—-རྫ་ཚེ་རིང་བཀྲ་ཤིས།
སྲང་དང་སྲང་གི་གཡས་གཡོན་ཚང་མར་མར་མེ་ཕྲ་མོས་རང་འོད་འབྱིན། །
ཤེལ་ཁྲའི་འགྲམ་གྱི་སྟེགས་བུ་དག་ཀྱང་དོ་ནུབ་མར་མེ་མང་པོས་གསལ།
མག་མོག་མུན་པའི་ཡོལ་བ་དེ་དག་སྲོད་ལ་ལྷག་ཏུ་མཐུག་ན་ཡང་། །
མར་མེ་དག་ནི་སེམས་རྩ་བརྟན་པོས་རང་གི་འོད་སྣང་སྤྲོས་ཏེ་འདུག །
སྒོ་ཁུག་འགའ་ན་ཁེར་རྐྱང་ལྟ་བུའི་མར་མེ་འགའ་ཞིག་ལྷེམས་སེ་ལྷེམ། །
ཡར་འགྲོ་མར་འགྲོའི་སྐས་ཁ་དག་ན་མར་མེ་འགའ་ཡིས་འཛུམ་ཙམ་བྱེད། །
ཕལ་ཆེར་བགོམས་ནས་འགྲོ་ལ་ཁད་ཀྱང་མར་མེ་དག་ལ་གཙང་རྩོག་མེད། །
རླུང་བུ་དག་གི་བཙིར་ཙམ་བྱེད་མོད་མར་མེ་དག་ལ་ཁྲོ་བ་མེད། །
མར་མེ་འདི་དག་རེ་རེ་བཞིན་དུ་ཤེས་རབ་ཅིག་གི་ཕྱིར་རྟོག་སྟེ། །
མར་མེ་འདི་དག་རེ་རེ་བཞིན་དུ་ང་ཡི་སེམས་ལ་འཆེད་ཅིང་འོང་། །
འདི་ནི་སྐར་མ་འོད་ཆེན་ཞིག་གིས་གངས་རིའི་ཡུལ་ལ་བཞག་པ་ཡི། །
འགྲན་ཟླ་མེད་པའི་ཞབས་ཀྱི་རྗེས་ཤུལ་མར་མེའི་ཟོལ་གྱི་འབར་བ་ལགས།
རྫ་ཚེ་རིང་བཀྲ་ཤིས་ཀྱིས་མཊ་ཇུ་ཀྲི་ལའི་ཁྲོམ་སྲང་ནས་དགའ་ལྡན་ལྔ་མཆོད་ཀྱི་ནུབ་མོའི་ཡུལ་ངོས་ཀྱི་སྣང་ཚུལ་ཐད་བྲིས་བྱས།༼འདྲ་པར་དག་ཀྱང་རྩོམ་པ་པོས་བླངས་ཤིང་འདྲ་པར་གྱི་མིང་ལ་{ཁེར་རྐྱང་གི་མཆོད་མེ}ཞེས་བཏགས༽
རྒྱ་ཡིག་གི་འགྱུར་ཙམ་རྩོམ་གྱི་ཁ་བྱང་དུ་འཇོག་དགོས་པའི་རྒྱུ་མཚན་ཅི་གང་མ་མཐོང་། ཁྱད་ཆོས་མེད་ཀི
དགའ་ལྡན་ལྔ་མཆོད། ཐོག་གའི་སྒང་ལ་ཡོད། ཐུག་པ་འཐུང་ན་ཁོག་མའི་ནང་ན་ཡོད། རྩམ་པའི་དྲི་མ་ང་ལ་མེད་དོ་ཨོ། ་་་་ཞེས་ཟེར་སྲོལ་ཅིག་ཀྱང་འདུག