གཅན་འོད་འབར།
ཁུ་སིམ་གྱི་མགོ་བོ་བྲང་ཁར་སྨད་ནས།
བདག་མེད་ཀྱི་སྐྲ་ལོར་བྱིལ་བྱིལ་བྱེད་པའི་རླུང་ཞིག་ལྡང་བར་རེ་ལ།
འཁྱག་སིབ་ཀྱི་ལག་ཟུང་བྲང་ཁར་བཞག་ནས།
ཁེར་རྐྱང་གི་འགྲམ་པར་འཇམ་ཞིམ་གྱི་འོ་ཞིག་བྱེད་པར་སྒུག
རེ་བས་ཁེངས་བའི་རི་གྲོང་འདིའི་མཚམས་སྤྲིན་ངོགས་ནས།
རང་ལ་མི་དབང་བའི་ཁང་མིག་འདི་ལ།
བརྩེ་འདང་གི་སྨུག་ཞགས་རེ་ཨེ་འཁོར་བལྟས་ཤིང་།
དྲོད་ཁོལ་ཀྱི་ཉི་ཟེར་རེ་ཨེ་ཕོགས་ལ་སྒུག
རེ་བཞིན་རེ་བཞིན།
ནམ་ཟླ་ཇེ་འཁྱག་དང།
སྒུག་གིན་སྒུག་གིན།
ཉིན་མཚན་ཇེ་རིང་ཡིན་པའི་ཚོར་སྣང་ཞིག་གིས།
ནམ་རྒྱུན་སྒེའུ་ཁུང་ནས་སྐར་མར་ལྟ་རྒྱུར་དགའ་བའི་སེམས་པ་ཡང་།
སྟོང་བསམ་གྱི་ཆུ་མོས་འཁྱེར་སོང།
ལྷོད་ཀྱིས་ལྡང་བའི་དཔྱིད་ཀའི་ལྷག་རླུང་འདི་ཡང་།
སུ་ཞིག་གིས་ཆེད་དུ་བཏབས་པའི་ཚེར་མའི་མེ་ཏོག་འདྲ་བར།
ཁ་ཕྱོགས་བྲལ་བའི་རྨི་ལམ་འདིའི་རུས་གསེང་ལ་ཟུགས་ཤིང་།
ཆ་རྒྱུས་མེད་པའི་ངོ་གདོང་འདིའི་ཤ་གསེབ་ལ་བཞད་དུས།
མིག་ཟུང་ལ་ཡང་ཡང་འཁྱིལ་མྱོང་བའི་གནའ་བོའི་གཙང་བོ་དེ་ཡང།
ད་ལྟ་སྐམ་ནས་བཞུར་རྒྱུ་མི་འདུག་པས།
ཡོད་ཚད་ལ་ཨ་ཐང་ཆད་པའི་དངན་པ་ཞིག
མྱ་ངན་གྱི་ཁ་བས་མནན་པའི་ཁང་ཆུང་འདིའི་ཕྱི་ནང་གསང་གསུམ་དུ།
བྲག་ཆ་བཞིན་འཁྱིལ་སོང།
ཁེར་རྐྱང་དུ་ཡོང་ཞིང།
ཁེར་རྐྱང་དུ་འགྲོ་དགོས་པའི་སྡོམ་ཚིག་དེ་བསམ་ན།
ཅི་ཞིག་ལ་མ་ཁོམ་པའི་གྲོག་མ་འདི་ཚོའི་འདུར་རྒྱུག་དང།
གང་ཞིག་གིས་མ་ངོམས་པའི་ཁྭ་ཏ་འདི་ཚོའི་བྲེལ་འཚུབ་ལ།
ངུ་རྒྱུ་མེད་པར་ངུ་རྒྱུ་ཞིག་ཡོང་ལ།
དགོད་རྒྱུ་མེད་ཀྱང་དགོད་རྒྱུ་ཞིག་ཡོང་།
ཁ་སང་མཐོང་བའི་འཛུམས་མདངས་དེ་ཚོ།
དེ་རིང་སུ་ཞིག་གིས་འཁྱེར་བ་མ་ཤེས་པའི་རྒྱུ་རྐྱེན་དང་།
དེ་རིང་རིག་པའི་ངོ་གདོང་འདི་དག
སང་ཉིན་གང་ཞིག་དུ་ཡལ་ཡོང་མི་རྟོགས་པའི་གསང་བ་ལས།
གབ་ཚིག་ལྟ་བུའི་མི་ཚེའི་འགོ་མཇུག་དྲན་དུ་བཅུག་པས།
སྙིང་རྗེ་ཟེར་བའི་ཐ་སྙད་ཅིག་གིས།
སེམས་པ་འདི་ཡར་ལ་བཀྱགས་ཤིང།
འཆི་བ་ཞེས་པའི་གཏན་ཚིག་ཅིག་གིས།
སེམས་པ་འདི་མར་ལ་མནན་བྱུང།
འདི་ལྟར། སྐྱོ་བ་འཐིབས་པའི་གྲིབ་གཟུགས་ལ་ཁེན་ནས།
ཁེར་རྐྱང་གི་ན་ཟུག་རླུང་ལ་བསྐུར་ཞིང།
དྲན་གདུང་གི་མིག་ཆུ་མེ་རུ་སྤར་བ།
ལས་འདོད་མེད་པའི་ལས་ཀ་གཞན་ཞིག་རེད་ལ།
ཁེར་རྐྱང་དུ་གཉེར་མའི་བང་རིམ་བགྲང་ཞིང།
སྐྲ་དཀར་གྱི་ཁ་གྲངས་རྩི་རྒྱུ་དེ་ཡང་།
གོམ་ལོབས་སུ་གྱུར་བའི་གཤིས་ཀ་ལྷག་མ་ཞིག་རེད།
ཁེར་རྐྱང་དུ་་་་།
༢༠༡༢།༤།༢༣
དཔེ་སྙན་པོ་འདུག
ཁོ་རེ་ཡག་པོ་བྲིས་འདུག།
འཛམ་བུ་གླིང་།
ཞེ་དྲག་སྙན་པོ་བྲིས་འདུག མུ་མཐུད་འབོད་དང་། ང་ཡང་ཁྱེད་ཀྱི་རྩོམ་ཡིག་གི་འབྲི་སྟངས་འདི་ལ་དགའ་ནི་ཞིག་རེད།
ཁེར་རྐྱང་གི་སེམས་པ་ནང་དུ་བཀུག་ནས། འདས་སོང་གི་ལོ་ཟླར་ཕྱིར་མིག་ཞིག་འཕེན་ན། དགའ་སྐྱོ་སྡུག་གསུམ་གྱི་ཟློས་གར། རྨི་ལམ་གྱི་མཚན་ལྗོངས་སུ་འགྲིམས་འདུག
བཀླགས་ཟིན། སྙན་གི
འཛུམ་ཆུང་ལགས། སྐུ་ཉིད་ཀྱི་སྙན་རྩོམ་འབྲི་སྟངས་འདི་ནི་བདག་གི་དགའ་ཤོས་ཤིག་ཡིན་པར་མ་ཟད། ཉིད་ཀྱི་སྙན་རྩོམ་མང་དག་ཅིག་བདག་གིས་བཀླགས་ཚར་བ་ཡིན་པས་ངོ་མ་སྙན་མོ་བྲིས་ཡོད་ཀི མུ་མཐུད་དུ་བོད་ཕྱི་ནང་གཉིས་ཀའི་དྲ་ངོས་སུ་ཁོད་དང་བདག་གིས་ས་བཙལ་རྡོ་བཙལ་བྱས་ནས་ཀློག་ངེས་ཡིན། དྲ་ཐོག་ནས་ཡང་ཡང་མཇལ་བར་སྨོན།
སེམས་ཀྱིས་གཞིབ་ནས་བུད་སོང་་་ཡག་ཐལ ཡང་ན། ང་དགའ་རོགས་མེད་པའི་དགེ་སློང་ཡིན།། གཏམ་མི་ཁ་མེད་པས་དགེ་བ་ཡིན་་་་་ཟེར་དགོས་པ་མིན་འགྲོ་་་ཞེས་ཀྱང་བྲིའོ།།
གྲོགས་པོ་གཅན་ལགས་ཡ་མཚན་ཆེ་། དེང་རབ་གི་རྩོམ་པ་པོ་། ཁྱེད་གྱི་གསུང་བ་ཅི་བཞིན་། ངས་ཀྱང་ང་ཡི་བསིལ་འཇམ་གྱི་ཟླ་བ་ ཟླ་བ་ལ་སྒུག་། ཁྱེད་གྱིས་འོད་དཀར་ནམ་ཞིག་ན་མཐོང་། དུས་ཚོད་གི་སྐར་ཆ་ཐག་ཐག་། སྤྲིན་ནག་གི་ཡོལ་་བ་ཉེ་རུ་ནས་ཉེ་རུ་།
ཞབས་མཆན་འཇོག་མཁན་གྱི་དྲྭ་གྲོགས་ཚང་མར་ཁམས་འདྲི་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང། མུ་མཐུད་ལེགས་སྤེལ་ཉེས་འགོག་གི་བསམ་ཚུལ་ལྷུག་བརྗོད་གནང་བའི་རེ་བ་ཆེ།
དྲ་གྲོགས་རྣམས་པས་ཞབས་མཆན་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་རྒྱུ་དང། ལེགས་སྤེལ་ཉེས་འགོག་གི་བསམ་ཚུལ་ལྷུག་བརྗོད་གནང་བའི་རེ་བ་ཧ་ཅང་ཆེ།
ངོ་མ་སྙན་པོ་དཔེ་མེད་ཅིག་འདུག་་་་ཉིད་ཀྱི་དུང་སེམས་མཚོན་པའི་རྩོམ་ཡིག་ལ་ང་ཡང་དགའ་བོ་ཡོད།་་མུ་མཐུད་དུ་ཡིན་གདའ།
ཨ་རོགས སྙན་ངག་འདིའི་ནང་གི་ཁོར་ཡུག་དང་སེམས་ཚོར་འདྲེས་མའི་ཞིབ་འབྲི་ལ་དམིགས་བསལ་གྱི་ཁྱད་ཆོས་ཞིག་འདུག ཁྱོད་གཅན་འོད་འབར་གཅན་ཚ་གང་ནས་ཡིན་
ཚོ་དྲུག་ཞོ་བཟང་ནས་ཡིན་ལགས།
བྲོ་འཚལ་ལགས་ལ་སྙིང་ནས་བཀའ་དྲིན་ཞུ།