བཀྲ་ཤིས་དོན་གྲུབ།
ཁེར་རྐྱང་གི་སྙན་ངག་ཁོ་ན་ཡིན་
ཚེ་སྲོག་ཡོད་ཚད་གཉིད་དུ་ཡུར་ཞིང
ཐ་ན་ལྗོན་ཤིང་གི་ཚོགས་ཀྱང་འགུལ་
སྐད་ཅིག་མའི་བར་གསེང་དེར
ཁེར་གདུང་གིས་བསྣད་པའི་མི་རྐྱང་
ཟླ་འོད་ཀྱི་མཚོ་མོའི་ཀློང་ནས
རང་དབང་གིས་འཕུར་བསྐྱོད་བྱེད་ཞོ
སེམས་ཚོར་གང་ཞིག་མཚོན་པའི་གླུ་
ཚོར་ཤུགས་དྲག་པོས་ནམ་ཟླ་སྒོར་མོ
སུས་ཀྱང་མ་ཐོས་མོད་ཡོད་ཚད་ཀྱིས་
རང་བྱུང་ཁམས་ཀྱི་འཁོར་བསྐྱོད་
རེ་ཞིག རེ་ཞིག་ལ་མཚམས་འཇོག་བྱས་ནས
ཁུ་སིམ་སིམ ཁུ་སིམ་སིམ་ལ་ལུས་བྱུང
རྨི་ལམ་གྱི་ལྷ་མོ་གང་ཞིག་རྟོག་
ཟླ་བ་སྒོར་མོ་ལྷ་མོའི་ཞལ་ཁྱིམ་
བརྗོད་མི་ཚར་བའི་བརྩེ་དུང་གི་
བཟོད་དཀའ་བའི་གྱེས་བྲལ་གྱི་སྐྱོ
བྲལ་གདུང་གི་རོལ་དབྱངས་མཚོན་པའི
རྒྱུ་སྐར་གྱི་ཚོགས ཁྲ་ཆེམ་ཆེམ
ཁྲ་ཆེམ་ཆེམ་ལ་འགུལ་བྱུང
མི་རྐྱང་གི་ཁྱིམ་གཞིས་ཁོ་ན་ཡིན་
མཚན་མོ་འདི་རླུང་བུ་བསིལ་བསིལ་
ཟླ་འོད་དྭངས་གསལ་ཞིག་གིས་བཀྲུས་
མཚན་མོ་འདི་ཁེར་རྐྱང་གི་སེམས་པ་
མཚན་མོ་འདི་མི་རྐྱང་ཚོར་དབང་ཞིང
ཁེར་རྐྱང་གི་སྙན་ངག་ཁོ་ན་ཡིན
ཁེར་རྐྱང་གི་སྙན་ངག་ཁོ་ན་ཡིན…
2012/11/27 མཚན་མོར་ང་རང་དུས་རྒྱུན་སྒྱུ་