ལྟག་མཚེར་རིན་པོ་ཆེའི་སྲས་ཐ་ཆུང་འཇིགས་མེད་ནོར་བུ་ལགས་ ད་ལོའི་སུམ་བཅུའི་དུས་དྲན་ནས་མགོ་བརྩམས་ཏེ། ཨ་རིའི་ཨིན་ཌི་ཡ་ནཱ་ནས་ནིའུ་ཡོག་བར་དུ་བོད་རང་བཙན་ཆེད་གོམ་བགྲོད་བྱེད་བཞིན་པ་དེ་ཨིན་ཌི་ཡ་ན་ནས་ཨོ་ཧ་ཡོ་དང་། དེ་ནས་ཝིར་ཇི་ནི་ཡཱ་བརྒྱུད་ད་ཆར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཕེབས་གྲུབ་ཡོད་པ་དང་། མེལ་ལེ་ ༦༠༠ ཙམ་ལ་ཕེབས་གྲུབ་ཡོད་པ་རེད།
ཁ་སང་དེ་རིང་ཁོང་དང་ཁོང་གི་ཕེབས་རོགས་སྤྱི་ཟུར་དབང་ཕྱུག་རྡོ་རྗེ་ལྷན་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཊོན་དུ་ཕེབས་བཞིན་ཡོད་པ་དང་། ཝ་ཤིན་ཊོན་དུ་སྲིད་འཛིན་གྱི་ཁང་པ་དཀར་པོའི་མདུན་བརྒྱུད་ནས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་གོམ་བགྲོད་བྱེད་འཆར་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མི་འགའ་ལའང་མཇལ་འཕྲད་བྱེད་འཆར་ཡོད་པ་རེད། དེ་ནས་པེན་སི་ཝི་ནི་ཡཱ་བརྒྱུད་ནིའུ་ཇཱར་སི་དང་ནིའུ་ཡོག་ལ་ཕེབས་རྒྱུ་ཡིན་པ་དང་། ལམ་ཐག་མེལ་ལེ་ཉིས་བརྒྱ་ལྷག་ཙམ་ཡོད་པ་དེ་ཉིན་བཅུ་ཙམ་ཞིག་འགོར་རྒྱུ་ཡིན་པ་རེད།
འཇིགས་མེད་ནོར་བུ་གོམ་བགྲོད་བྱས་པའི་ཉིན་ཁ་ཤས་ཀྱི་ནང་ཚུན་རྐང་པར་ཆུ་ལྒང་ཐོན་ནས་ན་ཚ་བྱུང་བ་མ་ཟད། སྐྲངས་པ། སྦྲིད་པ་སོགས་གཟུགས་པོའི་ན་ཟུག་ཆེ་ཙམ་བྱུང་ན་ཡང་། ཐོག་མའི་དམིགས་ཡུལ་བཞིན་མུ་མཐུད་གོམ་བགྲོད་བྱས་པ་རེད་ལ། སྤྱི་ཟུར་དབང་ཕྱུག་རྡོ་རྗེ་ལགས་ཀྱིས། “ང་ཚོ་ཉི་མ་ཁ་ཤས་ཀྱི་རིང་རི་ལ་འཛེགས་པ་དང་མར་བབས་པ། དེ་ནས་ཆར་པའི་ནང་གོམ་བགྲོད་བྱེད་དགོས་བྱུང་། སྐབས་དེ་དག་ལ། ངས་འཇིགས་མེད་ལགས་ལ་ངལ་གསོ་བྱེད་དགོས་པའི་སྐུལ་མ་བྱས་ན་ཡང་། ཁོང་གིས་ང་ལ་སྐྱོན་མི་འདུག མུ་མཐུད་ནས་གོམ་བགྲོད་བྱེད་གི་ཡིན་ཞེས་སེམས་ཐག་ཆོད་པོས་གསུངས་བྱུང་།”ཞེས་གསུངས་བྱུང་།
ལམ་ཐག་རིང་མོ་འདི་དག་ལ་བགྲོད་སྐབས་སུ། ཨ་རིའི་ཁྱིམ་མི་དེ་ཚོས་ཁོང་གཉིས་ལ་རྒྱབ་སྐྱོར་གྱིས་གནས་ཚང་གཡོར་བ་དང་དེ་བཞིན་ཞལ་འདེབས་སྤྲོད་པ་སོགས་བྱེད་པ་མ་ཟད། “ཁྱེད་ཚོའི་རང་བཙན་གྱི་འཐབ་རྩོད་ནི་ལས་སླ་བོ་མ་རེད། མུ་མཐུད་ནས་འབད་བརྩོན་བྱོས་དང་། ཉི་མ་གཅིག་རང་དབང་གི་ཉི་མ་ཤར་གི་རེད།”ཅེས་གཏིང་སྐུལ་བྱས་བྱུང་ཞེས་ཀྱང་གསུངས་སོང་།
འཇིགས་མེད་ནོར་བུ་དང་སྤྱི་ཟུར་དབང་ཕྱུག་རྡོ་རྗེ་གཉིས་ལྷན་དུ།
ཁོང་ཚོའི་གོམ་བགྲོད་རིང་མོ་འདིའི་སྐོར་གྱི་གནས་ཚུལ་ཞིབ་གསལ་གཟིགས་འདོད་ན། གཤམ་གྱི་འབྲེལ་ཐག་ལ་གཟིགས་འཐུས།
གནའ་སྔ་མོ་དད་པའི་སྟོབས་ཀྱིས་མདོ་སྟོད་སྨད་ནས་ལྷ་སའི་ཇོ་བར་དུ་ཕྱག་འཚལ་ནས་བསྐྱོད་མཁན་ཡོད་འདུག ཕྱིས་སུ་བོད་དོན་ཆེད་ཕྱག་འཚལ་ནས་རྒྱང་བསྐྱོད་བྱེད་མཁན་ཡང་ཡོང་གི་རད་བསམ། གཞན་ཁོང་གཉིས་ཀྱི་བོད་དོན་ཆེད་གོམ་བགྲོད་རིང་མོ་གནང་བ་རྗེས་ཡི་རང་དང་ཐོག་མའི་དམིགས་ཡུལ་བཞིན་གྲུབ་འབྲས་སྨིན་པར་ཤོག
དངོས་ནས་ཡག་པོ་འདུག ཕ་ཤུལ་བུ་ཡི་འཛིན་ཐུབ་པ་བྱ་དགོས། མི་གཅིག་གིས་འདི་ལྟར་ལས་འགུལ་སྤེལ་བར་རྗེས་སུ་ཡི་རང་ཡོད།
དྲ་གྲོགས་ཚོ། མིག་སྔར་ཞིང་བྲན་ཁྲི་ཚོ་ཡར་ལངས་ཀྱི་ཉིན་མོ་ཟེར་བ་ཞིག་མེད་པ་ང་ཚོས་ཤེས་ནའང༌། རྒྱ་ནག་གིས་ཡོད་པར་བཟོས་ཏེ་བསྒྲགས་སོང༌། དེ་ལ་དུས་དྲན་གཙི་སྲུང་གི་ལས་འགུལ་འདྲ་མིན་ཅིག་སྤེལ་ཡོད། གཞན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཀྱི་འཐུས་ཚབ་ཟེར་བ་བོད་མི་སྐོར་ཞིག་ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་མང་པོར་རྫུན་གཏམ་དྲིལ་སྒྲོག་དང༌། བོད་རིགས་པ་མཁས་ཅན་ཟེར་བའི་མི་ཁྱུ་གཅིག་གིས་ཀྱང་ལོ་རྒྱུས་རྫུན་བཟོ་ཡི་གཏམ་བཤད་རིམ་པ་ཕྱི་ཕྱོགས་སུ་སྤེལ་མགོ་བརྩམས། ད་དུང༌། སྤྱི་ཚོགས་རྙིང་པའི་ངོ་བོ་ནག་པོར་བསྒྲུབས་པའི་གློག་བརྙན་དང༌། འགྲེམས་སྟོན། རྩོམ་ཡིག་སྤེལ་སོང་བས། དྲ་གྲོགས་རྣམས་ཀྱིས་རྒྱ་ནག་གི་ལས་འགུལ་འདི་ལ་ཁ་ཚ་དགོས་གཏུགས་ཀྱིས་ཁ་གཏད་ཀྱི་ལས་འགུལ་ཅི་ཞིག་སྤེལ་ན་ལེགས་ཚུལ་གསུང་རོགས་ཞུ། ìù
མི་འདི་འདྲ་གང་དུ་འཚོ་ཡང་མི་རིགས་ཀྱི་ལར་ཞེན་ཆེད་དུ་དཀའ་སྤྱད་འབད་འབུངས་བྱེད་པ་དེར་དངོས་ནས་་བོད་མི་ཀུན་གྱིས་མིག་དཔེ་བྱེད་ས་ཞིག་དང་། རང་གི་མི་རིགས་ཁྲོད་དུ་འདི་འདྲའི་རླབས་ཆེན་གྱི་ལས་ཀ་བྱེད་མཁན་གང་ན་སུ་ཡོད་པ་དེ་དག་ལ་སེམས་བསམ་པའི་གཏིང་ནས་རྒྱབ་སྤྱོར་དང་ཁ་གཡང་འབོད་ཀྱི་ཡོད། རྒྱལ་གྱུར་ཅིག མ་ཤི་བར་དུ་བོད་ཀྱི་བདེན་དོན་ཆེད་དུ་བརྩོན་པ་བྱེད་མཁན་བོད་མི་འཛམ་གླིང་གི་ཡུལ་གྲུ་གང་སར་གནས་པ་ཚང་མ་ལ་སེམས་བསམ་པའི་ཐུགས་རྗེ་ཆེ་ཟེར་གྱི་ཡིན།