་དྲན་འཛིན་ངོས་སུ་འང་ཞུ་བར་དཀའ་བའི་སྐྱོ་གདུང་གི་ཁ་བ་མཐུག་པོ་ཞིག་བཞག་པ་ཕྲན་གྱིས་ཤེས་ཡོད། དེ་ནི་ཁྱེད་ཅག་གིས་ང་དང་ཁུ་བྱུག་ལ་བཅངས་པའི་བརྩེ་དུང་གི་ཟབ་ཚད་དང་གཟི་བརྗིད་ལྡན་པའི་མི་རིགས་ཞིག་གིས་རྩུབ་དྲགས་པའི་ལོ་རྒྱུས་ཀྱི་ཀུ་རེའི་ཁྲོད་ནས་རང་ཉིད་ཀྱི་རིན་ཐང་སླར་རྙེད་བྱུང་བའི་ཏན་རྟགས་ཞིག་ཀྱང་ཡིན་པར་འདོད་པས་དེ་ནི་དགའ་སྐྱོ་ཟུང་གིས་བཏེགས་པའི་ཆང་ཕོར་གང་དང་གཉིས་སུ་མ་མཆིས། འདི་ནི་བདག་གིས་ཕྱི་མའི་ཡུལ་ནས་ཁྱེད་ཅག་ལ་མཐའ་མཇུག་གི་འཕྲིན་ཡིག་འབྲི་དོན་ཡང་ཡིན།
གསལ་བཤད་ཀྱི་ངལ་བ་མི་དགོས་པར་ང་ནི་ལྟེ་ཁྲག་རྩ་ཐང་ནས་འཕོས་བའི་འབྲོག་ཕྲུག་གྲོལ་ལེན་པ་ཞིག་ཡིན་པའི་ཆ་ནས་བདག་གིས་ཁྱེད་ཅག་ལ་རྩམས་ཆོས་ཀྱི་དཔེ་དེབ་མང་པོ་ཞིག་ཤུལ་དུ་འཇོག་རྒྱུ་ནི་མ་བྱུང་། ངའི་མི་ཚེའི་ནང་རང་ཉིད་ཀྱི་ལག་གི་རྒྱུད་དྲུག་འདི་རྕེད་ཆས་བྱས་ཡོད་ནའང་འདྲ་ལ་བརྩེ་དུང་གིས་གྲོལ་ཡོད་ན་ཡང་འདྲ། གང་ལྟར་ངའི་མི་ཚེ་བསྟིམས་མྱོང་བའི་རང་གི་སྒྱུ་རྩལ་གྱི་ལམ་བུ་འདི་ནས་བཏོན་པའི་འོད་སྡེར་དང་སྒྲ་ཐག་དེ་དག་གིས་ཁྱེད་རྣམས་པའི་བརྩེ་དུང་དང་གདེང་འཇོག་ཁུགས་པ་ནི་བདག་གི་གངས་དཀར་སེམས་ཀྱི་ཟབ་སར་སྦས་བའི་ཚེ་ནོམས་འགང་ཆེན་དེ་ཡིན་ལ་ང་པུང་ཝང་གིས་བླངས་བའི་རྒྱལ་ཁ་ཆེ་ཤོས་ཤིག་ཏུའང་འདོད་ཡོད།
གང་ལྟར་སྔོན་ཆད་ངས་ཆང་ཁ་ཞིག་ནས་གླེང་མྱོང་བ་བཞིན་མཐོན་པོ་གནམ་གྲུ་ཡིན་ཡང་རང་གི་འཕུར་ལམ་ནས་ལྷུང་སྲིད་པ་བཞིན་བདག་གིས་འདི་ལྟར་ཁྱེད་ཅག་ལ་སྔ་ས་ནས་བདེ་མོ་འཇོག་དགོས་བྱུང་བ་ཡང་དེ་ལས་མ་འདས་ན་ཁྱེད་ཀྱིས་སྤྱན་ཆབ་གསིལ་མཚམས་བཞག་ནས་ངེད་ཅག་ལ་དབང་བའི་མཛེས་སྡུག་གི་སླར་དྲན་ལ་ཐེངས་ཤིག་རོལ་རོགས་དང་ཕྲན་གྱིས་གངས་ལྗོངས་ལ་ཕུལ་བའི་ལྷ་དར་རིང་མོ་དང་སེང་ཕྲུག་ཞིག་གིས་སྤོབས་པས་བཞག་པའི་གཡུ་ལོ་དེ་གཏན་དུ་ཁྱེད་སྤུན་ཟླ་རྣམས་པར་དྲན་རྟེན་དང་མཛེས་རྒྱན་དུ་སྒྲོན་པ་ཡིན།
དེ་ནས་ད་དུང་འབྲི་འདོད་པ་ཞིག་ནི་ལས་དབང་གི་བཀོད་སྒྲིག་ཞིག་སྟེ་གྲོལ་ལེན་ལ་དགའ་མོས་ཀྱི་དབང་གིས་བདག་དང་དགེ་སློབ་གྱི་འབྲེལ་བ་བྱུང་བའི་མི་ཁག་ཅིག་དང་སྒྱུ་རྩལ་ལས་རིཊ་འདི་ལ་བརྩེ་དུང་ཟབ་མོ་བཅངས་མཁན་རྣམས་ལ་བདག་གིས་ཁ་ཆེམས་ཀྱི་ཚུལ་དུ་བཤད་པ་འདོད་པ་ནི་འདི་ཡིན་དེ་<མི་རིགས་ཀྱི་ཡིན་ན་འཛམ་གླིང་གི་ཡིན>་ཅེས་བའི་ཚིག་འདི་དག་རེད། ཚིག་འདི་དག་ནི་བདུད་བྷེ་ལ་ཆེ་སོང་མ་དགོངས་པར་ཐུགས་ལ་འཛིན་རོགས། འགའ་རེས་བཤད་རིན་ཅང་མི་འདུག་དགོངས་སྲིད་ན་ཐང་མོད་གང་ལྟར་ལོ་དེར་ང་མགྱོགས་པ་གནམ་གྲུར་བསྡད་ནས་ཨ་རིར་འཕུར་ཅིང་བོད་ཀྱི་གྲོལ་ལེན་སྒྱུ་རྩལ་གྱི་བྲོ་བ་ཞིག་དེ་གར་མྱོང་དུ་བཅུག་པ་དེ་གཅིག་པུས་ཀྱང་ངས་གོང་ནས་བཤད་པའི་ཚིག་དུམ་དེར་འབྲེལ་བཤད་ཅིག་བྱས་ཡོད་པར་འདོད།
མཇུག་མཐར་བདག་ལ་དགའ་མོས་བྱེད་མཁན་གྱི་གངས་ཅན་པ་སྤྱི་དང་ང་ལ་རྗེས་དྲན་སྙན་ཚིག་འབྲི་མཁན་ཡོངས་ད་དུང་བདག་གི་གྲོལ་ལེན་སྒྱུ་རྩལ་ཁྲོད་དུ་གཞས་ཚིག་འབྲི་བ་པོ་ཚང་མར་སྙིང་ཐག་པ་ནས་བདག་དྲིན་ཆེ་ཞུ།
བརྩེ་ལྡན་གྱི་གངས་ཕྲུག་གམ་གངས་ལྗོངས་ཁུ་བྱུག་སྔོན་མོས་བདེ་བ་ཅན་ནས་བརྩེ་བས་ཕུལ།
ཁ་བ་ཅན་རྒྱལ་གྱུར་ཅིག