གཡུ་རྩེ།
ཁུ་བྱུག་འདི་ལྟར་ངེས་མེད་དུ་འཕུར་འོང་ཞིང་། ཚོད་མེད་དུ་གྲགས་པས། སེམས་པ་མཐར་མ་ཆོད་དེ་སྡོད་དགོས་པའི་དགུན་ཁ་ལྟ་བུའི་གནས་དུས་འདི། རང་གི་གཞི་འཛིན་ཏུ་རློམ་པ་ཡིན་ནམ། ཡང་ན། སུ་ཞིག་གི་སེམས་ཀྱི་དབྱར་གཞུང་ཡིན་པའི་ཕ་ཡུལ་གྱི་སྒོ་གླེགས་རྡུང་ངམ། དབྱར་ཟླ་ཟེར་ཡང་ཉི་ཟེར་གྱི་ཚ་དྲག་སྲན་དཀའ་བའི་དུས་ཚོད་འདི་ལ། ཁྱེད་ཀྱིས་གཤོག་འགྱུར་གྱི་གར་ཅི་ཙམ་འཁྲབ་ཀྱང་། ཁྱེད་ཀྱི་གསུང་དབྱངས་ཀྱི་འགྱུར་ཁུགས་ཅི་ཙམ་སྙན་ཡང་། སྙིང་ལ་ཚ་བ་རྒྱས་པའི་ཁ་སྣོན་གྱི་གཟུགས་དང་སྒྲ་ཙམ་ལས་ཅིར་ཡང་མི་འགྱུར་གྲང་། ས་འདི་ནས་ཁུ་བྱུག་མཐོང་སྙིང་མི་འདོད་ཅིང་། ཁུ་བྱུག་གི་གསུང་སྐད་ཀྱང་མ་གོ་ན་བསམ།
ཁ་བ་འབབ་ཀྱིན་འབབ་ཀྱིན། མེ་ཏོག་བཞད་ཀྱིན་བཞད་ཀྱིན། རི་མགོ་དང་རི་གཤམ་གྱི་སྣང་བར་དབྱར་དགུན་གྱིས་བར་ཆོད་ཅིང་། ཕ་ཡུལ་གྱི་གཏན་ཚིགས་དང་ཡོངས་སུ་འགལ་བའི་ཁོར་ཡུག་འདི་དང་དུས་ཚིགས་འདི། ཁྱེད་ཀྱིས་དབྱར་ཁ་ཞིག་གི་ལང་ཚོ་སྦྲུམ་པའི་ཡུམ་ཆེན་དུ་མཇལ་ལམ། མེ་ཏོག་དང་འཇའ་ཚོན་གྱི་མཛེས་བ་རྒྱན་དུ་སྤྲས་པའི་དབྱར་ཉི་རིང་པོ་རིང་པོ་ཞིག་གི་ན་ཚོད་དུ་ཚོར་རམ།
ལྟོས་དང་། ཐག་རིང་ཐག་རིང་ནས་ཧ་ཅང་སྟུག་ལ་སྣུམ་པར་མཐོང་བའི་ནགས་ཚལ་དེ་ཡང་། ཁྱེད་ཀྱི་བར་སྣང་དང་ཐག་རིང་གི་རྒྱང་མིག་ཁྲོད་ཀྱི་འདྲ་གཟུགས་ཙམ་དུ་ཟད་དེ། ཐག་ཉེ་ཐག་ཉེ་རུ་བཏུད་ཚེ། ལུས་ཀྱིས་རེག་མི་བཏུབ་ཅིང་། སེམས་ལའང་ཟུག་པའི་ཚེར་མའི་སྡོང་བོ་འདྲ་བ་རྐྱང་དུ་སོང་། ཁྱོད་ལ་རང་གི་ཁྱིམ་གཞི་བྱས་ཆོག་པའི་སྡོང་རྩེ་ཁེར་ཧྲེང་ཞིག་ཀྱང་བདོག་གམ།
མགོ་བོ་གུག་གུག་གིས་གཉིད་ལྕོག་རྒྱག་པའི་གྲོ་ཞིང་ནས་ཞིང་གི་བར་བར་ན། ཁྱོད་ཀྱི་ལང་ཚོ་བཀྲམ་སྟོན་བྱེད་པར་འབོད་པ་གཏོང་མཁན་གྱི་ལྗང་མྱུག་གི་གཡབ་མོ་མི་མཐོང་དེ་འདུག གསེར་མདོག་གིས་གཡོ་ཞིང་སྐྱོམ་པའི་ཞིང་ཚིགས་རེ་རེ་ན། ཁྱེད་ཀྱི་སྙན་པའི་གསུང་དབྱངས་སྒྲོག་པར་རེ་ཞིང་སྒུག་པའི་བུང་བ་དང་ཕྱེ་མ་ལེབ་སོགས་ཀྱང་མི་གདའ་ལེ།
དེས་ན། ཁྱེད་ཀྱིས་ད་དུང་ཅི་ཞིག་བསྒུམ་འདོད་པ་ཡིན་ནམ། སྟོན་ཀ་ལྟ་བུའི་དབྱར་ཁ་འདིའི་ཁ་དོག་གི་ངོགས་སུ་ནམ་ཡང་ཡལ་མེད་དུ་གདའ་བའི་སུན་སྣང་ངམ། འགྱོད་གདུང་ངམ། ཡང་ན་འཁྲེང་སེམས་ལྕི་མོ་འདི་ཨང་། དཔྱིད་ཀ་འདྲ་ལ་དགུན་ཁའང་རེད་འདོད་སྐྱེས་ཤིང་། དབྱར་ཁ་ཡིན་ལ་སྟོན་ཀ་རུའང་སེམས་པའི་ཆ་མི་སྙོམ་པའི་དུས་ཚིགས་ཀྱིོ་བར་གླགས་སུ། ཁྱོད་ཀྱིས་སུ་ཞིག་གི་སེམས་པ་རླུང་ལ་བསྐུར་འདོད་དམ། ཁྱེད་ཀྱིས་སུ་ཞིག་གི་དྲན་པའི་མིག་ཆུ་འཐུང་འདོད་དམ།
ཁུ་བྱུག ཁྱེད་ཀྱིས་སུ་ཞིག་གི་སེམས་ཀྱི་ལྗོངས་རྣམ་ཡིན་པའི་ཕ་ཡུལ་གྱི་སྔོན་མོ་སྤང་དེ་མི་དྲན་ནམ། ཁྱེད་རང་རང་དབང་སྒོས་རང་གི་གནས་ཡུལ་ཏུ་ལོག་མི་འགྲོ་དོན་ཅི། ཁྱེད་ཀྱིས་ཅིའི་ཕྱིར་འདི་ལྟར་ང་ཡི་དྲན་པའི་སྒོ་གླེགས་རྡུང་ངམ།།
གཡུ་རྩེ་ལེགས། མིང་ཚིག་འགའ་ཞིག་བོད་སྤྱིའི་མཁས་པའི་ཚུལ་དང་མཐུན་པར་བཅོ་དགོས་པ་རེ་སྣང་བ་མ་གཏོགས། སྤྱིར་བཏང་ལེགས་པར་བྲིས་པས་རྩོམ་ཡིག་ཡིད་སྤྲོ་བ་ཞིག་ཏུ་སྣང་།
ཁུ་བྱུག་དང་བྱ་ཁ་ཏ་གཉིས་ལུས་འདྲ་བ་ཡོད་པ་ལེགས་སྦྱར་སྐད་དུ་བཀླགས། ངས་བྱ་ཁ་ཏ་མང་པོ་མཐོང་མྱོང་ཡང་། ཁུ་བྱུག་གཅིག་ཀྱང་མིག་གིས་མ་མཐོང་། ལེགས་སྦྱར་སྐད་དུ། དཔྱིད་ཀྱི་དུས་སླེབས་པ་ན། ཁུ་བྱུག་ ཁུ་བྱུག ཁ་ཏ་ ཁ་ཏ། ཞེས་ཚིགས་བཅད་ཅིག་ཏུ་བཤད་པ་ལྟར་ན། ཁུ་བྱུག་གིས་དཔྱིད་དུས་མ་གཏོགས་སྐད་སྙན་པོ་འདོན་པ་མེད་པ་བོད་དུ་ཡང་ཡིན་ནམ། ཡང་ན། རྒྱ་གར་དུ་དེ་འདྲ་ཡིན།
བྱ་ཁུ་ཡུག་ཟེར། འདི་ཨམ་སྐད་དང་ཤིན་ཏུ་མཐུན།
ཁུ་བྱུག་དང་ཁ་ཏ་གཉིས་འདྲ་བོ་མེད། ཁ་ཏའི་གཟུགས་ཆེ་བ་དང་སྐད་མི་སྙན་པ། ཁ་དོག་ཀྱང་ནག་ལ་ཇུས་གཏོགས་ཆེ་བ་དང་ཐན་བསྐྱེལ་བར་བྱེད། ཁུ་བྱུག་ནི་ཤར་ཕྱོགས་ཀྱི་ཁུ་བྱུག་རིགས་རྣམས་ནི་་་གཟུགས་མདོག་སྔོ་བ་ཁྲ་དང་ཕུག་རོན་བཟོ་འདྲ་ཡོད་ཅིང་ཆེ་ཆུང་ཀྱང་ཕུག་རོན་དང་ཁྲ་ཙམ་ཡོད། སྐད་སྙན་ལ་དྭངས་ཤིང་གཙང་བ་དང་སྙན་པ། དཔྱིད་ཀྱི་དུས་སུ་འོང་ཅིང་སྐད་དང་གཟུགས་ཀྱི་རྣམ་འགྱུར་གྱིས་དབྱར་གྱི་ཞོན་དང་སྟོན་གྱི་འབྲས་བུ་ལས་སོགས་ཅི་འབྱུང་གི་པྲ་ལྟས་སྟོན་པར་བྱེ་དོ། ནུབ་ཕྱོགས་དང་ཨ་རི་སོགས་སུ་གཟིགས་དབྱིབས་ཆེ་ཆུང་འདྲ་ནའང་ཁ་དོག་སྨུག་པོ་ཡོད། ཁོང་ཚོས་ཁུ་བྱུག་སྡོན་མོ་ཟེར་ན་ཧ་བགད་ཤོར།
གནམ་ནས། འདི་སྐད་བཀོད་པ་དེ་ང་ལ་གནའ་བོའི་སྐད་ཀྱི་བརྗོད་སྟངས་ཤེས་པ་ལ་ཕན་ཐོགས་པའི་རྒྱུར་འགྱུར་ངེས།
“བྱ་ཁུ་ཡུག་ཟེར། འདི་ཨམ་སྐད་དང་ཤིན་ཏུ་མཐུན།” གནའ་བོའི་སྐད་དུ། ཡ་བཏགས་ཀུན་ཡ་རུ་འབོད། ཨིན་ཡིག་ཏུ་བོད་ཀྱི་ཡི་གེ་ཐོབ་སྟངས་བཞིན་བྲིས་པ་ཞིག བོད་སྐད་སྦྱངས་མེད་པའི་ཨིན་སྐད་ཤེས་པ་པོ་ལ་ཀློག་ཏུ་བྱིན་ན། བོད་གནའ་བོའི་སྐད་ཀྱི་སྒྲ་གདངས་བཞིན་དུ་ཀློག དཔེར་ན། ཁུ་བྱུག khu byug བྱ་ཕོ། bya pho བྱ་མོ། bya mo ཕྱི། phyi ལ་དྭགས་གཤམ་ཕྱོགས་པ་དང་། སྦལ་ཏི་དག་གིས་མིང་ཚིག་མང་པོ་བོད་གནའ་བོའི་འབོད་ཚུལ་བཞིན་འབོད་པ་མཐོང་། དེ་བཞིན་ད་ལྟ་ཡང་བོད་ཀྱི་མཐའ་མཚམས་ཤར་ལྷོ་ནུབ་ཀུན་ཏུ་ཡོད་པ་ཐོས། བོད་ཀྱི་བྱང་དུ་བོད་པ་དེ་འདྲར་འབོད་མཁན་ཡོད་མེད་ཆ་མ་རྟོགས། འོན་ཀྱང་ཧོར་སོག་གྱིས་དཔེ་ཆ་དང་། འདོན་པ་དག་གནའ་བོའི་འབོད་ཚུལ་བྱེད་དགོས་པ་ཁལ་ཀ་རྗེ་བཙུན་དམ་པས་ཁྲིམས་མཛད་པ་ཐོས་སོ།།