རྡོ་རྗེ་རིན་ཆེན། (སྐྱ་རེངས)
༡
གཙང་ཆབ་ནག་པོ་དེ།
མཚམས་མེད་པར་གཞུར་ཞིང་མཆིས་ལ།
དེ་ཡི་མཐའ་མཇུག་གི་འབབ་ཡུལ་ནི།
གཏིང་མཐའ་བྲལ་བའི་རྒྱ་མཚོར་ངེས།
༢
འགྲུལ་བཞུད་པ་གཙང་ཆབ་བརྒལ་ཏེ།
ཐག་རིང་དུ་བཞུད་པར་གྱུར་ཞིང་།
དེ་ཡི་མདུན་དུ་ལྷག་པ་ནི།
མཐའ་དབུས་མི་གནང་བའི་འཇིག་རྟེན་ལགས།
༣
ཁོ་མོའི་མིག་ཟུང་གི་གཏིང་མཐའ་རུ།
བརྩེ་དུང་གི་མཚོ་མོ་འཁྱིལ་ཞིང་།
དེ་ཡི་ནམ་མཁའ་རུ།
སྐྱོ་སྡུག་གི་ཆར་སྤྲིན་འཁྲིགས།
༤
ང་རང་གྲང་བསིལ་བསིལ་གྱི་མཚོ་རླུང་དང་།
དྭངས་གཙང་གི་སྐྱ་རེངས་ལ་སྤྲུལ་ནུས་ན།
ཁོ་མོ་མལ་ལས་མ་སློང་གི་ཡར་སྔོན།
མོའི་ངོ་གདོང་ལ་འཁྱིལ་བའི་མུན་ནག་གསལ་ཏེ།
དེ་ལ་བརྩེ་བའི་མཆུ་གླན་པར་འགྱུར།
༥
བདག་གིས“ཞོགས་པ་བསིལ་རླུང་འཇམ་པོ་ཞིག
ཐག་རིང་གི་གནམ་མཐའ་ནས་འཕུར་ཡོང་སྟེ།
ཁྱོད་ཀྱི་ངོ་གདོང་ལ་འཕྱང་བའི་སྐྲ་ལོ་རྣམས་སྤུར་མཁན་ཉིད།
སུ་མ་ཡིན་པར་དེ་ནི་ང་རང་ལགས”ཞེས།
ཁོ་མོར་དེ་ལྟར་བརྗོད།
༦
སྔར་ནས་བདག་གི་བྲང་གཞུང་ན།
ཁོ་མོར་དབང་བའི་རྒྱལ་ཁམས་ཤིག་ལྷག་ཅིང་།
བདག་གིས་ཁོ་མོ་ནམ་ཞིག
མངའ་ཐང་འདིའི་རྒྱལ་མོར་ཕེབས་པར་རེ།
༧
ཡ་གླིང་གི་གནམ་མཐའ་བརྒལ་ཏེ།
ཨོ་གླིང་གི་རླབས་སྒྲ་ཐོས་ཉིན།
ངས་ཐག་རིང་གི་ཕ་ཡུལ་ལྟ་བུའི་ཁོ་མོའི་པང་དུ།
ནམ་ཞིག་ཕྱིར་ལོག་ཐུབ་ན་སྙམས་ཨང་།
༨
ཀྱེ། སྙིང་ཉེ་བའི་མི་ལགས།
ཁེར་རྐྱང་གི་མཚན་ཕྱེད་དུ།
བདག་རྒྱ་མཚོའི་ཁ་གཏད་དུ་འགྲེང་སྟེ།
ཁྱོད་ལ་བརྩེ་དུང་གི་སྙན་ངག་འབྲི་ཕོད།
༢༠༡༥།༡།༥།མཚན་ཕྱེད།