ཆང་སྐྱེས།
མི་སེམས་རློན་པ་བདུད་ཀྱིས་དབང་བསྒྱུར་པས།།
ལས་འབྲས་རྒྱ་མ་གཤིན་རྗེའི་གྲོང་ན་འཁྱོག།
བདེན་ཁུངས་ཡོད་ཚད་རང་ལ་གཏུགས་གཏུགས་པས།།
དྲང་བའི་མི་ལ་ཞྭ་མོ་ནག་པོ་བསྐོན །།
བརྩེ་སེམས་འོ་མཚོ་རྣག་གིས་དཀྲུགས་དཀྲུགས་པས།།
ཡིད་ཆེས་གསེར་གྱི་ཀ་བ་ཡུན་གྱིས་་རུལ།།
བསླུ་བྲིད་རླུང་བུ་དམར་བོ་རྩུབ་དྲག་པས།།
རྨི་ལམ་ཞིང་གི་གྲོང་ཁྱེར་རྨང་ནས་ཞིག།
གཡོ་ལ་མཁས་ན་ཀུན་གྱིས་གཙུག་ཏུ་བཀུར།།
དྲང་བོར་བྱས་ན་དམངས་ཀྱིས་མི་ཁ་འཁོར།།
ཁོར་ཡུག་མུན་པས་བསྒྲིབ་པའི་རི་གྲོང་ན།།
ཉམ་ཆུང་མི་ཡི་གོམ་པ་གང་ལ་སྤོ།།
འབྱོར་བས་ཕྱུག་ན་སྐྱི་པགས་ཀེར་ཏེ་བསུ།།
ནོར་གྱིས་དབུལ་ན་སྨིན་མ་འཁྱོག་སྟེ་ལྟ།།
མི་གཙང་ཁ་དབུགས་རུལ་བའི་གྲོང་ཚོ་ན།།
ཁོ་བོའི་ནམ་ཟླ་སྐྱ་བོ་ཧ་ཅང་འཁྱག།
ཆུང་འདྲེས་བུ་མོའི་བརྩེ་བ་སྒོར་གྱིས་བསླུས།།
བཤད་པའི་སྙིང་གཏམ་དམར་བོ་རླུང་ལ་བསྐུར།།
ཐ་མག་ཚེ་སྲོག་མེ་ལ་བསྒྲོན་བསྒྲོན་པས།།
ཁོག་གི་གློ་མཆིན་གཉི་ག་སྨུག་གིས་བཟུང་།།
སྐྱིད་མེད་སྡུག་གི་འཚོ་བ་རོལ་རོལ་བས།།
སེམས་ཀྱི་བུ་ཆུང་ལང་ཤོར་ཐོལ་གྱིས་རྒས།།
མཚན་མོ་གཅིག་པུར་ཁེར་ཉལ་བྱས་བྱས་བས།།
བདུད་རྩི་ཨ་རག་ཆང་ལ་ལོབ་ནས་ཐལ།།