རེབ་ཐོག་མདའ།
དགུན་གྱི་ནམ་ཟླས་ཕྱི་ཡི་ལུས་ལ་རྒོལ།།
མཛའ་མོའི་སྐད་ཆས་ནང་གི་སེམས་པ་གྲང་།།
ཡོད་ཚད་གྲང་འདར་རྒྱག་པའི་དུས་ཚིགས་འདིར།།
མལ་ས་དྲོན་མོ་ཞིག་ལ་ཞེ་རེ་ཐོགས།།
ཕྱི་ལ་ཆས་ན་ངོ་ཤེས་ཉུང་ཉུང་རེད།།
ནང་དུ་བསྡད་ན་སེམས་པ་སྟོང་བ་རེད།།
ཡོད་ཚད་འགྱུར་ལྡོག་མང་བའི་མྱི་ཚེ་འདིར།།
གྲིབ་མ་ནག་པོ་ངེད་གཉིས་ཁེར་རྐྱང་ཡིན།།
གྲོགས་པོའི་ཁ་པར་སྣེ་མོ་བྲེལ་བས་ཁེངས།།
མཛའ་མོར་འཕྲིན་ཐུང་བཏང་ཡང་ཨ་ལན་མེད།།
མི་རྐྱང་ཁང་ཆུང་གྲུ་བཞིའི་ནང་རོལ་ན།།
ནམ་ཟླ་གྲང་མོ་རུམ་བཞིན་ཉལ་ནས་ཡོད།།
ཉི་མའི་གདོང་ལ་བུད་ཀྱང་དྲོད་ཁོད་དབེན།།
གློག་གི་ཐབ་ལ་བརྟེན་ཡང་གྲང་ཤུར་ཤུར།།
གང་ལ་སོང་ཡང་དགུན་གྱི་རླུང་བུ་འདིས།།
ལག་ཟུང་གྲང་མོ་བདག་གི་གདོང་ལ་ཐོགས།།
འཇོན་གི་བསམ་དུས་གོ་སྐབས་མི་རག་གི།
གོ་སྐབས་ཡོད་དུས་འདོད་བློ་མི་ཁེངས་ཀི།
རང་དབང་མི་ཚེ་ཞིག་གི་སྣེ་མོ་ནས།།
ཤོག་སྨྱུག་གྲོགས་སུ་བཀུག་ནས་འཚོ་ན་འདོད།།
སྙན་ངག་བྲིས་ན་བརྗོད་བྱ་སྟོང་པ་རེད།།
དེབ་རེ་ཀློག་ཀྱང་གཉིད་ཀྱིས་མནན་དེ་ཡོང་།།
མི་རྐྱང་བསམ་གཞིགས་རིང་མོའི་ཕ་རོལ་ནས།།
སྟོང་བསམ་རྨི་ལམ་རྨི་བཞིན་མལ་དེ་ཡོད།།
ཐག་རིང་ཞིག་ལ་བདག་ཀྱང་མི་སླེབས་ཀི །
ཐག་ཉེ་ཞིག་ནས་འདི་ལྟར་མི་སྡོད་ཀི །
སྔོན་ལས་རི་མོའི་ཁོང་གསེང་འགྲུལ་བཞིན་དུ།།
ལོ་ངོ་དུ་མར་ས་མཐའ་གྲུ་ནས་ལྷག།
ཚ་བས་གདུང་དུས་དགུན་གྱི་ནམ་ཟླ་དྲན།།
ཙག་གིས་བསྡམ་དུས་དབྱར་གྱི་དཔལ་ཡོན་དྲན།།
དྲན་རྒྱུ་ཁོག་ན་མང་བའི་མི་རྐྱང་ངའི།།
བསམ་དོན་གཅིག་ཀྱང་ད་དུང་མ་འགྲུབ་ཐལ།།
ཨ་མའི་སྐྲ་ལོའི་ཁ་དོག་འགྱུར་ནས་འདུག།།
ཨ་ཕའི་གདོང་ལ་རྒས་ཉམས་བབས་ནས་་ཐལ།།
དྲིན་ལན་འཇལ་བའི་གོ་སྐལ་ཕར་ལ་ཞོག།
ཇ་རྐྱང་ཚ་བོ་གང་ཡང་བཀྱགས་མྱོང་མེད།།
སྲིང་ཆུང་གནས་ཡུལ་འགྲིམ་ནས་ལོ་འགའ་རེད།།
ཚ་བོ་ལོ་ན་སོན་དེ་སློབ་གྲྭར་འདུག །
མི་རྐྱང་སུམ་ཅུའི་སྒང་ལ་སླེབས་ན་ཡང་།།
སྙིང་གཏམ་གླེང་སའི་གྲོགས་མོ་ད་དུང་མེད།།
དགོན་པ་འགྲིམ་དུས་གྲྭ་བ་མ་འཁྱོངས་ཐལ།།
གྲོང་ལ་སླེབས་ནས་འཁོར་བ་མ་ཟིན་ཐལ།།
དགོན་གྲོང་གཉིས་ཀའི་ལམ་གྱི་བཞི་མདོ་ནས།།
འགྱོད་པའི་མཆི་མས་མིག་ཟུང་བརླན་དང་ཐལ།།
མཛེས་མ་ཞིག་ལ་རེ་བ་རྒྱག་གི་མེད།།
རྒྱུ་ཆེན་ཞིག་ལ་ངོ་དགའ་བྱེད་ཀི་མེད།།
ཉམས་ཆུང་གཤིས་ཀ་འདི་ཡི་ཧྲག་བར་ནས།།
རྒྱུ་འབྲས་མིག་བཞིན་སྲུང་དེ་འཚོ་ན་འདོད།།
ཕྱི་རོལ་ཞིག་ལ་འགྲོ་བའི་དམིགས་ཡུལ་མེད།།
ཕ་སྐད་གཙང་མ་བརྗེད་པའི་ཞབས་འདྲེན་མིན།།
རང་གིས་གང་འཇོན་གཞན་ཕན་སེམས་བཞིན་ཡོད།།
ཕ་ཡུལ་མ་ལོའི་བཀའ་དྲིན་འཇལ་ན་བསམ།།
ཕྱི་ལོ ༢༠༡༣ ཟླ ༡ ཚེས ༣ ཉིན་གྱི་ཞོགས་པ་རང་ཤག་ནས་བྲིས།
སྐྱིད་པོ་སྐྱིད་པོ་ཞིག་ནི་བྲིས་བཞོད་ཀི།
སྙན་པོ་སྙན་པོ་ཞིག་ལ་ཆགས་བསྡོད་ཀི།
ཅི་མ་བདེན་པར་བསམ་ནས་དགད་མོ་ཤོར།།
ཚེ་ཕྱད་རྫོགས་པ་གོ་ནས་སེམས་པ་སྐྱོ།
་་་་་་་་་་་་་་ ་་་་་་་་་་་་་་
མྱི་ལུས་རིན་ཆེན་ལུས་ན་མགོ་གཉིས་ཡོད།
མགོ་ཀླད་གཙུག་ཅན་དང་གཙུག་ཤོ་ཅན།
གཙུག་ཤོའི་ཁ་ལ་རྒྱུག་ཡུན་མང་དྲགས་ན།
ཀླད་གཙུག་ཀླད་པ་ན་ནས་མྱི་ཚེ་འཆོར།།
་་་་་་་་་་་་་ ་་་་་་་་་་་་་་
གཙུག་ཅན་མགོ་བོ་ཡར་འཁོར་རེད།
འཇིག་རྟེན་འཁོར་བ་སྐྱོང་མགོ་རེད།
གཙུག་ཤོ་མགོ་བོ་ཐུར་འཁོར་རེད།
འཁོར་བ་ཆུ་ལ་སྐུར་སྤྱད་རེད།
ཁང་ཆུང་གྲུ་བཞིའི་ཕུག་ན་གཅིག་པུ་རུ། །
ལྷག་པའི་སྐྱོ་བ་སྟོང་གིས་མ་བཟོད་པར། །
ཁེར་བཤད་ཁ་ནས་ཤོར་བའི་སྙན་ངག་འདིས། །
འདྲེ་རྐང་སེམས་པ་དབང་མེད་འཕྲོག་ནས་ཐལ། །
ལོ་ན་སུམ་ཅུ་ད་རུང་ཆུང་ཆུང་རེད། །
འདྲེ་ངའི་ལོ་ནི་ཞེ་བརྒྱད་ཟིན་ན་ཡང་། །
ད་དུང་ཆང་ས་ཕར་ཞོག་དགའ་རོགས་ཤིག །
བསྒྲིགས་མྱོང་མེད་ཅེས་བཤད་ཅིང་སྐྱག་རྫུན་མིན། །
བསམ་ཚད་མ་འགྲུབ་ཡིད་མ་ཞུམ།
ལོ་ན་ཆུང་བས་དུས་ཚོད་ཡོད།
གང་ཤེས་གང་འགྲུབ་གང་བྱུང་བར།
ཆོག་ཤེས་གྱིས་དང་དེ་གས་ཆོག
མི་རྐྱང་ལུས་པར་སེམས་མ་སྐྱོ།
གླིང་ཆེན་འདི་ནི་ཁྱིམ་ཚང་ཡིན།
དུང་ཕྱུར་འདི་ནི་ལྕམ་དྲལ་ཡིན།
བསམ་ན་མི་རྐྱང་ལུས་པ་མེད།
མཛའ་རོགས་མེད་པའི་སེམས་མ་སྡུག
སྔས་མགོའི་དེབ་རྣམས་དགའ་རོགས་ཡིན།
ཕ་མར་དྲིན་ལན་མེད་མ་བསམ།
རྣམ་དཀར་ཅི་བྱུང་དེ་ལ་བསྡོས།
མི་ལོ་སུམ་ཅུ་རྫོགས་པ་ན།།
ངོ་ནས་མྱི་ཚེ་མཇུག་ལ་སླེབས།།
ཁེར་གཏམ་ཁང་ཆུང་གྲུ་ཟུར་ནས།།
སྐྱོ་གཏམ་ཤོར་བ་ཁག་མེད་གི།