ཨེན་ཌི་ཪིའོ་ ཇེ་ཁོབ་ཀྱིས་བརྩམས། ནིའུ་ཡོག་དུས་བབ་སྟེང་ ༢༠༠༨ ལོའི་ཟླ་ ༥ ཚེས་ ༢༣ ཉིན་བཀོད།
ལྷུང་ལྷུང་དུ་འབབ་པའི་མཱིན་གཙང་པོ་ནི་འདམ་རྙོག་དང་བཅས་གཤམ་གྱི་གྲོང་གསེབ་དེ་བརྒྱུད་ནས་རི་ངོགས་སུ་ཡར་སོང་། རླུང་བུ་ཞིག་གིས་གནའ་བོའི་གཱིན་གོ་༼ ginkgoes༽སྡོང་པོའི་ལོ་མ་རྣམས་བཙན་གྱིས་དེད། གཡས་གཡོན་དུ་ཐག་རིང་ནས་ཐོས་པའི་ཉེན་བརྡའི་སིར་སྒྲ་རྣམས་ཞི་འཇགས་ཁྲོད་དུ་ཟུག་པར་གྱུར།
སྒྲ་གཞན་དག་ཅིག་ཐོས་པ་ནི་ ཝང་ ཀྲུང་ཆིན་གྱི་རྐང་འོག་ན་ཡོད་པའི་ས་ཕག་ཆག་རོའི་སྒྲ་ཡིན་ཅིང་། གྲོང་ཁྱེར་འདིའི་ཐོད་ན་ཆགས་པའི་ལོ་ངོ་ ༡༥༠༠ ཅན་གྱི་རྒྱལ་པོ་གཉིས་ཀྱི་ལྷ་ཁང་གི་ཆག་རོ་དག་ནས་ཡོང་བ་རེད། ཁོའི་མཐའ་སྐོར་ཚང་མར་ཧོན་འཐོར་བའི་ཆག་འཇིག་གི་རྣམ་པ་སྟེ། རྩིག་རྡོས་དུམ་བུར་བཏང་བའི་ཟངས་ཀྱི་སྤོས་གཞོང་ཆེན་པོ་ཞིག་དང་། གནའ་བོའི་ལྷ་ཁང་གི་རྒྱ་ཕིབས་འཐོར་བཤིག་སོང་བ། རྐེད་པ་ནས་ཆག་པའི་དགོན་པའི་སྲུང་མའི་རྡོ་སྐུ་བཅས་ཡོད་ལ། རྡོ་སྐུ་དེ་ནི་བཤད་སྲོལ་ལ་རྒྱ་ནག་ནང་གི་རྙིང་ཤོས་ཤིག་རེད་ཟེར།
ལོ་ ༣༦ ཡིན་པའི་དགོན་པའི་གྲྭ་པ་ཝང་གིས། “གནམ་གྱིས་ང་ཚོར་བསླབ་བྱ་ཞིག་རྒྱག་གིན་འདུག་སྙམ། འཛམ་གླིང་འདི་ཆ་སྙོམ་མེད་དུས་འདི་འདྲ་ཡོང་གི་རེད།”ཅེས་བཤད་བྱུང་།
ས་ཡོམ་དེ་ནི་སི་ཁྲོན་ཞིང་ཆེན་དུ་ ཟླ་བ་ ༥ ཚེས་ ༡༢ བྱུང་ཞིང་། མ་མཐའ་ལ་ཡང་མི་ ༥༥༠༠༠ བསད་ཅིང་། ༢༤༧༠༠༠ རྨས། ས་ཡ་ལྔ་ལས་བརྒལ་བ་ནི་ཁྱིམ་མེད་པ་བཟོས།
གློ་བུར་གྱི་གོད་ཆག་འདིས་མི་ཚེ་མཐའ་ཡས་པ་གཏོར་བཅོམ་བྱས་པ་དང་ཆབས་ཅིག་ད་དུང་གནའ་རྫས་རྙིང་བས་ཕྱུག་པའི་ཞིང་ཆེན་འདི་ལ་གོད་ཆག་ཅིག་སླེབས་པར་བྱས། འདིར་རི་གཟར་གྱི་རྩེ་མོ་རྣམས་བྱང་ངོས་སུ་བོད་ཀྱི་མཐོ་སྒང་ལ་མཐུད་ཡོད། གཞུང་གི་སྔོན་རྩིས་ཤིག་ལྟར་ན་དུས་ཡུན་སྐར་མ་ལྔའི་ནང་ཚུན་དུ་ ལོ་རྒྱུས་ཅན་གྱི་གནས་ ༡༨༤ རྩ་མེད་བཟོས་པའམ་ཡང་ན་གནོད་སྐྱོན་ཕོག་ཡོད། རྒྱ་ནག་ནི་སྙན་ངག་མཁན་གྲགས་ཅན་ཞིག་ཡིན་པའི་ལཱི་པེ་ཡི་ཁྱིམ་དེ་དུམ་བུར་བཏང་། ལོ་ ༨༠༠ ཅན་གྱི་ཇིན་ཡཱུ་ཡི་ཤིང་གི་ལྷ་ཁང་དེ་ལ་གནོད་སྐྱོན་ཚབས་ཆེ་བཟོས། ཞིང་ཆེན་གྱི་མཐའ་ཟུར་རིང་ས་ཞིག་ཏུ་ལོ་བརྒྱ་ཕྲག་ཅན་གྱི་བོད་ཀྱི་ལྷ་ཁང་ཉི་མཚོ་ནི་རྩིག་རྨང་དང་ཁ་བྲལ།
རྒྱལ་པོ་གཉིས་ཀྱི་དགོན་པ་འདིའི་རྨང་གཞི་ནི་ སྤྱི་ལོའི་སྔོན་གྱི་ལོ་ ༢༥༦ ལོར་ཆུ་ལོག་སྔོན་འགོག་གི་བཀོད་བྱུས་འདིང་མཁན་ཞིག་གུས་ཞབས་ཞུ་ཆེད་བརྒྱབ་པ་རེད། ད་ལྟའི་ཆར་རྒྱལ་སྤྱིའི་གནའ་རྫས་སྤྱི་ནོར་གྱི་གནས་ཤིག་རེད། གཏོར་བཤིག་གི་རིམ་པ་ནི་ཧ་ལམ་ཆ་ཚང་བར་གྲུབ་འདུག རྡོ་སྐས་རིང་མོ་དག་ནི་ཡས་མས་སུ་དཀྱོགས་ཤིང་ཚོང་ཁང་ཆུང་ཆུང་དག་གི་ཤུལ་ནི་ཤིང་དུམ་རྙིང་པའི་སྙིགས་རོ་དང་དེའི་ཐོག་ལ་ཀོ་ཀོ་ཀོ་ལཱའི་ལྕགས་སྣོད་དང་རྡུལ་དང་འདྲེས་པའི་ཤོག་བྱང་དག་གིས་ཕྲ་བཏབ་འདུག
སི་ཁྲོན་གནའ་རྫས་རིག་གཞུང་འཛིན་སྐྱོང་ཁང་གི་ལས་བྱེད་པ་ཝང་ཆོང་ལྟར་ན། ཤུལ་ལུས་ཀྱི་མི་འབོར་ས་ཡ་མང་པོར་དགོས་མཁོའི་ཛ་དྲག་ཆེ་མིན་ལ་མ་ལྟོས་པར། ལོ་ངོ་གསུམ་གྱི་ནང་ཚུན་ས་ཆ་འདི་བསྐྱར་གསོ་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད་པ་རེད། “ངའི་བསམ་ཚུལ་ལ་ས་གནས་སྲིད་གཞུང་དང་དེ་བཞིན་སྤྱི་ཚོགས་ཀྱིས་དཔལ་འབྱོར་རོགས་རམ་བྱེད་ཀྱི་རེད།” ཁོས་བཅར་འདྲི་ཞིག་གི་སྐབས་སུ་དེ་ལྟར་བཤད།
གྲྭ་བ་ཝང་ལ་ནི་དེ་འདྲའི་རེ་བ་ཞིག་མི་འདུག ཁོང་གིས། “བསྐྱར་གསོ་བྱེད་རྒྱུ་ལ་མི་ཚེ་གཅིག་གི་དུས་ཚོད་འགོར་གྱི་རེད།” ཅེས་བཤད་བྱུང་།
རྒྱལ་པོ་གཉིས་ཀྱི་ལྷ་ཁང་འདི་ནི་ཐེངས་མང་པོར་བསྐྱར་བཞེངས་དང་བསྐྱར་གསོ་བྱས་ཡོད་ནའང་། ལོ་རྒྱུས་པ་ཚོས་དེ་ནི་ཕྱི་ལོ་ ༥༠༠ ཙམ་ལ་མགོ་ཚུགས་པར་འདོད་ལ། དེ་ནི་ལིས་བིང་གིས་མཱིན་གཙང་པོ་དཀྱོགས་ཐུབ་པ་བྱུང་བའི་ཆུ་འགག་བཟོས་ནས་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་རྗེས་ལ་རེད། མཱིན་གཙང་པོ་དེ་འབྲི་ཆུར་བབས་ན་དཔྱིད་ཀའི་སྐབས་ལ་རྒྱུན་དུ་ནས་ཁྲིན་ཏུའུ་གཞུང་དུ་མི་སྟོང་ཕྲག་མང་པོ་འཁྱེར་ཡོད་སྲིད་པ་རེད། རྒྱ་ནག་གིས་བཟོས་པའི་ཆུ་འགག་དང་ཆུ་སྦུབ་བཟོ་སྲོལ་ནི་འཛམ་གླིང་གི་ཆུ་ལོག་འགོག་ཐབས་རྙིང་ཤོས་ཡིན་ལ། གནའ་བོའི་བཟོ་རྩལ་གྱི་ཁྱད་ནོར་ཅིག་ཏུ་གནས་པ་རེད།
མཱིན་གཙང་པོའི་གནོད་སྐྱོན་ཅན་གྱི་ཆུ་རྒྱུན་དེ་དཀྱོགས་པ་དང་ཆབས་གཅིག་གཙང་ངོགས་ཀྱི་ས་ཆ་ཨེ་ཀར་སྟོང་ཕྲག་མང་པོ་རྒྱལ་ཁབ་ཀྱི་ཞིང་སར་བསྒྱུར་ཅིང་། དེ་ཚོ་ཚང་མ་ཡང་གཙང་པོ་ཁ་བསྒྱུར་བའི་ཆུ་བོ་ཡིས་གསོ་སྐྱོང་བྱས་པ་རེད། ཆག་རོའི་ཁྲོད་ནས་འབུར་དུ་ཐོན་པའི་ལྷ་ཁང་གི་སྒོ་ཞིག་སྟེང་དུ། “ཁོང་གི་མཛད་རྗེས་ནི་མི་རབས་ ༡༠༠༠༠ རིང་ལ་དྲན་གསོ་བྱེད་གི་རེད།”ཅེས་བརྐོས་འདུག
མི་རབས་མང་པོའི་རིང་དགོན་པ་འདི་ནི་གྲྭ་པ་ཚོས་བདག་སྐྱོང་བྱས་ཤིང་། དེ་ཚོའི་མང་པོ་ཞིག་ནི་ཐའོ་ཆོས་ལུགས་ཀྱི་འབྱུང་གནས་ཡིན་པའི་རི་བོ་ཆིང་ཆེང་གི་ཐག་ཉེ་ནས་ཡོང་བ་རེད། ཁོང་ཚོའི་མི་ཚེ་ནི་སྨོན་ལམ་གྱི་མི་ཚེ་ཞིག་སྟེ། ཐའེ་ཆི་ ཆུན་ཞེས་གྲགས་པའི་ཞི་དལ་དུ་སྦྱོང་བའི་ཉམས་ལེན་ཞིག་རེད། དཀའ་ཐུབ་ཀྱི་མི་ཚེ་ལ་བརྟེན་པའི་དཀར་ཟས་བསྟེན་མཁན་ཡིན་ཕྱིར་གྲྭ་པ་དང་བཙུན་མ་མང་པོ་ཞིག་གིས། ཐ་ན་ཁོང་ཚོའི་ཡོང་འབབ་ནི་རླངས་འཁོར་ཁེངས་ནས་ཡོང་བའི་ལྟ་སྐོར་བ་ཚོ་ལ་རག་ལས་ཡོད་ན་ཡང་། ཁོང་ཚོ་ལ་ནི་འཛམ་གླིང་ཕྱི་རོལ་དང་འགལ་བའི་འབྲེལ་བ་ཞིག་ཡོད་ཟེར།
ཉེ་བའི་དུས་སུ་ཐའོ་ཆོས་ལུགས་པ་ཚོས་ གནས་འདི་ལ་དབང་བསྒྱུར་མང་བ་བྱས་པའི་ཞིང་ཆེན་གྱི་ལས་བྱེད་པ་ཚོ་དང་ཁྲིམས་ལུགས་ཀྱི་རྩོད་གླེང་བརྒྱབ་ཡོད་པ་རེད། གྲྭ་པ་ཝང་གིས་བཤད་པ་ལྟར་ན། ཞིང་ཆེན་གྱིས་ད་ཆ་ཁེ་འབབ་ཀྱི་མང་ཆེ་བ་འཁྱེར་གིན་ཡོད་ལ། དེར་བརྟེན་གྲྭ་པ་ཚོ་ནི་རང་གི་འཚོ་བའི་ཆེད་དུ་ཁྱིམ་ནས་བཟོས་པའི་དཀར་ཟས་ཀྱི་ཚོང་ལ་རག་ལས་དགོས་པ་ཞིག་བཟོས་ཡོད་ཟེར། ཁོས་གཞུང་གི་སྐོར་ལ། “ཁོང་ཚོས་འདི་ན་ཁེ་བཟང་བཟོ་རྒྱུ་ཡོད་པ་ཤེས་ཡོད་པ་རེད།”ཅེས་བཤད་བྱུང་།
ཁོང་ཚོ་གཏོར་བཤིག་གི་ཤུལ་དུ་བསྡད་ནས་ཇ་འཐུང་ཞིང་ཆོས་དཔེ་ཀློག་པའི་ཞོར་ལ། ཆོས་ལུགས་འདིའི་ཚོགས་མི་ཚོས་ས་ཡོམ་ནི་མིའི་སྤྱི་ཚོགས་ཀྱིས་རང་གི་བསྒྲུབ་བྱ་རྣམས་གོ་རིམ་འཆོལ་བར་བྱས་པའི་ཉེར་ལེན་ལས་བྱུང་བ་ཞིག་ཡིན་པར་བཤད། གྲྭ་ཆས་སྔོན་པོ་གྱོན་པའི་བཙུན་མ་ལོ་ ༣༨ ལ་སོན་པ་ཀྲུང་ ཙུང་ཇི་ཡིས་ མི་འབོར་ ༦༠༠༠༠༠ ཅན་གྱི་གྲོང་ཁྱེར་ཌུ་ཅིང་ཡཱན་གྱི་ནང་དུ་གོད་ཆག་གི་སྔོན་རྟགས་ཧ་ཅང་གསལ་པོ་ཡོད་པ་ནི་རང་བྱུང་ཁམས་ཀྱི་རིན་ཐང་དང་མཛེས་སྡུག་ལ་ལྟ་རྒྱུ་ལས་སྒོར་མོ་བཙལ་རྒྱུ་ལ་འདོད་རྔམས་ཆེ་དྲགས་པ་དེ་རེད་ཟེར། “ཁོང་ཚོར་ཕྱི་དངོས་པོའི་མི་ཚེ་ཡག་པོ་ཡོད་ནའང་ནང་སེམས་སྟོང་པ་རེད།” མོ་རང་ད་ལྟ་དགོན་པའི་གྲྭ་བཙུན་ཉི་ཤུ་ཡི་ཆེད་དུ་ཕུབ་པའི་གུར་གྱི་ཕྲེང་བསྟར་དེའི་ཟུར་ཞིག་བསྡད་ནས་དེ་ལྟར་བཤད་བྱུང་།
མོས་དེ་ལྟར་བཤད་རིམ་བཞིན། ཐག་རིང་ནས་ཁྲོག་སྒྲ་དམའ་མོ་ཞིག་ཐོས་ཡོང་། དེ་ནི་ས་འདེགས་འཕྲུལ་འཁོར་རེད་ལ། བཟོ་གྲྭའི་སྡོད་ཤག་ཅིག་བཤིག་ཅིང་མི་མང་པོ་ས་འོག་ཏུ་བཅུག་པ་དེའི་ཁང་རོ་རྣམས་འབྲས་མེད་དུ་སྔོག་བཞིན་ཡོད་པ་རེད། རི་ངོགས་མར་ཐག་རིང་ས་ཞིག་ན་མི་བརྒྱ་ཕྲག་མང་པོ་ས་འོག་ཏུ་བཅུག་ཡོད་པ་རེད། གྲོང་ཁྱེར་གྱི་གང་སར་ཁྱིམ་མི་ཚོས་ཤི་བོ་དག་གི་ཆེད་དུ་མྱ་ངན་བྱེད་གྱིན་འདུག
འདིར་རྩིག་པ་འགྱེལ་བ་བརྟེན་ནས་ལྟ་སྐོར་བ་གཅིག་བསད་ཅིང་། དེ་ལས་གཞན་པ་ཚང་མ་ནི་རྨས་སྐྱོན་ཆུང་ཚགས་རེ་བཅས་གསོན་ཐུབ་ཡོད། ས་ཡོམ་མ་ཡོང་གི་ཉིན་གཉིས་སྔོན་ལ། ཨའི་ ཀྲོང་ལིན་ལ་ཆེས་མི་སྡུག་པ་ཡོང་གིན་ཡོད་པའི་ཚོར་སྣང་ཞིག་བྱུང་པ་རེད། ས་ཡོམ་གྱི་ཉིན་མོ་དེ་ལ་མོ་རང་མགོ་ན་བཞིན་གཉིད་གསད་པ་དང་། གཏོར་བཤིག་ཆ་ཚང་བ་ཞིག་མ་ཐེབས་པར་ལུས་པའི་ཁྲོད་ཀྱི་དགོན་པའི་ལྷ་ཁང་ཆེ་ཤོས་དེ་ལས་འབྲལ་མི་ཐུབ་པ་ཚོར། “ངའི་སེམས་གཏིང་ནས་ང་འདིར་བདེ་འཇགས་ཡིན་པ་ཞིག་ཚོར་བྱུང་།”མོས་དེ་ལྟར་བཤད་བྱུང་།
རྒྱལ་པོ་གཉིས་ཞེས་པའི་ས་ཁུལ་འདིར་སྡོད་པའི་སྐྱེས་པ་དང་བུད་མེད་མང་པོ་ཞིག་གིས་ས་ཡོམ་ནི་མིའི་རྫོགས་མཐའ་མེད་པའི་དམག་འཁྲུག་དང་རྒན་པ་ལ་གུས་ཞབས་མེད་པ། ཁོར་ཡུག་ལ་གནོད་སྐྱོན་བྱས་པ་བཅས་ལ་ལས་རྒྱུ་འབྲས་འཁོར་བ་ཞིག་ཡིན་པར་འདོད། “གནམ་གྱི་ཡ་ལན་ཞིག་མ་ཡོང་བར་ཤིང་སྡོང་མུ་མཐུད་ནས་གཅོད་པ་དང་ས་གཞི་ལ་གཏོར་བཤིག་གཏོང་རྐྱང་བྱེད་ཐུབ་ཞིག་པ་ཡོད་མ་རེད།” བཙུན་མ་ཨའི་ཡིས་དེ་ལྟར་བཤད་བྱུང་ལ། ཉི་འོད་ཡལ་བ་དང་གྲྭ་བཙུན་རྣམས་ཁོང་ཚོའི་གུར་དུ་འཛུལ་སོང་།
ཡིན་ན་ཡང་གོད་ཆག་འདི་ལས་དོན་བཟང་པོ་འགའ་འབྱུང་སྲིད་གི་རེད་བསམས་བྱུང་ཞེས་བཙུན་མ་དེས་བཤད་སོང་། གྲོང་ཁྱེར་གྱི་གཤམ་ན་མི་ཆ་མེད་ཚོས་གཞན་ལ་རོགས་བྱེད་པ་དེས་མོ་ལ་སེམས་འགུལ་ཐེབས་འདུག གཅིག་བྱས་ན། མི་ཚོས་མོ་རང་དང་ཐའོ་ཆོས་ལུགས་པ་གཞན་པ་ཚོས་བདེ་སྐྱིད་ཀྱི་མི་ཚེའི་ཆ་ཤས་སུ་བལྟ་བའི་རིམ་པ་སྟེ། རང་ཁྲིམས་སྲུང་བ་དང་སྙིང་རྗེ་ཅན། སྟབས་བདེའི་མི་ཚེ་འཚོལ་བ་བཅས་ལ་སློབ་སྦྱོང་ཐོབ་གི་རེད། “མི་མང་པོ་ཞིག་གིས་ལས་འབྲས་མི་འཁོར་བའི་མི་ཚེ་འཆལ་པོ་ཞིག་བསྐྱལ་ནས་སྡོད་མི་ཐུབ་པ་དེ་ཤེས་གི་རེད། གཅིག་བྱས་ན། ས་ཡོམ་འདིས་ང་ཚོ་ཡར་རྒྱས་སུ་གཏོང་ཐུབ་གི་རེད།” ཅེས་བཤད་བྱུང་།
༼གོང་གསལ་ནི་ནིའུ་ཡོག་དུས་བབ་ཏུ་འཁོད་པ་དགེ་འདུན་རབ་གསལ་གྱིས་འཕྲལ་བསྒྱུར་བྱས་པ་ཡིན། འགྱུར་བཅོས་ལེགས་པོ་སོང་མེད་པ་དགོངས་འཇགས་ཞུ། མ་ཡིག་དབྱིན་ཡིག་ལ་གཟིགས་ན་ཁ་བྱང་གཤམ་གསལ་ལྟར་ཡིན།༽
http://www.nytimes.com/2008/05/23/world/asia/23monastery.html?_r=1&hp&oref=slogin