རེབ་ཐོག་མདའ།
ཕ་མ་ཉེ་དུ་རྒྱབ་ལ་དོར་དེ་རྒྱང་རིང་ལམ་ཆེན་གོམ་པས་བཅད།།
ས་ཡ་དྲུག་གི་ལས་དབང་ཟད་པོ་ཤ་དང་རུས་པའི་གསེང་ལ་སྦས།།
ཟླ་བ་ཉི་མའི་གཏམ་རྒྱུད་རུམ་བཞིན་ཞེན་པ་དཀར་བོ་བོད་ལ་བསྲིངས།།
ཁེར་རྐྱང་གོམ་ཁ་རྡོ་ལ་ཐོགས་ཀྱང་རང་ཚུགས་བརྟན་པོ་མ་བོར་བར།།
ལོ་ཟླ་རིང་མོའི་འགྲུལ་བཞུད་ཀློང་གི་ཁེར་རྐྱང་བུ་ཁྱོད་སྙིང་ནས་དྲན།།
ཚ་གདུག་ཉི་མས་ལུས་ལ་གདུང་ཡང་ཁྱོད་རང་ཨ་ཐང་མ་ཆད་ཐལ།།
ལས་ཀྱི་མཛའ་མོའི་འཕྲིན་པ་འབྱོར་ཡང་ཁྱོད་ཀྱི་བློ་ཁ་མ་འགྱུར་ཐལ།།
སྤྱི་སྒེར་གཉིས་ཀའི་སོ་མཚམས་དེ་ནས་སྤྱི་སེམས་བྲང་ལ་བརྐོས་བཞག་པས།།
རྒྱལ་སྲས་སེམས་དཔའི་ནང་རོལ་སྨིན་པའི་ས་ཡ་དྲུག་གི་བུ་གཅིག་པུས།།
མི་རབས་གསར་བའི་སྡེ་ཆེན་འདི་ན་ཁ་བའི་བདེ་སྡུག་གླེང་གིན་གདའ།།
རང་དོན་གཉེར་བཞིན་སྤྱི་དོན་འཆད་པའི་ཁ་ལྕེ་བརྡར་མཁན་འདི་ན་མང་།།
རང་ཉིད་ཁོ་ན་བདེ་བར་འདོད་པ་འདོད་ལྡན་མྱི་ཡི་གཤིས་སུ་གྲུབ།།
འོན་ཀྱང་རང་གི་ཞེན་པ་དཀར་བོ་ཕ་ཡུལ་ཞིག་གི་དྲང་བདེན་ཆེད།།
ཕ་མ་བུ་ཕྲུག་བརྩེ་བ་དོར་དེ་ཀྱག་ཀྱོག་འགྲུལ་བཞུད་སྣེ་མོ་ན།།
རང་ཡུལ་འཚོལ་བའི་རུས་རྐང་ཅན་ཞིག་ཁྱོད་ལས་གཞན་ཞིག་འདིར་མ་མཆིས།།
དཔོན་པོ་ཞིག་གི་ཆོ་ལོ་ཐོབ་པའི་རྡ་སའི་ཁུག་གི་མྱི་ཆེན་ཚོས།།
དུས་བཞིའི་ཚ་གྲང་གདོང་གིས་བསུ་བའི་ཁེར་རྐྱང་བུ་ཁྱོད་མ་མཐོང་ཐལ།།
རང་ཡུལ་བརྗེད་དེ་གཞན་ཡུལ་འདུར་བའི་བྱེས་ཀྱི་ཕུ་ནུ་མིང་སྲིང་ཚོས།།
ཁྱོད་ལ་འཇམ་རྩུབ་ཚིག་གིས་བརྡར་བཞིན་དྲ་ཐོག་ངག་ཐོག་གླེང་ན་ཡང་།།
ཁ་བ་བོད་པའི་མྱི་ཡི་ཚོགས་ན་ཁྱོད་འདྲའི་མི་བུ་དཀོན་པོ་རེད།།
ཁྱེད་ཀྱིས་བྲིས་པའི་དེབ་ཆུང་ཀློག་དུས་ཁྱོད་ནི་བརྩེ་དུང་རྒྱལ་སྲས་ཞིག །
ཁྱེད་ཀྱི་ཕྱི་ཡི་ཚུགས་ཀ་མཐོང་ན་ཕ་ཡུལ་གྲོང་གི་ལུག་རྫི་ཞིག །
ཁྱེད་ཀྱིས་བཞག་པའི་སྙིང་སྟོབས་བསམ་ན་དོན་གྱི་སེམས་དཔའ་ཆེན་པོ་ཞིག།
ཁྱེད་རང་ལམ་ཐག་ཅི་ཙམ་ཆས་ཀྱང་བདག་གིས་སྨོན་ལམ་རྒྱག་བཞིན་ཡོད།།
ཁྱོད་རང་གར་འགྲོ་གར་ཡོད་ཕྱོགས་ལ་བདག་གིས་རྣ་བ་གཏད་དེ་ཡོད།།
ཆོལ་གསུམ་བོད་པར་སྙིང་ཞིག་ཡོད་ན་སྐྱིད་སྡུག་མཉམ་མྱོང་བྱེད་རན་གདའ།།
ཚོགས་པ་སྐྱིད་སྡུག་སེམས་ཞིག་ཡོད་ན་གངས་རིའི་བདེ་སྡུག་གླེང་རན་གདའ།།
ཕུ་ནུ་མིང་སྲིང་འདང་ཅིག་ཡོད་ན་ཨ་མདོ་གླིང་ཚའི་བུ་གཅིག་པུས།།
ང་དང་ཁྱོད་དང་ཁོ་བོ་དག་གི་མ་འོངས་མདུན་ལམ་གླེང་བཞིན་གདའ།།
མཐོ་སྒང་གངས་རིའི་ཆག་འཇིག་འཁུར་ནས་ཕ་ཡུལ་ཕྱོགས་ལ་སྐྱོད་བཞིན་གདའ།།
ཕྱི་ལོ་༢༠༡༣ ཟླ་༥ ཚེས་༦ ལ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་རང་ཤག་ནས་གུས་པའི་བྲིས།
བདག་ཀྱང་ཐོག་མར་ཁྱེད་རང་བཞིན་དུ་གླིང་ཚའི་སྙིང་སྟོབས་བསྔགས་ནས་ཡོང་། །དེ་རྗེས་ཁོང་གིས་བྱུང་རབས་དག་དང་སྔོན་འགྲོའི་ཆ་སྐྱེན་ཕར་དོར་ནས། །བོད་ནས་ཕབ་པའི་སྐར་ལྔའི་དར་དམར་བྱེས་ནས་ཕྲག་སྟེང་བླངས་ལ་སོགས། །གཞིས་བྱེས་གཉིས་ཀྱིས་བདག་དབང་རྩོད་ལ་ཁྱད་གསོད་མཛད་དེས་བློ་ཕམ་སྐྱེས། །
རང་ལག་མཆིན་ཁར་བཞག་ནསབསམ་པའི་གཞུ་མོ་བཀུག་ཙ་ན།།
མིང་ཅན་གླིང་ཚ་ཁ་སང་ལུས་ངག་གང་ལ་བཅའ་སོང་རུང་།།
རང་ཅག་ཁ་བ་ཅན་ལ་ཁ་མིན་ཁོག་པའིམདོག་བསྟན་ན།།
སངས་རྒྱས་རློན་པ་འདྲ་བའི་ན་གཞོན་་ཁོ་ལ་གུས་འདུད་ཞུ།།