འཇིགས་མེད་ནོར་བུ་ལགས་དང་སྤྱི་ཟུར་དབང་ཕྱུག་རྡོ་རྗེ་ཟུང་གིས་བོད་རང་བཙན་ཆེད་ཨ་རིའི་ཨིན་ཌི་ཡ་ན་ཨེ་པོ་ལེ་སི་གྲོང་ཁྱེར་ནས་ནིའུ་ཡོག་གྲོང་ཁྱེར་བར་རྒྱང་ཐག་མེལ་ལེ་ ༩༠༠ ཅན་གྱི་ཞི་བའི་གོམ་བགྲོད་དེ་ ཟླ་འདིའི་ཚེས་ ༡༠ ཉིན་མགོ་འཛུགས་ཞུས་ཡོད་པ་རེད།
ཉིན་འདིའི་ཞོགས་ཀའི་ཆུ་ཚོད་བཅུ་དང་ཕྱེད་ཀ་ཙམ་ལ་ས་གནས་ཀྱི་བོད་མི་འགའ་ལྷན་དུ་བོད་རང་བཙན་གྱི་སྐད་འབོད་དང་བཅས་གོང་གསལ་གོམ་བགྲོད་དེ་དབུ་འཛུགས་བྱས་ཡོད་པ་དང་། གོམ་བགྲོད་ནང་ཞུགས་མཁན་ཟུང་གིས་ད་ལྟའི་བོད་ནང་གི་དཀའ་ངལ་ལ་གདུང་སེམས་མཉམ་བསྐྱེད་དང་། དེ་བཞིན་བོད་ཀྱི་སུམ་ཅུའི་གྱེན་ལངས་ལོ་ ༥༠ འཁོར་བར་དྲན་གསོ་བྱེད་པ། ལྷག་པར་དུ་སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེ་དམ་པའི་བཞེད་དགོངས་རྫོགས་ཕྱིར་གོམ་བགྲོད་འདི་མགོ་འཛུགས་བྱས་ཡོད་ཅེས་གསུངས་ཡོད་པ་རེད།
འཇིགས་མེད་ནོར་བུ་ལགས་ཀྱིས། “ངའི་ཕ་དམ་པས་སྐུ་ཚེ་རིང་བོད་རང་བཙན་ཆེད་ཕྱག་ལས་གནང་ཡོད་པ་རེད། བདག་གིས་ཀྱང་ཕ་དམ་པའི་བཞེད་དོན་འགྲུབ་ཆེད་ཡིན་ལ། དེ་བཞིན་བོད་རིགས་སྤུན་ཟླ་རྣམས་གྱེན་ལངས་ཀྱིས་བོད་ཀྱི་བདག་དབང་ལེན་དགོས་པ་རེད་ལ། ལས་འགན་འདི་ང་ཚོ་བོད་མི་ཚོས་གཡོལ་ཐབས་མེད་པའི་ལས་འགན་ཞིག་རེད།” ཅེས་གསུངས་པ་རེད། སྤྱི་ཟུར་དབང་ཕྱུག་རྡོ་རྗེ་ལགས་ཀྱིས་ཀྱང་། “བོད་ཀྱི་འཐབ་རྩོད་འདི་མི་རབས་ནས་མི་རབས་བརྒྱུད་དེ་གནས་དགོས་པ་རེད་ལ། ཐེངས་འདིར་འཇིགས་མེད་ལགས་ཀྱིས་འདི་ལྟར་གོམ་བགྲོད་གནང་བ་ལ་ངེད་ནས་རྒྱབ་སྐྱོར་གྱིས་ལས་འགུལ་འདིར་ཞུགས་པ་ཡིན།”ཞེས་གསུངས་པ་རེད།
འཇིགས་མེད་ནོར་བུའི་ཡབ་སྐུ་གཅེན་པོ་ལྟག་མཚེར་རིན་པོ་ཆེ་ནི་སྔ་ལོར་དགོངས་པ་རྫོགས་ཡོད་པ་རེད་ལ། སྔ་རྗེས་སུ་འཇིགས་མེད་ནོར་བུ་ལགས་ཀྱི་བོད་རང་བཙན་ཆེད་ཞི་བའི་གོམ་བགྲོད་སོགས་བསྟུད་མར་གནང་ཡོད་པ་རེད། ཐེངས་འདིའི་གོམ་བགྲོད་སྐབས་སུ་རྒྱང་ཐག་མེལ་ལེ་ ༩༠༠ ཙམ་ལ་ཟླ་ངོ་གཉིས་ཀྱི་དུས་ཡུན་འགོར་གྱི་ཡོད་པ་རེད། གནས་ཚུལ་ཞིབ་གསལ་གཤམ་གསལ་གྱི་དྲ་ཐག་ན་ཡོད་པ་རེད།
འཇིགས་མེད་ནོར་བུ་དང་སྤྱི་ཟུར་དབང་ཕྱུག་རྡོ་རྗེ་གཉིས་ཀྱི་སྙིང་སྟོབས་ལ་བཅོས་མིན་སྙིང་ཐག་པ་ནས་རྒྱབ་སྐྱོར་དང་རྗེས་སུ་ཡི་རངས་ཡོད། ཞི་བའི་གོམ་བགྲོད་རིང་མོ་འདི་འདྲ་སྤེལ་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་མ་རེད། ལྷག་པར་དུ་དཔལ་འབྱོར་གྱི་འགྲོ་སོང་ཆེ་བའི་ཨ་རིའི་ཡུལ་ནས་བོད་དོན་ཆེད་ཀྱི་ལས་འགུལ་འདི་འདྲ་སྤེལ་ཐུབ་རྒྱུ་ཧ་ཅང་ཁག་པོ་ཡིན། དཔེར་མཚོན་ཞིག་བཀོད་ན། བོད་ཀྱི་ཆེས་གལ་འགངས་ཆེ་བའི་གསུམ་བཅུ་དུས་དྲན་གྱི་ཉིན་མོ་གཅིག་པོ་ལ་ཡང་བོད་མི་མང་པོ་ཞིག་གིས་རང་དོན་བློས་གཏོང་མ་ཐུབ་པར་དུས་དྲན་སྲུང་བརྩི་བྱེད་ཀྱི་མེད་པ་ལྟ་བུ་རེད། ད་དུང་ཁ་བཤད་ཆུ་ཡི་ཝུ་བ་དང་། ལག་ལེན་གསེར་གྱི་ཐིགས་པ་ཅན་གྱི་བོད་པ་མགོ་གཉིས་མ་ནི་ཇི་འདྲའི་མང་པོ་ཡོད་ཨང་། འཇིགས་མེད་ནོར་བུ་ལ་མཚོན་ན། ལེགས་ཉེས་ལ་མ་བལྟོས་པར་རང་ཉིད་ཀྱི་ཡབ་དམ་པ་ལྟག་མཚེར་རིན་པོ་མཆོག་གི་རླབས་ཆེན་དགོངས་གཞི་སྟེ་བོད་རང་བཙན་གྱི་ལྟ་བ་འགྱུར་མེད་ངང་རྒྱུན་འཛིན་གནང་མཁན་གྱི་བུ་རྒོད་ཅིག་རེད། འདི་ལྟའི་བོད་དང་བོད་རང་བཙན་དྲིལ་བསྒྲགས་ཀྱི་ལས་འགུལ་ལ་ང་ཚོས་རྒྱབ་སྐྱོར་དང་བསྔགས་བརྗོད་མཐའ་གཅིག་ཏུ་བྱ་འོས་པས་མ་ཚད། འབྲེལ་ཡོད་གསར་འགྱུར་བརྒྱུད་ལམ་ཁག་ནས་རྒྱ་ཁྱབ་ཏུ་གསལ་བསྒྲགས་བྱ་དགོས་པ་ཞིག་ཀྱང་རེད།
ཁྱད་མཚར་བ་ཞིག་ལ། འཇིགས་མེད་ནོར་བུ་དང་སྤྱི་ཟུར་དབང་ཕྱུག་རྡོ་རྗེ་གཉིས་ཀྱི་ཁེར་རྐྱང་གི་གོམ་བགྲོད་རིང་མོའི་ལས་འགུལ་འདི་ཁ་བརྡ་དྲ་རྒྱ་དང་བོད་ཀྱི་དུས་བབ་གཉིས་ཀྱིས་གསལ་བསྒྲགས་བྱས་ཡོད་པ་མ་གཏོགས། འབྲེལ་ཡོད་གསར་འགྱུར་བརྒྱུད་ལམ་གཞན་ཁག་གི་ནང་དུ་ཅི་ཡང་མཐོང་ཐོས་འབྱུང་རྒྱུ་མེད་པ་དེ་ནི་ག་རེ་ཡིན་ནམ་བསམ་ཡོང་།
ངོ་མ་རང་གི་ལས་ཀ་བསྐྱུར་ཏེ་དཀའ་ངལ་དང་འགྲོ་གྲོན་སོགས་ལ་གདོང་ལེན་བྱས་ནས་ལས་འགུལ་འདི་འདྲ་སྤེལ་བ་ནི་ཆེས་བླ་ན་མེད་པའི་བྱ་བ་ཞིག་རེད། སྐུ་ཞབས་གཉིས་ལ་ཐུགས་རྗེ་ཆེ་ཞུ།
རྣམ་པ་གཉིས་ཀྱིས་བོད་ཀྱི་དོན་དུ་གོམ་བགྲོད་གནང་བར་ཐུགས་རྗེ་ཆེ་ཞུ། ཕ་རྒོད་པོའི་བུ། ཤུ་རེ་བྱོས། བོད་དོན་ལ་འདི་ལྟར་མི་རེ་ངོ་རེ་ནས་འབད་བརྩོན་གནང་ན་རེ་བ་ཆེ་སེ་འདུག་ག
བོད་ཀྱི་དུས་བབ་དྲ་ངོས་སུ་ཞུགས་རྒྱུ་ཧ་ཅང་ཁག་སེ་འདུག ཐེངས་གསུམ་ལ་ཐོ་འགོད་བྱས་པ་ཡིན། གང་ཞིག་ནོར་འདུག་དང་ཅི་ཞིག་འགྲིག་མི་འདུག ཡང་ན་ཐོ་འགོད་བྱས་ཚར་འདུག་སོགས་ལན་བཏབས་ཡོང་གི འོན་ཀྱང་མཆན་བུ་འགོད་ཐབས་མི་འདུག་པ་ཅི་ཡིན་ནམ། དངོས་ནས་ཁག་པོ་འདུག དྲ་ངོས་སུ་ཞུགས་པར་འདི་འདྲའི་དཀའ་ལས་ཡོད་ན་སུན་པ་ལ། དྲ་གྲོགས་ཚོས་རོགས་པ་རེ་མི་བྱེད་དམ།
གྲོགས་པོ་ལགས། དུས་བབ་ནང་དྲ་ངོས་སུ་མཆན་བུ་འགོད་ན། ཐོག་མར་དེབ་སྐྱེལ་ཞེས་པ་དེ་མནོན་དགོས།
དེ་ནས་བར་སྟོང་འགེངས་ས་ལྔ་ཡོད་པ་དེ་ནས།
དང་པོ་མིང་ཞེས་པ་དེར་དབྱིན་ཡིག་གི་རང་མིང་འགོད་དགོས།
གཉིས་པ་གསང་ཚིག་ཅེས་པ་དེར་དབྱིན་ཡིག་གི་གསང་གྲངས་༦་ལས་མང་བ་བྲིས།
གསུམ་པ་དེར་གསང་གྲངས་བསྐྱར་འབྲི་བྱོས།
བཞི་བ།་མིང་ཞེས་པ་དེར་བོད་ཡིག་ཧི་གཟུགས་གམ། ཡང་ན་སྨོན་ལམ་བོད་ཡིག་གཟུམ་ལ་བཏགས་ནས་རང་མིང་བྲིས།
ལྔ་བ་དེར་ངེས་པར་དུ་ཁྱོད་ཀྱི་email ཁ་བྱང་མ་ནོར་བར་འབྲི་དགོས། དེ་ནས་དེབ་སྐྱེལ་ཞེས་པ་དེ་མནན་རྗེས། ཁྱེད་ཀྱིས་རང་གི་email ཁ་བྱང་དེ་ཁ་ཕྱེས་ནས་དུས་བབ་ཀྱིས་ཁྱེད་ལ་བསྐུར་བའི་འཕྱིན་ཡིག་དེ་ཀློག་དགོས་ལ། དེ་ནས་འཕྲིན་ཡིག་ཐོག་གི་བཀོལ་འདོམས་ལྟར་ཙི་ཙིའི་མནན་རྗེས། ཁྱེད་ཀྱི་ཁ་བྱང་ལེགས་འགྲུབ་བྱུང་ཡོད་པའི་ལན་འབྱོར་ངེས་རེད།
དེ་ནས་བཟུང་རྗེས་ཕྱོགས་ཁྱེད་ཀྱིས་དུས་བབ་ནང་བསམ་ཚུལ་འདོན་ན། དང་པོ་ནང་འཛུལ་ཞེས་པ་དེ་མནན་ནས་དབྱིན་ཡིག་གི་མིང་དང་གསང་གྲངས་མ་ནོར་བར་བཏགས་དགོས་པ་བརྗེད་མི་ཉན།
མ་གཞི་ནས་ཚོད་ལྟ་ཞིག་བྱས་དང། ཁྱེད་རང་ལམ་འགྲོ་ཡོང་གི་རེད།
ཤེས་དགོས་པ་ཞིག་ལ་ཧི་གཟུགས་དང་སྨོན་ལམ་བོད་ཡིག་གསུམ་པ་མ་གཏོགས།་ཡིག་གཟུགས་གཞན་གྱིས་མཆན་འབྲི་མི་ཐུབ་པ་ཤེས་དགོས།
ཁྱོད་ཀྱིས་”ཐོག་མར་དེབ་སྐྱེལ་ཞེས་པ་དེ་མནོན་དགོས། དེ་ནས་བར་སྟོང་འགེངས་ས་ལྔ་ཡོད་”ཞེས་པ་བདེན་པ་རེད་མི་འདུག དེབ་སྐྱེལ་ཞེས་པ་དེར་མནན་ཚེ་”ཐོ་མིང་དང་། གསང་ཚིག”ཅེས་པ་འདི་གཉིས་ལས་འགེངས་ས་གཞན་མི་འདུག དེ་ནས་གོང་གི་ལམ་སྟོན་བཞིན་སོང་ནའང་ལམ་འགྲོ་ཡོང་རྒྱུ་ཉིན་མོའི་སྐད་མ་རེད་ཤག ད་ཡིན་ན་ཐང་ཆད་སོང་། མ་གཞི་དུས་བབ་ཀྱིས་འཇུག་བདེ་བོ་མེད་པའི་ཅི་འདྲའི་གཞན་མགོ་རྨོངས་སྤྱད་ཅིག་བཟོས་འདུག་ཨང་། དེ་ལས་འདིར་འཇུག་བདེ་བོ་དང་དྲྭ་ངོས་ཀྱི་རྣམ་པ་ལ་ནི་བོད་ཕྱི་ནང་གཉིས་ན་འགྲན་གྱི་དོ་ཡ་ཡོང་བའི་དྲྭ་བ་གཞན་མི་འདུག ད་ཡིན་ན་ཐབས་ཤེས་མེད་ན་ཁ་བརྡ་ལ་འབྱར་བསྡད་ན་ཁེ་བཟང་ཆེ་ལེ་རེད་འདོད་ཀི།
དེབ་སྐྱེལ་དང། ནང་འཛུལ་གཉིས་མ་ནོར་ན་དཀའ་ངལ་དེ་འབྱུང་དོན་མི་འདུག
ཀླད་པ་ཅུང་ཟད་ཅིག་དཀྲུགས་དང། ཁྱེད་ལ་ལམ་འགྲོ་ཡོང་གི་རེད།