གངས་ཉི་གཞོན།
གྲང་ངར་ལག་པ་ཁང་མིག་ནང་ལ་བརྐྱངས།།
ཐབས་ཆགས་མལ་ཁང་ཆུང་ཆུང་འཁྱག་པས་བསྡམས།།
སྡོང་ལོ་འཕུར་བའི་ཤག་སྒྲ་རྣ་བར་གཟན།།
སྨྲེང་བའི་སེམས་པ་སྟོན་གྱི་རླུང་བུས་ཁྱེར།།
སྐྱིད་པའི་ཕ་ཡུལ་ཞེན་ཆགས་ཀློང་ནས་བཞག།
བརྩེ་བའི་ཕ་མ་ཐག་རིང་ཡུལ་ནས་བསྐྱུར།།
མཛའ་བའོ་སློབ་གྲོགས་ཚོ་དང་རྒྱང་དུ་གྱེས།།
ཀྱག་ཀྱོག་མི་ཚེའི་ལམ་ཁ་རང་གི་བདམས།།
དུས་ཀྱི་གོམ་ཁ་ཆུ་མོའི་འགྲོས་ལ་བཞུར།།
ལང་ཚོའི་མེ་ཏོག་དགུན་འཁྱག་སོ་ལ་ལྷུང་།།
འཕྲེང་སེམས་མང་བའི་ཚོར་སྣང་ལྕི་མོ་འགས།།
ས་མཐའི་འཚོ་བ་འདི་ལ་ཉམ་ང་དྲངས།།
ནམ་མཁའི་མཐོངས་སུ་ཁ་བའི་འདབ་ལོ་འཕུར།།
ས་གཞིའི་ངོས་སུ་གྲང་ལྷགས་རྒོད་པོ་ལྡང་།།
ལེ་ལོའི་རུམ་ནས་བས་མཐའི་འཚོ་བ་བསྐྱལ།།
ཡིད་ཆད་སྐྱ་བོ་ཞིག་གིས་ཤུགས་རིང་བྱིན།།
ཡལ་ག་ལྡེམ་པའི་ལྗང་གཞོན་ཙག་གིས་གཅུན།།
འཇག་མའི་སྐྱོ་གཞས་ངེས་མེད་རླུང་གིས་སྤུར།།
དྭངས་གཙང་ཆུ་མོ་དར་གྱི་སྦུབས་སུ་རྒྱུ།།
ཡིད་འགྱུ་བན་བུན་ཞིག་གིས་སེམས་ཁ་གཏར།།
འཁྱར་འཁྱོར་གོམ་འགྲོས་ལྕི་བའི་ལམ་བུ་དེ།།
ཁེར་རྐྱང་དངན་པ་མང་བའི་ལོ་ཟླ་རེད།།
སུན་སྣང་ཁོང་ནས་ལྡང་བའི་དེ་རིང་ནི།།
མི་མཐོང་རྒྱང་གི་ཕ་ཡུལ་ལྷག་ཏུ་དྲན།།
དྲན་པའི་ཉིན་ཞག་ཆུ་མོའི་གཞུང་ལ་བསྐུར།།
སེམས་འཕྲིན་དུང་བ་དམར་བོ་རླུང་ལ་གཏད།།
ས་མཐའི་མལ་ནས་ཐག་རིང་ཡུལ་ལ་འཕྲེང་།།
རྨི་ལམ་རེ་རེའི་སྣེ་མོ་རྒྱང་དུ་བསྲིངས།།
ཞག་གི་འཁོར་སྐྱོད་མཛུབ་མོའི་རྩེ་རུ་བཏགས།།
ལོ་ཟླའི་རྩིས་འཕྲེང་སེམས་པའི་ངོས་སུ་བྲིས།།
དྲན་གདུང་ལྕི་མོ་སེམས་པའི་གཏིང་ལ་ཉལ།།
བགྲང་བྱའི་ཁུར་བོ་སྙིང་ན་གདོས་རེ་ཆེ།།
ཁྱིམ་བྱའི་ཀུ་ཅོས་རྨི་ལམ་མ་དཀྲོགས་གོང་།།
ཆུ་ཚོད་ཅོང་སྒྲ་ཞིམ་པོའི་མལ་ལས་བསླངས།།
དབེན་ཐིང་མཚན་མོའི་ཁོང་ཡུག་གྲང་ཤུར་ཤུར།།
རྨི་ལམ་ཐན་ཐུན་རེ་ལ་རེ་སྨོན་བྱེད།།
ཨ་་་་ཨ་་་་་་་འདི་ངོ་མ་སྙན་ངག་རེད། འདི་འདྲ་འབྲི་ཐུབ་ན་ངོ་མ་འདོད་པ་ཁེངས་ས་རེད།
གཟའཟླ་བུ་ཚ་མེད་པའི་ཁྱིམ་ཚང་སྟོང་པའི་ནང་།
བཅུད་དང་བྲོ་བ་མེད་པའི་ལྦུ་ཆང་འཐུང་བཞིན་དུ།
ཁུངས་དང་ལུང་བ་མེད་པའི་ཁ་བརྡ་ཀློག་གིན་དུ།
མི་ལུས་རིན་ཆེན་དོན་མེད་འཇོམས་པར་གཏིང་ནས་སྐྱོ།
གཟའ་ཟླ་འདི་བཟའ་ཚང་ལ་བཅོས་རོགས།