རྔ་བ་ཀུན་བཟང་སྒྲོལ་མ།
ཧ་ཅང་མཐོ་བའི་རི་སྒང་ཞིག་ན་
ཤིན་ཏུ་དམའ་བའི་ཐང་དཀྱིལ་ཞིག་ན
ད་དུང་ དེ་ལས་ཡངས་པའི་སྤང་ཐང་བདེ་མོ་ཞིག་ན
ཁྱོད་རང་མཛེས་སྡུག་གི་བཞད་དུས་
ད་གཟོད་ཁྱོད་རང་ ངའི་འཇིག་རྟེན་ན་
མཛེས་སྡུག་གིས་བཞད་ཡོད་པར་གཞི་ནས་ཚོར་ལ་
དྲི་ཞིམ་མ་ཡལ་བའི་མེ་ཏོག་
མཛེས་སྡུག་མ་ཉམས་པའི་ཁ་དོག་
ཡོད་ཚད་ནས་ཡོད་ཚད་
ང་ལ་ཁ་དོག་དང་འོད་སྣང་སྤྱིན་མཁན་གྱི་ཉི་ཟེར་དམར་པོ
ཞོགས་ཁའི་མེ་ཏོག་གི་ཁ་ཕྱོགས་འཁོར་སའི་ཁྱོད་
ཉི་དྲོས་མེ་ཏོག་གི་འཛུམ་མདངས་ངོམ་སའི་ཁྱོད་
ད་དུང་ ལྷག་ཏུ་ཕྱི་དྲོའི་མེ་ཏོག་གི་བདེ་མོ་འཇོག་སའི་ཁྱོད་
མདོར་ན་ བསྐལ་བ་མ་སྟོང་བར་ཏུ་
མེ་ཏོག་གི་མཛེས་སྡུག་ཁྱོད་ཀྱི་ཡིན་ལ་
མེ་ཏོག་གི་འཛུམ་འདངས་ཁྱོད་ཀྱི་ཡིན་པས་
དཔྱིད་དཔལ་མ་ཡིན་པའི་རི་ཀླུང་ཞིག་ནས་
གྲང་ཤུར་ཤུར་གྱི་སེམས་པ་དམར་བོ་ཞིག་
ཁྱོད་ཀྱི་ཉི་ཟེར་ལ་ཁ་ལོ་ཕྱོགས་པ་ཨེ་ཤེས་ཨང་
མེ་ཏོག་ ཁེར་རྐྱང་གི་མེ་ཏོག་ཅིག་
མཛེས་སྡུག་དང་དཔྱིད་དཔལ་གྱིས་བཞད་པས་
ངའི་ཁ་བའི་རི་གྲོང་ན་
མཛེས་སྡུག་དང་སྒེག་ལྡན་གྱིས་བཞད་པས་
གང་ལྟར་ ངའི་ཁ་བའི་མེ་ཏོག་ཁྱོད་རང་
ཁེར་རྐྱང་གིས་བཞད་ཡོད་པར་གཞི་ནས་ཤེས་ལ
ཁ་བ་ཁྱེད་ བདག་གི་རྣམ་ཤེས་ཀྱི་རི་གྲོང་ནས་
ནམ་ཡང་ཡལ་བ་མེད་པས་
ངས་ཁེར་རྐྱང་གི་ཁ་བའི་མེ་ཏོག་ཁྱོད་ལ་
མཛེས་སྡུག་ལྟ་བུའི་སྙན་ངག་གི་སེམས་རྟེན་བྲིས
༢༠༡༣ ༣ ༢༢ ཉིན་བྲིས།