དཀར་མཚོ།
ཉི་མ་རི་ལས་བཞུད་པའི་ས་སྲོད་ལ།།
མདོ་ཁམས་དགུ་ཐུག་ཟེར་ནས་ཧུབ་ཀྱིས་འཐུང་།།
དབུས་གཙང་གནམ་གང་ཟེར་ནས་སྤྲོ་བོ་གཏོང་།།
རུམ་ཁུག་སྟོང་པའི་ཡུལ་གྱར་ང་གཅིག་བུ།།
ལ་ལ་རྫ་ཁོག་བཏུང་ཞེས་བཞུད་ཤུལ་དུ།།
འགའ་རེ་མཛའ་གྲོགས་མཉམ་དུ་འགྲོ་དགོས་ཟེར།།
གྲོགས་མེད་སྒོར་མེད་ལུས་པའི་ཁེར་རྐྱང་ང་།།
མི་ཡུལ་ལུང་བ་འདི་ནས་གང་དུ་འགྲོ།
ན་ནིང་ལོ་སར་མི་ཁྱིམ་མགྲོན་པོ་ཡིན།།
ད་ལོའི་ལོ་སར་གྲོགས་མེད་གཅིག་བུ་ཡིན།།
ལོ་ནས་ལོ་ལ་གསར་བར་མ་གྱུར་པའི།།
ས་མཐའི་འཚོ་བ་དགུན་གྱི་ནམ་ཟླ་འདྲ།།
མཁའ་ལ་བལྟས་ཀྱང་སྐར་མས་འདར་སིག་རྒྱག །
ས་ལ་ཉན་ཡང་རླུང་བུས་ཤུ་སྒྲ་སྒྲོག །
ལོ་སར་ལོ་རྙིང་ཟེར་བའི་སྲིབས་ཀ་ནས།།
ཁེར་རྐྱང་སྣང་བ་མལ་སྟན་གོས་སུ་གྱོན།།
བྱིས་དུས་སྣང་བ་བསམ་ནས་འཛུམ་ཞིག་བསྡུས།།
ད་ནི་རྒས་སོང་སྙམ་ནས་ཤུགས་རིང་འཐེན།།
མི་ལོ་རེ་རེ་བགྲོད་པའི་ལ་ཁ་ན།།
ལོ་སར་ཟེར་བ་ཟད་མེད་དར་ལྕོག་འདྲ།།
རྨི་ལམ་འདུན་མར་སྒོམ་པའི་དགུན་དུས་ལ།།
དཔྱིད་ཀྱི་འདབ་སྟོང་བཞད་པའི་མདུན་བསུས་མོད།།
ལོ་རྙིང་ལོ་སར་རེས་ཀྱི་འཁོར་མོ་ཡི།།
ས་མཐའི་འཚོ་བ་བསམ་ན་རྟག་བརྟན་ཞིག །
མི་ཚེ་ལོ་ལ་འཇལ་བའི་ཁུག་སོ་ན།།
ན་ཚོད་སྡུག་ལ་སྦྱར་བའི་རླུང་ཁ་ན།།
ལང་ཚོའི་སྣེ་མོ་ཟད་པའི་གྲུ་ཁ་ན།།
ལོ་སར་ལོ་སར་ཟེར་བ་འཛད་མེད་ཅིག །
རི་དང་ཐང་གི་རྩྭི་ཤིང་གོས་སུ་གྱོན།།
མཚོ་དང་གཙང་བོའི་རླབས་རྒྱུན་ལང་ཚོར་བསྲེས།།
ཤར་དང་ལྷོ་ལ་འགྲིམ་པའི་འཁྱམས་པོ་ང་།།
བསམ་ཞིང་བསམ་ན་རི་ཐང་སྤྱང་ཀི་འདྲ།།
ལོ་སར་དུས་སྟོན་བག་གསར་གོས་དང་འདྲ།།
སྟོན་ལ་འཕྲེང་བའི་མི་རྣམས་བྱིས་པ་འདྲ།།
རིགས་དང་སྲོལ་གྱིས་དེད་པའི་ངོ་སོ་དེར།།
བསམ་ཞིང་རིག་གནས་ཟེར་བ་ཨེ་མཚར་རམ།།
ལོ་སར་གནམ་གང་གི་དགོང་མོའི་དུས་ཚོད་དགུ་དང་སྐར་མ་ཞེ་དྲུག་ཐོག་བྲིས།
ཕྱི་ཟླ་གཉིས་པའི་ཚེས་་བཅུ་བདུན་ཉིན་བོད་ཚེས་ཉི་ཤུ་བརྒྱད་རེད་།
གནམ་གང་མ་རེད་།
སྨན་རྩིས་ཁང་གི་ལོ་མཐོའི་ནང་གནམ་གང་ཆད་སྟོན་འདུག་།
ལོ་སར་རེད་དམ། ལོ་གསར་རེད། ལགས།