བོད་ཀྱི་དུས་བབ་ནས་བརྐུས།
༡སྤྱི་ཟླ་ ༤ ཚེས་མགོ་ནས་བོད་ཕྱི་ནང་གཉིས་ཀྱི་གསར་ལམ་ཁག་ཏུ་གླེང་སློང་ཤུགས་ཆེ་ཤོས་ནི། དངོས་མིང་ལ་ཁོ་ཚེ་ཚུལ་ཁྲིམས་དང་སྒྲ་མིང་ལ་འཇམ་དཔལ་དགྱེས་པའི་བློ་གྲོས། སྨྱུག་མིང་ལ་འཛམ་གླིང་ཞི་བདེའི་རིག་གནས་ཕོ་ཉ་ཞེས་པ་ཁོང་རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལར་འབྱོར་བའི་སྐོར་རེད། འོན་ཀྱང། གནས་ཚུལ་དེ་ཐོག་མར་གསར་ལམ་ཁག་གི་གསར་འགྱུར་དངོས་མིན་པར། ཟླ་ ༤ ཚེས་ ༩ ཉིན་རྩོམ་པ་པོ་ལྷ་ཆབ་སྦྱིན་པ་ལགས་ཀྱིས་བོད་ཀྱི་དུས་བབ་དྲ་རྒྱའི་ཟིན་བྲིས་སུ། གངས་ཅན་བླ་མའི་ཨབ་ཕྲུག་ཁོ་ཚེ་ཚུལ་ཁྲིམས་ངྷ་སར་སླེབས་པ། ཞེས་པའི་ཟིན་ཐོ་ཞིག་བཀོད་པ་དང་དེའི་ངོ་བཤུས་ཁ་བརྡ་དྲ་བར་འདྲེན་བཀོད་བྱས་པ་སོགས་རིམ་གྱིས་ཁྱབ་གདལ་དུ་སོང་བ་ཞིག་རེད། ད་ཆར་གོང་གི་ཟིན་ཐོ་དེའི་ཐད་དཔྱད་གཏམ་གྲངས་ ༣༣ དང༌། ཁ་བརྡ་དྲ་བའི་སྟེང་དཔྱད་གཏམ་ ༡༢༨ ། བོད་ནང་གི་ཧི་གཟུགས་ཟིན་བྲིས་སུ་དཔྱད་གཏམ་ ༡༣ བཅས་བཀོད་འདུག་པ་མ་ཟད། དྲ་བ་དེ་དག་གི་ཀློག་གྲངས་ཆེས་མང་བའི་གོ་གནས་ཟིན་ཡོད།
༢དོན་དངོས་ཐོག་ཁོ་ཚེ་ཚུལ་ཁྲིམས་ངྷ་སར་འབྱོར་བའི་ཚེས་གྲངས་དང། ༧གོང་ས་མཆོག་ལ་མཇལ་ཁར་བཅར་རྒྱུའི་དམིགས་ཡུལ་ངོ་མ་གང་ཡིན་ཤེས་དཀའ་ཡང། ཟླ་ ༤ ཕྱི་ཚེས་ ༤ ཉིན་གྱི་ཞོགས་པ་ནས་གཙུག་ལག་ཁང་གཡས་གཡོན་ནས་ཁོ་ངོ་ཤེས་མཁན་འགའ་རེ་ཡིས་མཐོང་འདུག་ལ། སྐབས་དེར་ཁོས་སོག་ལྭ་ཞིག་གྱོན་ཞིང། རོགས་པ་ནང་སོག་གི་བུད་མེད་ཅིག་དང༌། ཕྱི་སོག་གི་སྐྱེས་པ་ཞིག་བཅས་ཡོད་འདུག ཐེངས་འདིར་ཁོ་ཚེ་ཚུལ་ཁྲིམས་ཀྱིས་སོག་པོའི་མཁན་པོ་ཞིག་གི་མིང་ཐོག་ནས་༧གོང་ས་མཆོག་དང་ཁལ་ཁ་རྗེ་བཙུན་དམ་པ་རྣམ་གཉིས་ལ་མཇལ་ཁར་བཅར་ཡོད་ཀྱང། སྐུ་སྒེར་ཡིག་ཚང་ནས་ཁོའི་ཕྱིར་སྐྱོད་ལག་ཁྱེར་རྒྱ་ནག་ནས་ཡིན་པ་ཤེས་ཏེ་མཇལ་ཁར་བཏང་མེད་སྟབས། ཨ་ལགས་འཇིགས་མེད་མཆོག་ལ་འབྲེལ་བ་བྱས་འདུག ཨ་ལགས་འཇིགས་མེད་མཆོག་གིས་ཁ་པར་བརྒྱུད་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་དང་ཤེས་རིག་ཟུང་དྲུང་བཀྲ་ཤིས་དོན་འགྲུབ་གཉིས་ལ། མི་དེར་བརྩད་གཅོད་ཞིབ་འཇུག་བྱ་དགོས་པའི་བཀའ་མངགས་གནང་བ་ལྟར། སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་དང་བཀྲ་ཤིས་དོན་འགྲུབ་གཉིས་ཕྱི་ཚེས་ ༥ ཉིན་སོག་པོའི་མཁན་པོར་རྫུས་པའི་ཁོ་ཚེ་ཚུལ་ཁྲིམས་ལ་ཐུག་འཕྲད་བྱས་ཏེ། གནས་ཚུལ་རྒྱུས་ལོན་བྱས་པའི་གྲུབ་དོན་བོད་གཞུང་བདེ་སྲུང་དང་སྐུ་སྒེར་ཡིག་ཚང་ལ་སྙན་སྒྲོན་ཞུས་འདུག་ལ། ཁོ་ཚེ་ཚུལ་ཁྲིམས་ཀྱིས་ཁས་ལེན་དམ་བཅའ་བྱས་དོན་ལྟར་དོན་ཚན་ ༤ ཡི་སྙན་ཞུ་ཞིག་བྲིས་ཏེ། ཕྱི་ཚེས་ ༧ བར་མཇལ་ཁ་རག་མིན་ལ་བསྒུག་རྒྱུ་བྱས་ཡོད་ཀྱང། ཉིན་དེའི་དགོང་མོ་ཕྱིར་ལྡི་ལིར་ལོག་སྟེ་ཕྱི་ཚེས་ ༦ ཉིན་ཨ་ལགས་འཇིགས་མེད་མཆོག་ལ་དངོས་སུ་ཐུག་འཕྲད་ཀྱིས་ཁོ་རང་གི་འདས་པའི་ལོ་རྒྱུས་དང༌། ཐེངས་འདིར་༧གོང་ས་མཆོག་ལ་མཇལ་ཁར་བཅར་དགོས་པའི་རྒྱུ་མཚན་སྙན་སྒྲོན་ཞུས་འདུག་ལ། དེའི་རྗེས་རྡོ་རྗེ་གདན་སོགས་སུ་ཕྱིན་ཅིང། ཚེས་ ༡༠ ཉིན་ལྡི་ལི་ནས་ཕྱིར་སོག་ཡུལ་དུ་ལོག་ཡོད་འདུག
ཁོ་ཚེ་ཚུལ་ཁྲིམས་སྔོན་རྒྱ་གཞུང་དང་གངས་ཅན་བླ་མ། དོལ་རྒྱལ་སོགས་ལ་འབྲེལ་བ་ཡོད་པའི་སྐད་ཆ་མང་དག་ཅིག་ཡོད་སྟབས། ཐེངས་འདིར་༧གོང་ས་མཆོག་གི་མཇལ་ཁ་རག་མེད་པ་མ་ཟད། ཁོ་དང་འབྲེལ་བ་བྱུང་ཡུལ་ཨ་ལགས་འཇིགས་མེད་མཆོག་དང་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང། ཤེས་རིག་ཟུང་དྲུང་བཀྲ་ཤིས་དོན་འགྲུབ་བཅས་ལའང་སྤྱི་ཚོགས་ནང་སྐྱོན་བརྗོད་དང་ཉེས་འཛུགས་འདྲ་མིན་ཞིག་ཡོང་གིན་ཡོད་པ་དང། གནས་ཚུལ་འདི་གསལ་བོ་བཟོ་དགོས་པའི་འབོད་སྐུལ་ཡང་བྱུང་ཡོད།
༣གནད་དོན་འདི་རིགས་བོད་གཞུང་བདེ་སྲུང་ལས་ཁུངས་དང་ཐད་ཀར་འབྲེལ་བ་ཆགས་ཡོད་སྟབས། ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་འདི་གའི་གསར་འགོད་པ་བོད་གཞུང་བདེ་སྲུང་ལས་ཁུངས་སུ་བཅར་ཏེ། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་ལ་གནད་དོན་དེའི་སྐོར་ལ་རྒྱུས་མངའ་ཅི་ཡོད་བཀའ་འདྲི་ཞུས་པར་ཁོང་གིས། ཉེ་ཆར་ཁོ་ཚེ་ཚུལ་ཁྲིམས་འདིར་སླེབས་ཏེ། མཇལ་ཁ་ཞུ་རྒྱུར་འབད་བརྩོན་བྱས་པ་དེ་དངོས་ཡོད་གནས་ཚུལ་རེད། ཁོས་སྙན་སེང་ཞུ་སྐབས་ཁོ་ཚེ་ཚུལ་ཁྲིམས་ཡིན་ཞེས་ལབ་མི་འདུག སོག་པོའི་བླ་མ་ཞིག་གི་མིང་ཐོག་ནས་མཇལ་ཁ་ཞུས་འདུག ཉིན་དེར་༧གོང་ས་མཆོག་ལ་གཙུག་ལག་ཁང་དུ་མཛད་འཆར་ཡོད་སྟབས། ཕེབས་ལམ་ནས་མཇལ་ཁ་གཏོང་རྒྱུའི་གྲ་སྒྲིག་ཡོད་ཀྱང། སོག་པོའི་བླ་མ་དེ་ཁོ་ཚེ་ཚུལ་ཁྲིམས་ཡིན་མིན་གྱི་སྐད་ཆ་ཞིག་བྱུང་སྟབས། བདེ་སྲུང་དང་སྐུ་སྒེར་ཡིག་ཚང་ནས་ཞིབ་འཇུག་བྱས་མཐར། ཁོ་ཚེ་ཚུལ་ཁྲིམས་ཡིན་པ་ར་འཕྲོད་དེ་མཇལ་ཁར་བཏང་ཡོད་པ་མ་རེད། ཅེས་གསུངས་སོང། ཡང་ཁོང་ལ་ཐེངས་འདིར་ཁོ་ཚེ་ཚུལ་ཁྲིམས་ཀྱིས་ཁས་ལེན་དམ་བཅའ་བྱས་ཚུལ་འདུག་པ་བདེན་མིན་དྲིས་པར། དོ་བདག་གིས་དོལ་རྒྱལ་བསྟེན་གྱིན་མེད་ཟེར་གྱིན་འདུག འོན་ཀྱང། གངས་ཅན་བླ་མ་དང་སོག་པོའི་བླ་མ་བཅས་ལ་འབྲེལ་བ་ཡོད་པ་དེ་གསལ་བོ་རེད་ལ། དོ་བདག་གིས་ཀྱང་འབྲེལ་བ་བྱུང་ཞེས་བཤད་བྱུང། སྔར་འབྲེལ་བ་ཡོད་མོད། ཕྱིས་སུ་འབྲེལ་བ་བྱ་རྒྱུ་མིན། སྐུ་མདུན་ལ་མཇལ་ཁར་གཏོང་རོགས། དེ་འདྲ་ལབ་མ་སོང། གལ་སྲིད་དེ་འདྲའི་དགོངས་པ་ཡོད་ན། ཐོག་མ་ནས་གསལ་བོར་བཤད་དགོས་པ་རེད། དེ་ལྟར་བཤད་པ་ཡིན་ན་བསམ་བློ་གཏོང་ས་ཞིག་ཡོད་པ་རེད། དེ་འདྲ་མེད་སྟབས། མཇལ་ཁར་གཏོང་ཐུབ་ཡོད་པ་མ་རེད། ཅེས་གསུངས་བྱུང།
༤ཕྱི་ཚེས་ ༡༦ ཉིན་ཤེས་རིག་ཟུང་དྲུང་བཀྲ་ཤིས་དོན་འགྲུབ་ལགས་སུ། ཐེངས་འདིར་ཁོ་ཚེ་ཚུལ་ཁྲིམས་དང་འབྲེལ་འདྲིས་བྱས་པའི་བརྒྱུད་རིམ་བཅར་འདྲི་ཞུས་པར་ཁོང་གིས། གནད་དོན་དེའི་སྐོར་ཆ་ཚང་བདེ་སྲུང་ལས་ཁུངས་སུ་སྙན་སྒྲོན་ཞུས་ཡོད། ང་རང་གཞུང་ཞབས་ཤིག་ཡིན་སྟབས། སྐད་ཆ་མང་པོ་བཤད་རྒྱུར་སྟབས་བདེ་བོ་མི་འདུག རྒྱལ་རོང་ཟླ་བ་ཚེ་རིང་ལགས་ལ་སྐད་ཆ་དྲིས་དང༌། ངེད་གཉིས་གཅིག་པ་རེད། ཁོས་མགོ་ནས་མཇུག་བར་བཤད་གི་རེད་ཅེས་བརྗོད་པ་ལྟར། ཉིན་དེའི་དགོང་མོ་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་སུ་ཐུག་འཕྲད་ཀྱིས་སྐད་ཆ་དྲིས་པར་ཁོང་གིས་བརྗོད་རྒྱུར། ཟླ་ ༤ ཚེས་ ༤ ཉིན་གྱི་དགོང་མོ་ཨ་ལགས་འཇིགས་མེད་རིན་པོ་ཆེ་ཡིས་ལྡི་ལི་ནས་བཀྲ་ཤིས་དོན་འགྲུབ་ལ་ཁ་པར་བཏང་སྟེ། སོག་པོའི་བླ་མ་ཡིན་ཟེར་མཁན་གྱི་ཨ་མདོ་བ་ཞིག་ངྷ་སར་སླེབས་ཡོད་ས་རེད། ཁོ་གངས་ཅན་བླ་མ་དང་འབྲེལ་བ་ཡོད་མཁན་ཞིག་རེད། དེ་ལ་བརྩད་གཅོད་ཞིབ་འཇུག་བྱ་དགོས། ཞེས་བཀའ་མངགས་བྱས་འདུག།ཕྱི་ཚེས་ ༥ ཉིན་ངེད་གཉིས་ཁོ་འཚོལ་དུ་ཕྱིན་སྐབས། གཙུག་ལག་ཁང་གི་སྒོ་ཁ་ནས་སོག་ལྭ་ཆེན་པོ་གྱོན་ཞིང་སོག་མོ་ཁྲིད་མཁན་ཞིག་ལ་ཐུག་སོང། ངེད་གཉིས་གམ་དུ་བཅར་ཏེ་སྐད་ཆ་འདྲི་སྐབས་ཅུང་ཚ་གེ་ཚིག་གེ་ཞིག་ཆགས་བཞིན་ཁོ་ཚེ་ཚུལ་ཁྲིམས་ཡིན་ཟེར། ང་ཚོས་བཀའ་མོལ་སྐབས། སོག་པོའི་གུ་རུ་དེ་ཝ་ངོ་ཤེས་པ། དེབ་ཅིག་གི་ཆེད་དུ་གངས་ཅན་བླ་མར་འབྲེལ་བ་བྱུང་ཡང་ ༢༠༠༦ ལོའི་རྗེས་སུ་འབྲེལ་བ་མེད་ཚུལ། ཐེངས་འདིར་ཁལ་ཁ་རྗེ་བཙུན་དམ་པ་དང་༧རྒྱལ་བ་རིན་པོ་ཆེ་གཉིས་ལ་མཇལ་དུ་ཡོང་བ་དང༌། ༧རྒྱལ་བ་རིན་པོ་ཆེའི་མདུན་ནས་གཙང་མ་བཟོ་རྒྱུ་ཞིག་ཡོད་ཚུལ་སོགས་བཤད་བྱུང༌། དེ་དག་སྐུ་སྒེར་ཡིག་ཚང་གི་ལས་བྱེད་སྐུ་ངོ་བྲེ་སང་ལགས་སུ་ཞུས་པ་ཡིན། སྐབས་དེར་བདེ་སྲུང་གི་ལས་བྱེད་ཅིག་ཡོང་སྟེ་ཁོང་ལ། ཁྱོད་རང་སྐུ་མདུན་ལ་མཇལ་དགོས་པའི་དམིགས་ཡུལ་ཡིག་ཐོག་ནས་ཁྱེར་ཤོག་ཟེར་སྟབས། བཀྲ་ཤིས་དོན་འགྲུབ་ཀྱི་རོགས་རམ་འོག ཤོག་ངོས་གསུམ་ཅན་གྱི་སྙན་ཞུ་ཞིག་བྲིས་ཏེ་བདེ་སྲུང་དང་སྐུ་སྒེར་ཡིག་ཚང་ལ་སྤྲད་སོང་ལ། ༧གོང་ས་མཆོག་གི་མཇལ་ཁར་ཕྱི་ཚེས་ ༧ བར་བསྒུག་གི་ཡིན་ཟེར། ལས་ཀ་ཡོངས་སུ་གྲུབ་རྗེས་ང་ཚོ་མཉམ་དུ་བོད་ཀྱི་གསོལ་མགྲོན་ཁང་དུ་དགོང་ཟས་ཟ་རུ་ཕྱིན་པ་ཡིན། ང་རང་གི་མཐོང་སྣང་ལ་མི་དེའི་ཤེས་ཡོན་གྱི་གནས་ཚད་ཧ་ཅང་མཐོ་བོ་དང༌། ཐེངས་འདིར་ཁ་ཞེ་གཉིས་མེད་ཀྱིས་མགོ་འདོགས་ཞུ་རུ་ཡོང་བ་མིན་ནམ་སྙམ་པ་ཞིག་བྱུང་སོང། དགོང་མོའི་ཆུ་ཚོད་ ༨ ཡས་མས་སུ་ང་ཚོ་ཁ་གྱེས་མ་ཐག་གནས་ཚུལ་ཆ་ཚང་བདེ་སྲུང་བཀའ་བློན་མཆོག་ལ་སྙན་གསེང་ཞུས་པ་ཡིན། ཞེས་གསུངས་སོང་།
༥གོང་དུ་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ཀྱིས་གསུངས་པའི་ཐེངས་འདིར་ཁོ་ཚེ་ཚུལ་ཁྲིམས་ཀྱིས་སྐུ་སྒེར་ཡིག་ཚང་དུ་ཕུལ་བའི་ཞུ་ཡིག་དེར་བཀོད་དོན།
༄༅། །དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་མཆོག་ལ།
ཆེད་ཞུ།
གུས་འབངས་ཕྲན་ཁོ་ཚེ་ཚུལ་ཁྲིམས་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་སམ་མཉྫུ་ཤྲི་པུ་ཛཱ་ནས་ཞུ་སྙིང། ཕྲན་ད་ལམ་ཕྱི་སོག་སང་གིན་ཏཱ་ལའི་ཆོས་དགོན་དང། རིག་བཅུའི་འཛིན་སྐྱོང་མཉྫུ་ཤྲི་གླིང་དགོན་པ། ནང་སོག་ཧ་ཡ་གྷྲི་ཝ་ཕན་བདེ་རྒྱ་ཆེན་གླིང་བཅས་ཀྱི་ཆོས་དགོན་གསུམ་གྱི་སྤྱི་ཁྱབ་མཁན་པོའི་མིང་ཁུར་ཏེ་ཞུ་གསོལ་འདེབས་སྙིང། འགྲོ་བ་ལྷར་བཅས་སྲིད་ཞིའི་སྐྱབས་མགོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེད་དུ་མཇལ་བཅར་ཞུ་བའི་དགོས་དོན་དམིགས་ཡུལ་མདོར་བསྡུས་ཞུ་རྒྱུ་གཤམ་གསལ།
དང་པོ། གོང་གསལ་སོག་དགོན་ཆོས་སྡེ་གསུམ་གྱི་བསྟན་པ་འཛིན་སྐྱོང་དར་རྒྱས་སྐོར་སྙན་སེང་དང་འབྲེལ་ཐུགས་སྨོན་བཀའ་སློབ་ལམ་སྟོན་སྤྱི་གཙུག་ཏུ་ཞུ་རྒྱུ་དང།
གཉིས་པ། ཕྲན་གྱིས་བརྩམས་པའི་གསུང་འབུམ་པོད་བཅུ་གཅིག་གི་དཀར་ཆག་ཡོངས་རྫོགས་དང་པོད་དང་པོ་བཅས་༧གོང་ས་མཆོག་ལ་སྤྱན་འབུལ་ཞུ་རྒྱུ།
གསུམ་པ། ཕྲན་ལ་གུང་ཐང་སྐུ་ཕྲེང་དྲུག་པ་བསྟན་པའི་དབང་ཕྱུག་མཆོག་གི་དྲུང་ཆེ་ཡི་ཞབས་ཞུའི་སྐལ་བ་ཐོབ་མཁན་ཞིག་གི་ངོས་ནས། གུང་ཐང་རིན་པོ་ཆེའི་སྐོར་གྱི་དམིགས་བསལ་དོན་གནས་འགའི་ཐོག་ལ་ནང་མོལ་སྙན་སེང་ཞུ་རྒྱུ།
བཞི་བ། དེ་སྔ་སྤྱི་ཚོགས་ཁྲོད་མི་ཁ་ཤས་ཀྱིས་ཕྲན་ལ་དོལ་རྒྱལ་ཚོགས་པ་དང་འབྲེལ་བ་ཡོད་རབས་དང། ལྷག་པར་དོལ་རྒྱལ་ཚོགས་པའི་བྱེད་གཏེ་གངས་ཅན་བླ་མ་དང༌། གུ་རུ་དེ་ཝ་བཅས་དང་དམིགས་བསལ་འབྲེལ་བ་ཡོད་ཚུལ་སོགས་མ་ཉེས་ཁ་གཡོགས་ཀྱི་འཆལ་གཏམ་ཁག་ཅིག་བྱུང་ཡོད་སྟབས། དེའི་སྐོར་གྱི་ཡང་སྙིང་གནས་ལུགས་ངོ་མ་གང་ཟག་མི་རེ་ངོ་རེར་དག་སེལ་འགྲེལ་བཤད་ཞུ་རྒྱུར་དགོས་པ་དང་གནས་སྟངས་གང་ཅིར་འཚམ་པ་ཞིག་མ་མཐོང་ཡང། ནམ་ཞིག་གསལ་བཤད་དག་གཙང་ཞུ་རྒྱུའི་གོ་སྐབས་བྱུང་ཚེ། ༧རྒྱལ་བ་དོན་གྱི་བདག་པོའི་སྐུ་མདུན་དུ་སྦ་གསང་མེད་པར་གསེད་བཀྲོལ་གཡའ་དག་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡོད་མུས་ཐོག ད་ལམ་ཕྱི་སོག་བརྒྱུད་རྒྱ་གར་ལ་ཆེད་དུ་༧གོང་ས་སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུ་རྒྱུའི་གོ་སྐབས་ཞུས་པ་དེ་ལྟར་ལགས། ད་ལམ་ཕྲན་གྱིས་མཆོག་གསུམ་དཔང་བཙུགས་ཚིག་ཐག་ཆོད་པོའི་སྒོ་ནས་ཞུ་རྒྱུ་ཞིག་ལ། གངས་ཅན་བླ་མ་དང་གུ་རུ་དེ་ཝ་ལ་འབྲེལ་བ་ཆགས་སྟངས་ནི་ཕྲན་གྱི་རྩོམ་སྒྲིག་ཞུས་པ། གངས་ལྗོངས་རིག་བཅུའི་ཉིང་བཅུད་ཆེན་པོ། དཔར་སྐྲུན་ལ་གངས་ཅན་བླ་མས་མ་བསྐུལ་དང་བླངས་ཀྱིས་ཞལ་འདེབས་ཕུལ་སྐབས་ཕྱི་དངོས་པོའི་ཞལ་འདེབས་ཙམ་གྱི་འབྲེལ་བ་བྱུང་བ་དོན་དངོས་ཡིན་པ་མ་གཏོགས། དོལ་རྒྱལ་ཚོགས་པའི་ལས་དོན་སྤྱི་དང་ཁྱད་པར་ཤུགས་ལྡན་བསྟེན་གསོལ་སྐོར་གྱི་ལབ་གླེང་འབྲེལ་བ་གང་ཡང་མེད་པའི་ཁར། ཕྱི་ལོ་ ༢༠༠༦ ནས་ད་བར་ཁོ་བོར་འགྲོ་འོང་འབྲེལ་གཏུགས་སྤུ་ཙམ་ཡང་མེད། ཅེས་ཚིག་ཐག་གཙང་བཅད་ཀྱིས་ཞུ་རྒྱུ་དང། ལྷག་པར་གུང་ཐང་བསྟན་པའི་དབང་ཕྱུག་མཆོག་གི་དངོས་སློབ་ཅིག་ཡིན་པའི་ཆ་ནས་ཁོང་གི་བཀའ་སློབ་སྙིང་བཅང་གིས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང། རྒྱའི་ཡུལ་གྲུ་ཁག་དང་སོག་པོ་ཕྱི་ནང་བཅས་སུའང་དེ་ལུགས་དར་སྤེལ་གྱི་ལས་དོན་ཅི་ནུས་བསྒྲུབ་རྒྱུ་ནི། ཕྲན་རང་གི་དམིགས་ཡུལ་ཡིན་ན། གོང་གསལ་དོན་གནས་སྐོར་འཛམ་གླིང་རྒྱལ་བསྟན་ཡོངས་ཀྱི་དོན་གྱི་བདག་པོ་༧རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་དགོངས་སྐོར་སྙན་སེང་དང་ཐུགས་སྨོན་མཚམས་སྦྱོར་ཞུ་རྒྱུ་ཡིན་པ་བཅས། ཕྲན་ཁོ་ཚེ་ཚུལ་ཁྲིམས་རྒྱ་མཚོ་འཇལ་དཔལ་དགྱེས་པའི་བློ་གྲོས་སམ་མཉྫུ་ཤྲི་པཱུ་ཛ་མིང་ཅན་གྱིས། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༥ ཉིན་ཕུལ། ཞེས་བཀོད་འདུག
༦ཐེངས་འདིར་ཁོ་ཚེ་ཚུལ་ཁྲིམས་ངྷ་སར་འབྱོར་མ་ཐག་ཁལ་ཁ་རྗེ་བཙུན་དམ་པར་མཇལ་ཁ་ཞུས་ཡོད་སྟབས། ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཁལ་ཁ་རྗེ་བཙུན་དམ་པའི་བླ་བྲང་དུ་བཅར་ཏེ། སྲས་ཆོས་འཕེལ་ཡོན་ཏན་ལགས་སུ། ཐེངས་འདིར་ཁོ་ཚེ་ཚུལ་ཁྲིམས་ཀྱིས་ཁལ་ཁ་རྗེ་བཙུན་དམ་པར་འབྲེལ་བ་བྱེད་སྟངས་གང་འདྲ་ཡིན་སྐོར་དྲིས་པར་ཁོང་གིས། སོག་ཡུལ་གྱི་ཚོང་པ་ཆེན་པོ་པཱ་ཐའོ་ཟེར་བ་ཞིག་གིས་ལྡི་ལི་སོག་པོའི་གཞུང་ཚབ་ལ་ཁ་པར་བཏང་སྟེ། སོག་པོའི་མཁན་པོ་ཞིག་ངྷ་རམ་ས་ལར་བསྐྱོད་འཆར་ཡོད་པ་དེར་རོགས་པ་བྱ་དགོས་ཚུལ་ལབ་འདུག་ལ། ལྡི་ལི་སོག་པོའི་གཞུང་ཚབ་ནས་ང་ཚོའི་འདི་གར་སོག་པོ་བོད་སྐད་ཤེས་མཁན་ཞིག་ཡོད་དེར་འབྲེལ་བ་བྱས་ཏེ་མཁན་པོ་དེ་ལ་རོགས་རམ་བྱ་དགོས་པའི་མངགས་བཀོལ་བྱས་འདུག དེ་བཞིན། གཞུང་ཚབ་ཀྱིས་རླངས་འཁོར་ཞིག་ཏུ་བསྐྱལ་ཏེ་ཞོགས་པ་ཞིག་ལ་འདི་གར་སླེབས་འདུག ཉིན་གུང་རྗེས་རིན་པོ་ཆེ་ལ་མནྟལ་རྟེན་གསུམ་འདེགས་འབུལ་ཞུ་རྒྱུ་ཡིན་ཟེར། ངས་ཁོང་ཚོར་རིན་པོ་ཆེ་སྐུ་གཟུགས་བདེ་བོ་མེད་སྟབས། མནྟལ་རྟེན་གསུམ་འདེགས་འབུལ་ཡོང་གི་མ་རེད། ཅེས་ལབ་པ་ཡིན། སོག་པོའི་མནབས་བཟའ་སོགས་ཅ་དངོས་ཁ་ཤས་ཕུལ་སྐབས། རིན་པོ་ཆེ་ཡིས་ཤུགས་ལྡན་བསྟེན་མཁན་ཡིན་མིན་སྐད་ཆ་དྲིས་སྐབས། མཁན་པོ་དེས་ཤུགས་ལྡན་ལ་འབྲེལ་བ་རྩ་བ་ནས་མེད་ཟེར། དེ་ནས་ཁོང་གིས་ཁལ་ཁ་རྗེ་བཙུན་དམ་པའི་རྒྱབ་གཉེར་ཞིག་གནང་རོགས་ཟེར་ལ། རོགས་པ་ནང་སོག་གི་བུད་མེད་ཅིག་འདུག དེ་ཁོ་རང་གི་སྐྱེས་དམན་ཡིན་པ་འདྲ། མོས་ཀྱང་མཁན་པོ་འདིས་སོག་པོར་ཆོས་ཕྱོགས་ཀྱི་མཛད་པ་མང་པོ་སྐྱོང་གིན་ཡོད་རབས་བཤད་དེ། རྒྱབ་གཉེར་དེ་རག་ཐབས་ལ་འབད་བརྩོན་ཆེན་པོ་བྱས་སོང་། འོན་ཀྱང། ང་ཚོ་སྔར་ཕན་ཚུན་རྒྱུས་མངའ་མེད་སྟབས། ཐེངས་འདིར་རྒྱབ་གཉེར་དེ་སྤྲད་ཡོད་པ་མ་རེད། དེའི་རྗེས་ནས་ང་ཚོ་ཐུག་རྒྱུའང་མ་བྱུང། ཞེས་བརྗོད་བྱུང།
༧ཉིན་དེའི་ཉིན་རྒྱབ་ཨ་ལགས་འཇིགས་མེད་རིན་པོ་ཆེ་མཆོག་ལ། ཐེངས་འདིར་ཁོ་ཚེ་ཚུལ་ཁྲིམས་ཐོག་མར་སྐུ་ཉིད་དང་འབྲེལ་བ་བྱུང་ཡོད་སྟབས། དེའི་སྐོར་ལ་གསལ་བཤད་ཅིག་གནང་རོགས་ཞེས་ཞུས་པར་ཁོང་གིས་གསུངས་དོན། ཉེ་ཆར་ང་ལྡི་ལིར་ཡོད་སྐབས་ནང་ནས་ཁ་པར་ཞིག་འབྱོར་ཏེ། སོག་པོའི་མཁན་པོ་ཡིན་ཟེར་མཁན་ཞིག་གིས་ཁྱོད་ལ་མཇལ་དགོས་ཟེར་གྱིན་འདུག་ཟེར། དེ་ནས་ངས་ཁོ་ལ་ཁ་པར་བརྒྱུད་འབྲེལ་བ་བྱས་སྐབས། ང་རང་སོག་པོའི་མཁན་པོ་ཞིག་ཡིན། ཁྱེད་སྔོན་མཇལ་མྱོང་མེད་མོད་གོ་མྱོང་ཡོད། ཐེངས་འདིར་༧གོང་ས་མཆོག་དང་ཁལ་ཁ་རྗེ་བཙུན་དམ་པར་མཇལ་དུ་ཡོང་བ་ཡིན་མོད། ༧གོང་ས་མཆོག་ལ་མཇལ་ཁ་ཡོང་ཁག་པོ་ཆགས་འདུག ང་ལ་ཞུ་རྒྱུ་གལ་ཆེན་ཞིག་ཡོད། ང་དང་མཉམ་དུ་སོག་པོའི་གཞོན་ནུ་ཚོགས་པའི་གཙོ་འཛིན་ཡང་ཡོད། ཐེངས་འདིར་ངེད་གཉིས་ལ་རོགས་རམ་ཞིག་གནང་རོགས། ཞེས་བརྗོད་སོང། དེ་ནས་སྐུ་སྒེར་ཡིག་ཚང་ལ་ཁ་པར་བཏང་སྐབས། སོག་པོ་ཡིན་ཟེར་མཁན་ཞིག་སླེབས་སོང་མོད། ཕྱིར་སྐྱོད་ལག་ཁྱེར་རྒྱ་ནག་གི་རེད། གོ་ཐོས་ལྟར་ན་ཁོ་ཚེ་ཚུལ་ཁྲིམས་ཡིན་ཚུལ་འདུག་ཟེར་སྟབས། ངས་ཡང་བསྐྱར་ཁ་པར་བཏང་སྟེ་སྐད་ཆ་ཞིབ་འདྲི་བྱས་སྐབས། ཁོ་ཚེ་ཚུལ་ཁྲིམས་ཡིན་པ་དྲང་བཤད་བྱས་སོང། སྐབས་དེར་ངས་ཁོ་ལ། གོང་དུ་ཁྱེད་ཀྱིས་སོག་པོ་ཡིན་ཟེར་དོན་ཅིན་ཡིན་ཞེས་དྲིས་པར་ཁོས་ང་ལ། ཁྱེད་ཀྱིས་མཁྱེན་གསལ་ལྟར་རེད། སྤྱིར་ཁོ་ཚེ་དང་མདའ་ཚན་དེ་སོག་པོ་ཡིན་པའི་སྐད་ཆ་ཞིག་ལོ་རྒྱུས་དག་ཏུ་ཡོད་པ་རེད། ཅེས་བརྗོད་བྱུང། དེ་ནས་ངས་ཁོ་ལ་ཁོ་ཚེ་ཚུལ་ཁྲིམས་ཟེར་བ་དེ་གངས་ཅན་བླ་མ་དང་དོལ་རྒྱལ་སོགས་ལ་འབྲེལ་བ་ཡོད་རབས་བཤད་རྒྱུ་འདུག་པ་བདེན་པ་ཡིན་མིན་དྲིས་པར། སོག་པོའི་གུ་རུ་ཏེ་ཝ་ངོ་ཤེས་པ་ཙམ་ལས་འབྲེལ་བ་གང་ཡང་མེད། གངས་ཅན་བླ་མས་བདག་གིས་རྩོམ་སྒྲིག་བྱས་པའི་གངས་ལྗོངས་རིག་བཅུའི་ཉིང་བཅུད་ཆེན་པོར་དང་བླངས་ཐོག་དཔར་སྐྲུན་སྦྱིན་བདག་བྱས་པ་རེད། དེའི་རྗེས་འབྲེལ་བ་གང་ཡང་མེད། དོལ་རྒྱལ་ལ་འབྲེལ་བ་རྩ་བ་ཉིད་ནས་མེད། སྤྱིར་མདོ་སྨད་དུ་དོལ་རྒྱལ་བསྟེན་མཁན་དཀོན་ལ། ལྷག་པར་དུ་བླ་བྲང་དང་རེབ་གོང་ཕྱོགས་སུ་དྲི་མ་ཙམ་ཡང་ཡོད་པ་མ་རེད། དེའི་ཕྱོགས་ནས་ང་རང་གཙང་མ་ཡིན། ཐེངས་འདིར་༧རྒྱལ་བ་རིན་པོ་ཆེའི་མདུན་ནས་དེ་དག་གསལ་བོ་བཟོ་དགོས་བསམ་ཡོད། ཅེས་བརྗོད་སྟབས། ང་རང་གི་བསམ་པར་ཁོ་ཚེ་ཚུལ་ཁྲིམས་སྒོ་ཁར་སླེབས་པ་ཡིན་ན། ཁོ་མདོ་སྨད་ཀྱི་མི་ཞིག་རེད། གདོང་དང་གདོང་ཐུག་སྟེ། ཞིབ་འཇུག་གསལ་བོ་ཞིག་བྱས་ན་ཡག་པོ་ཡོང་གི་རེད་སྙམ་སྟེ། བཀྲ་ཤིས་དོན་འགྲུབ་དང་རྒྱལ་རོང་ཟླ་བ་ཚེ་རིང་སོགས་ལ་འབྲེལ་བ་ཞུས་ཏེ་བརྩད་གཅོད་ཞིབ་འཇུག་བྱེད་དུ་མངགས་པ་ཡིན། འོན་ཀྱང། ཕྱི་ཚེས་ ༦ ཉིན་ལྡི་ལི་ནས་ང་ལ་དངོས་སུ་ཐུག་ཏུ་སླེབས་སོང། གངས་ལྗོངས་རིག་བཅུའི་ཉིང་བཅུད་ཆེན་པོའི་དཀར་ཆག་དང་པོད་དང་པོ་བཅས་ང་ལ་སྤྲད་དེ། ༧གོང་ས་མཆོག་ལ་འབུལ་རོགས་ཟེར། དེ་དང་མཉམ་དུ་ཐེངས་འདིར་སྐུ་སྒེར་ཡིག་ཚང་དུ་ཕུལ་བའི་སྙན་ཞུའི་ངོ་བཤུས་ཤིག་ཀྱང་སྤྲད་སོང། ངས་ཁོང་ལ། བླུན་པོ་འཕྱུག་ན་མཐོ་གང་དང༌། མཁས་པ་འཕྱུག་ན་འདོམ་གང༌། ཞེས་པའི་དཔེ་ལྟར་ལམ་ཁ་ནོར་ཉན་གི་མ་རེད། ཅེས་གང་ཐུབ་ཀྱིས་སློབ་གསོ་བརྒྱབས་པའི་ཁུལ་ཡིན། དེའི་རྗེས་རྡོ་རྗེ་གདན་ལ་འགྲོ་དགོས་པ་དང། ཕྱི་ཚེས་ ༡༠ ཉིན་ཕྱིར་སོག་པོར་ལོག་དགོས་ཟེར་གྱིན་འདུག ཅེས་གསུངས་སོང།
༨ཁོ་ཚེ་ཚུལ་ཁྲིམས་སྔར་རྒྱ་གཞུང་དང་གངས་ཅན་བླ་མར་འབྲེལ་བ་ཡོད་ཀྱང། ཐེངས་འདིར་ བཞུགས་སྒར་ངྷ་རམ་ས་ལར་བཅར་ཞིང། སྐུ་སྒེར་ཡིག་ཚང་ལ་སྙན་ཞུ་ཞིག་ཕུལ་ཡོད་རབས་འདུག་སྟབས། ཕྱི་ཚེས་ ༡༨ ཉིན་ཁ་པར་བརྒྱུད་སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས་སུ། ཁོ་ཚེ་ཚུལ་ཁྲིམས་ཀྱིས་ཕུལ་བའི་ཞུ་ཡིག་དེའི་ཐད། དགོངས་ཚུལ་གང་འདྲ་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས་བརྗོད་དོན། ཞུ་ཡིག་དེ་འདྲ་ཕུལ་ཡོད་པ་ངས་ཧ་གོ་མ་སོང། དམིགས་བསལ་ཞུ་རྒྱུ་དེ་འདྲ་ཡོད་ན་སྐུ་སྒེར་ལས་བྱེད་ཚོར་བཤད་དགོས་པ་རེད། སོག་པོའི་མཁན་པོ་ཞིག་གི་མིང་ཐོག་ནས་མཇལ་ཁ་ཞུས་འདུག།སྤྱིར་བཏང་གི་མཇལ་ཁར་བཏང་ཡོད་ཀྱང༌། ཞུ་རྒྱུ་གལ་ཆེན་ཞིག་ཡོད་ལོགས་སུ་མཇལ་ཁ་གཏོང་རོགས། ཞེས་ལབ་འདུག མཚམས་དེ་འདྲ་ཞིག་ལ་ཁོ་གངས་ཅན་བླ་མ་དང་འབྲེལ་བ་ཡོད་མཁན་ཞིག་ཡིན་པ་ཤེས་ཏེ། མཇལ་ཁར་བཏང་ཡོད་པ་མ་རེད། ཅེས་བརྗོད་བྱུང། དེ་ནས་སྐུ་ངོ་བྲེ་སང་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ཞུ་ཡིག་དེ་འདྲ་ཞིག་བྲིས་ཡོད་པ་བདེན་པ་རེད། མི་དེ་ཡོང་ས་སོག་པོ་དང་ཕྱིར་སྐྱོད་ལག་ཁྱེར་རྒྱ་ནག་ནས་རེད། ཁོས་སྙན་ཞུ་དེའི་ནང། དོལ་རྒྱལ་ཚོགས་པ་དང་སྔར་ཡང་འབྲེལ་བ་མེད་ལ། ད་ལྟ་ཡང་འབྲེལ་བ་མེད། དེབ་ཅིག་དཔར་སྐྲུན་ཆེད་གངས་ཅན་བླ་མ་དང་འབྲེལ་བ་བྱུང་ཡང། ཕྱིས་སུ་འབྲེལ་བ་མེད། དེ་དག་༧གོང་ས་མཆོག་ལ་མཇལ་ཁ་རག་ན་ཞུ་འཆར་ཡོད་སྐོར་བྲིས་འདུག འོན་ཀྱང༌། བར་མཚམས་དེ་འདྲ་ཞིག་ལ་ཁོ་ཕྱིར་ལོག་འདུག ཅེས་གསུངས་སོང།
ཁོ་ཚེ་ཚུལ་ཁྲིམས་རྒྱ་མཚོ་ནི། མདོ་སྨད་ཀན་ལྷོ་ཁོ་ཚེ་ཞེས་པའི་འབྲོག་སྡེར་སྐྱེས་ཤིང། ༡༩༨༤ ལོར་ཁོ་ཚེ་ཞང་སློབ་ཆུང་ཐོན་རྗེས་བླ་བྲང་དགོན་པར་ཞུགས་ཡོད་འདུག ༡༩༩༡ ལོར་ཀན་སུའུ་ནང་བསྟན་སློབ་གྲྭ་ཐོན་རྗེས་བསྐྱར་དུ་སློབ་གྲྭ་དེ་གའི་དགེ་རྒན་གྱི་མིང་ཁུར་ཡོད་འདུག ༢༠༠༡ ནས་ ༢༠༠༣ བར་པེ་ཅན་སློབ་ཆེན་གྱི་ནང་བསྟན་མཚན་ཉིད་རིག་པའི་སྐོར་ལ་སློབ་སྦྱོང་བྱས་ཡོད་པ་དང༌། སྐབས་དེ་དག་ཏུ་གུང་ཐང་རིན་པོ་ཆེའི་དྲུང་ཡིག་དང་དབུས་སྨྲ་དཔེ་དེབ་ཀྱི་བློ་འདོན་རྩོམ་སྒྲིག་པ། གངས་ལྗོངས་རིག་བཅུའི་ཉིང་བཅུད་ཆེན་པོའི་གཙོ་འགན་རྩོམ་སྒྲིག་པ་བཅས་བྱས་མྱོང་ཞིང༌། ད་ཆར་སོག་ཡུལ་དུ་མཁན་པོ་ཞིག་གི་མིང་ཐོག་ནས་ལས་ཀ་བྱེད་ཀྱིན་ཡོད་འདུག
གསར་འགྱུར་འདི་ངེད་ཀྱིས་བོད་ཀྱི་དུས་བབ་ནས་བརྐུས་ཞེས་འགོད་དོན་ལ་རྒྱུ་མཚན་ཆུང་ཆུང་ཞིག་ཡོད།
དེ་ནི། དེ་རིང་ཉིན་གུང་རྒྱབ་ཀྱི་འཛིན་གྲ་གྲོལ་རྗེས། དཔེ་མཛོད་དུ་ཡོང་སྟེ་གློག་ྐླད་ཀྱི་ཁ་ཕྱེས་བ་དང་ཁོ་ཚེ་ཚུལ་ཁྲིམས་ལ་མཇལ་ཁ་མ་རེག་པར་ཕྱིར་ལོག་ཞེས་བའི་གནས་ཚུལ་བོད་ཀྱི་དུས་བབ་དྲ་རྒྱའི་མདུན་ངོས་ནས་མཐོང་། འགྲམ་གྱི་གྲོགས་པོའི་སྐད་ཆར་གཡེངས་ནས་ཡུད་ཙམ་ནས་ཁ་ཚུར་འཁོར་སྟེ་གནས་ཚུལ་དེ་ྐློག་དགོས་བསམ་དུས།
གནས་ཚུལ་དེ་བརླགས་འདུག ཡ་མཚན། ཧོབ་སྟེ་མིག་མདུན་ནས་བརླགས་སྲིད་རྒྱུ་མ་རེད་བསམ་ནས། སོ་སོའི་མིག་ལ་ཡང་ཡིད་མི་ཆེས་བ་འདྲ་བོ་ཞིག་བྱུང་།
དེ་ནས་སོ་སོའི་སེམས་ལ་འདི་འདྲ་ཞིག་འཁོར། ཕལ་ཆེར་གསར་འགོད་པས་གནས་ཚུལ་རེ་གཉིས་འགོད་ནོར་ཐེབས་ཡིན་ནམ་ཡང་ན་གཞན་གྱིས་་བཀའ་འདྲ་བོ་སླེབས་ནས་བསུབ་པ་ཡིན་ནས་ཞེས་དོགས་སྣེ་གཉིས་ལ་ལྷུང་། དེ་དང་མཉམ་དུ་དུས་ཐོག་ལ་མཆན་བུ་གཅིག་བཏབས་པ་ཡིན།
དེ་ནས་དགུང་ཟས་ཀྱི་རྗེས་སུ་ཡོང་ནས་དྲ་ངོས་ཀྱི་ས་མིག་བཙན་བྱོལ་ཞེས་པ་དེ་ཁ་བསྔོགས་དུས། ཁོ་ཚེ་ཚུལ་ཁྲིམས་ལ་མཇལ་ཁ་མ་རེག་པར་ཕྱིར་ལོག་ཞེས་བའི་གནས་ཚུལ་དེ་ས་མིག་དེའི་འགོ་སྟོད་ལ་བཞག་འདུག དེའི་འོག་གི་གནས་ཚུལ་ལ་བལྟ་དུས། དེའི་འོག་གི་གནས་ཚུལ་དེ་བཙན་བྱོལ་གྱི་མི་ལོ་༥༠དང་། གདོང་ལེན་གསར་པ་ཞེས་བ་ད་ལྟ་དུས་བབ་་དྲ་རྒྱའི་མདུན་ངོས་ཀྱི་དཀྱིལ་གྱི་མགོ་སྟོད་ན་ཡོད་པ་དེ་རེད་འདུག དེར་བརྟེན། ཁོ་ཚེ་ཚུལ་ཁྲིམས་དང་འབྲེལ་བའི་གནས་ཚུལ་དེ་ཐད་ཀར་མདུན་ལ་མ་བཞག་པར་དེ་རུ་སྦས་བའི་བཟོ་འདྲ་བོ་ཞིག་ངེད་ཀྱིས་མཐོང་། ངེད་ཀྱིས་ཀྱང་གནས་ཚུལ་དེ་བརྐུས་བ་ཡིན་ཞེས་འདི་རུ་བཀོད་པ་ཡིན། དེ་ཙམ་ཞུ།????????????????????????????????????????????????
གནས་ཚུལ་འདི་འབྲེལ་ནས་ངེད་ཀྱིས་རྨོངས་འཆར་ཐུང་ཐུང་ཞིག་བརྗོད་འདོད་སྐྱེས།
ད་ཕན་གནས་ཚུལ་འདི་དང་འབྲེལ་ནས་རྩོམ་ཡིག་རེ་གཉིས་སྤེལ་བ་མ་ཟད་དེ་ལ་བསམ་འཆར་འདོན་མཁན་ཡང་བརྒྱ་སྐོར་ཞིག་བྱུང་བའི་ནང་།
བསམ་འཆར་དང་གནས་ཚུལ་ཇི་སྙེད་ཅིག་ནི་དངོས་ཡོད་དང་མི་མཐུན་པར་སོ་སོའི་སེམས་ལ་གང་ཤར་དང་བློ་ལ་ཅི་དྲན་་བཀོད་འདུག་ལ། གནས་ཚུལ་དང་བསམ་འཆར་རེ་གཉིས་ནི་དངོས་ཡོད་དང་མཐུན་པར་མ་ཟད་གནས་ཚུལ་གྱི་འགོ་འདྲེན་ལྟ་བུ་ཡང་ཆགས་འདུག་སྙམ། གཞན་གྱིས་རྩོམ་ཡིག་སྤེལ་བ་དང་མཆན་བུ་བཏབས་བའི་ཕྱོགས་ངོེས་དེ་དང་དེ་རིང་དུས་བབ་ཀྱི་གསར་འགོད་པས་མི་རེ་ངོ་རེ་ལ་སྐད་ཆ་དྲིས་དེ་བྱུང་བའི་གནས་ཚུལ་གཉིས་ཀྱི་དབར་ལ་རྒྱང་ཁད་ཀྱང་ཅུང་ཙམ་བྱུང་འདུག་
འདི་ལྟར་རྒྱང་ཁད་བྱུང་དོན་གཙོ་བོ་ནི་། ང་ཚོས་རྩོམ་ཡིག་སྤེལ་དུས་དཔྱད་ཞིབ་དང་ཞིབ་འཇུག་གི་བློ་སྔོན་ཏུ་མ་བཏང་བར་བསམ་ཚུལ་སྤེལ་བཞིན་ཡོད་པ་འདི་རེད་སྙམ།
དེས་ན། བོད་རིགས་རྩོམ་འབྲི་བ་ཚོས་བསམ་ཚུལ་སྤེལ་དུས། གནས་ཚུལ་བཤད་དུས། རྒྱུ་མཚན་ངོ་སྤྲོད་དུས། དཔྱད་ཞིབ་དང་ཞིབ་འཇུག་གི་བློ་སྔོན་ཏུ་འགྲོ་དགོས་རྒྱུ་ནི་ཧ་ཅང་ནས་གལ་ཆེར་མཐོང་། དེ་ཙམ་ཞུ།
བཙན་བྱོལ་བོད་གཞུང་བདེ་སྲུང་ལས་ཁུངས་ལ་བློ་ཁོག་འདི་ཙམ་ལས་མེད་པ་ཅི་ཡིན་ནམ། ཁོ་ཚེ་ཚུལ་ཁྲིམས་སྒོ་ཁར་སླེབས་ནས་རང་སྐྱོན་ངེས་ལེན་བྱེད་ཀྱི་ཡིན་ཟེར་དུས། དེ་བཀག་དགོས་དོན་མེད་ཀི་མོ། ད་བསམ་ན་༧གོང་ས་མཆོག་གིས་ཁ་ལྕེ་སྐམ་སྐམ་བར་དུ་ཕྱི་གསལ་ནང་གསལ་ཞེས་བཀའ་གནང་བཞིན་པ་བོད་གཞུང་གི་ངོས་ནས་འདི་འདྲ་ཞིག་ལ་ངོས་བཟུང་འདུག་ག།
ཐབས་སྐྱོ་བ་ལ། པེ་ཅིང་གི་མྱི་ཆེན་ཚོ་བོད་གཞུང་ལ་གད་མོ་ཤོར་གྱི་ཡོད་འགྲོ།
འབྲེལ་ཡོད་སྐུ་ངོ་ཚོའི་གསུང་སྟངས་ལ་བལྟས་ན་ཁོ་ཚེ་ཚུལ་ཁྲིམས་ལ་མཇལ་ཁ་མེད་པའི་མཐའ་མའི་ཐག་གཅོད་གནང་མི་འདུག་ཀྱང་། ཐག་གཅོད་མ་གནང་གོང་ཁོ་རང་རྡ་ས་ནས་ཐོན་ཕྱིན་པ་དེ་ཁོ་རང་ལ་ནོངས་ཤིག་ཡོད་པས་ཡིན་རྒྱུ་རེད། ཁོ་གུང་ཐང་རིན་པོ་ཆེའི་དྲུང་ཡིག་ཀྱང་བྱས་མྱོང་འདུག་པས་རྒྱལ་གཅེས་དཔའ་བོ་ཞིག་གི་དྲུང་ཡིག་དེ་རྒྱལ་འཚོང་བ་ཞིག་ཏུ་འགྱུར་མི་སྲིད་པ་ལྟ་བུ་རེད་དེ། ཁོ་དངུལ་ལ་དགའ་ཆེས་སོང་བ་མིན་འགྲོ། ཁོས་གངས་ཅན་བླ་མ་དང་དངུལ་ཁོ་ནའི་འབྲེལ་བ་མ་གཏོགས་མེད་ཚུལ་དང་ད་ལྟ་དེའང་མེད་ཚུལ་བཤད་འདུག་ནའང་། གངས་ཅན་བླ་མ་དང་ཐོག་མའི་འབྲེལ་བ་ཇི་ལྟར་བྱུང་ཚུལ་ཁོས་བཤད་མི་འདུག དེ་ལ་བལྟ་རྒྱུ་ཞིག་ཡོད་ཚོད་རེད། ད་དུང་ན་ནིང་གི་ཨོ་ལིམ་པིག་དཔལ་འབར་འཁྱེར་མཁན་གྱི་རྒྱ་དམག་ཅིག་ཁོའི་རོགས་པར་འདུག་ཟེར་བ་དེའི་སྐོར་དེ་རིང་གི་གནས་ཚུལ་འདིའི་ནང་ཟུར་ཙམ་མི་གསལ་བས་དེ་བདེན་རྫུན་ག་རེ་ཆགས་པ་ཡིན་ནམ། ད་དུང་ཞིབ་འཇུག་བྱེད་རྒྱུ་ཡོད་ངེས་རེད།
འིན། ངོ་ཚ་རྒྱུ་མེད་པའི་སྐད་ཆ། བྱིས་པ་བསམ་མེད་ལ་བུ་རམ་བྱིན་པ་ལྟ་བུའི་སྐད་ཆ། དེང་སང་བོད་ནང་དུ་དགོན་པ་ཁག་དང་། སློབ་གྲྭ་ཁག སྒེར་བ་ཁག་གིས་བཀའ་བསྟན་དང་། གསུང་འབུམ་སོགས་ཅི་འདྲའི་མང་པོ་ཞིག་པར་སྐྲུན་བྱེད་ཀྱི་འདུག དེ་ཚོ་སུ་གཅིག་ལ་གངས་སྦལ་གྱིས་སྦྱིན་བདག་མི་བྱེད་པར་ཁོ་ཚེ་གཅིག་པོ་ལ་སྦྱིན་བདག་ཕོན་ཆེན་དེ་འདྲ་བྱེད་པའི་རྒྱུ་མཚན་ཅི་ཡིན་ནམ། ཁོ་གངས་སྦལ་དང་འབྲེལ་བ་མེད་ཅིང་གུང་ཐང་རིན་པོ་ཆེའི་ཞབས་ཕྱི་བ་ཞིག་གི་འདུ་ཤེས་ཡོད་ན་རྒྱ་གར་དུ་སོང་མྱོང་མཁན་དང་། བོད་ནང་ནས་བོད་དོན་སྒྲུབ་མཁན་མང་པོ་ཞིག་རྒྱ་ལག་ཏུ་བཞག་དགོས་དོན་ཅི་ཡིན་ནམ། འདི་ལྷ་ཆབ་གཅིག་པོའི་སྐད་ཆ་མ་རེད། ལོ་ལྔ་དྲུག་གི་སྔོན་ནས་ཁོ་དང་ཆ་རྒྱུས་ཆེན་པོ་ཡོད་མཁན་མང་པོ་ཞིག་གིས་ཁོས་ཕྱི་མགོ་ནང་ཚོང་བྱས་པ་དང་། བྱ་བ་ངན་པ་སྒྲུབ་པའི་ལོ་རྒྱུས་རྣམས་རེ་རེ་བཞིན་ཤུགས་རིང་རེ་དང་མཉམ་དུ་བཤད་དུས་ཟད་རྒྱུ་ཞིག་མེད་ཀི སྐབས་དེར་ངས་དོ་སྣང་ཆེན་པོ་མ་བྱས་པ་དང་། མི་མང་པོ་ཞིག་གི་མིང་བཤད་སོང་བ་རྣམས་དེ་རིང་བློ་ཐོག་ཏུ་བསྡད་མི་འདུག་ཀྱང་། བླ་བྲང་གི་གྲྭ་བ་རྒྱ་གར་དུ་ཡོད་མཁན་ཚོ་དང་། ཁྱད་པར་རྒྱ་ལག་ཏུ་ཤོར་མྱོང་མཁན་ཚོ་ལ་དྲིས་དང་ཤེས་ཀྱི་རེད། ད་རེས་ཁོ་ཡོང་དོན་མི་ཤེས་རྒྱུ་ཅི་ཡང་མེད། ཁོ་ལ་རྒྱུ་མཚན་གཉིས་མ་གཏོགས་འགྲོ་ས་གཞན་གཏན་ནས་ཡོད་ནི་མ་རེད། རྒྱུ་མཚན་དང་པོ་དེ་དེང་སང་ཁོ་ལ་རླུང་རྟ་ཞེ་བོ་རྒྱུགས་ཀྱི་ཡོད་པ་རེད། ཡིན་ན་ཡང་ཁོ་ལ་བཀག་རྡོ་ཆེན་པོ་གཅིག་རང་ཡོད་པ་དེ་མི་ཚོས་ཁོས་དོལ་རྒྱལ་བརྟེན་གྱི་ཡོད་པ་དང་། དེ་ལ་བརྟེན་ནས་༧གོང་ས་མཆོག་གི་ཐུགས་ལ་བབས་ཀྱི་མེད་པའམ། ཡང་ན་༧གོང་ས་མཆོག་གི་ཁ་གཏད་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པར་བརྟེན་ཁོ་ལ་མི་དགའ་མཁན་ཡན་ཧ་ཅང་མང་པོ་ཞིག་ཡོད་པ་སྨྲོས་མེད་ཀྱི་ཐོག ཁོ་བླ་ཆེན་ཆགས་རྒྱུ་དང་འཁོར་སློབ་ཤིན་ཏུ་མང་པོ་བསྡུ་རྒྱུའི་ཐོག་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་པ་དངོས་ཡོད་གནས་ཚུལ་རེད། ད་ཐེངས་ཁོས་༧གོང་ས་མཆོག་དང་མཉམ་དུ་པར་ཞིག་བརྒྱབ་ནས་རྒྱལ་ཕྱི་ནང་གི་མི་ཚོས་ཁ་འགོག་རྒྱུ་དང་། ཁོ་རང་མི་དཀར་པོ་ཞིག་ཡིན་པ་གསལ་སྟོན་བྱེད་ཆེད་རེད། མདོར་བསྡུ་ན་རྒྱུ་མཚན་དང་པོ་དེ་ཁོ་༧གོང་ས་མཆོག་དང་མཉམ་དུ་པར་ཞིག་རྒྱག་རྒྱུའི་ཆེད་དུ་ཡོང་བ་རེད། ད་རེས་ཁོས་༧གོང་ས་མཆོག་ལ་མཇལ་ཁ་ཐོབ་ཅིང་མཉམ་དུ་པར་ཞིག་རྒྱག་ཐུབ་པ་བྱུང་ན་ཁོ་བྱི་བ་སྟག་ཏུ་གྱུར་བའི་ལམ་ཁ་གསར་བ་ཞིག་རྙེད་པ་མིན་ནམ།
རྒྱུ་མཚན་གཉིས་པ་དེ། ཡང་མིན་ན་ཁོ་དང་ཁོའི་རོགས་པ་རྒྱ་མོ་ཡིན་ནམ་སོག་མོ་ཡིན་ན་དེ་ཚོས་དུག་དམིགས་བསལ་རེ་ཁྱེར་མེད་པའི་ངེས་པ་གཏན་ནས་མེད། གལ་ཏེ་ཁོང་ཚོ་༧གོང་ས་མཆོག་གི་སྐུ་མདུན་དུ་བཅར་བ་དང་། ཕྱག་ལ་འཇུ་ཐུབ་ན་མི་འགྱང་པར་སྐུའི་འཕྲོད་བཞེས་ཀྱི་ཐོག་ལ་གནོད་པ་ཚབ་ཆེན་ཐེབས་ངེས་པ་དེ་འདྲ་ཡོང་རྒྱུ་ཡང་མི་སྲིད་པ་ཞིག་མིན། གལ་ཏེ་ཁོང་ཚོས་དེ་འདྲ་བཟོ་ཐུབ་ན་རྒྱ་གཞུང་དང་དོལ་ཚོགས་ཀྱིས་སྒོར་མོའི་རི་བོ་བརྩིག་རྒྱུ་ཡིན་པ་བཤད་མ་དགོས་པ་རེད། དེར་བརྟེན་གཅིག་ཐང་ན་ཁོང་ཚོ་མངགས་པའི་མི་དང་འཕང་བའི་མདའ་ཡང་ཡིན་མི་སྲིད་པ་མིན། ཁོ་ཚོ་བསམ་ལོང་དྲན་ལོང་མེད་པར་གློ་བུར་དུ་བྲོས་དགོས་དོན་ཅི་ཡིན་ནམ། རྡ་རམ་ས་ལར་ཁོང་ཚོ་བརྡུང་མཁན་དང་གསོད་མཁན་ཞིག་མེད་པ་སུས་ཀྱང་གཤེས་གསལ་རེད། རྒྱ་གར་གསང་བའི་ལས་ཁུངས་ཀྱིས་ཞིབ་འཇུག་སོགས་ལ་ཞེད་པ་མིན་འགྲོ དེར་བརྟེན་ད་རེས་བདེ་སྲུང་ལས་ཁུངས་ཀྱིས་དཔའ་རྟགས་ཆེན་པོ་བཞག་འདུག་པས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།
དེ་ལས་གཞན་བློས་ཐུབ་ཟེར་བ་ཁྱོད་ལ་ག་དུས་ཡིན་ཡང་རང་ཕྱོགས་ཀྱི་མི་དང་རང་གཞུང་ལ་ཁ་གཏོང་རྒྱུ་ཁོ་ན་མ་གཏོགས་མེད་ན་ཁྱོད་འདིར་ཡོང་བ་ལས་ཀྲུང་གོའི་བོད་ལྗོངས་ཟེར་བ་སོགས་གླིང་ལྔ་ཁྱབ་སྤེལ་དཔེ་ཀྲུན་ཁང་གིས་བཟོ་བཞིན་པའི་དེབ་དེ་ཚོའི་སྒང་ལ་སོང་དང་དེ་ཡག་གི་རེད། ཡང་མིན་ན་གཞུང་གི་འཛིན་སྐྱོང་ཁྱོད་ཀྱིས་བྱས་ན་ཅི་འདྲ་ཡིན་ནམ། དེ་མིན་ཁ་གཏོང་རྒྱུ་ཁོ་ན་མ་གཏོགས་མེད་ན་རང་ཉིད་རྩ་མི་ཚང་བ་དང་རྙོག་དྲ་ཅན་གྱི་མི་ཞིག་ཡིན་པ་དེ་སྤྱི་ཚོགས་ཀྱི་ནང་དུ་གསལ་བོར་བསྟན་པ་ཙམ་ལས་ཅི་ཡང་མེད། ཁྱོད་སྤྲོ་མ་ལངས། མ་ཤེས་ན་ཤེས་མཁན་ཚོར་དྲིས་དང་ཁྱོད་ཀྱི་མི་ཚེའི་ཁ་ཕྱོགས་ལ་འགྱུར་བ་གཏོང་རྒྱུ་ལ་ཕན་གྱི་རེད།
ཁ་བརྡ་ཚང་གིས་ཁྲིམས་འགལ་བྱེད་ཀྱིན་འདུག
གཤམ་གྱི་མཆན་འགོད་འོག་ཏུ་། པར་སྐྲུན་བདག་དབང་ནི་ཁ་བརྡ་ཡོད་ཟེར། རེད། ཁ་བརྡ་རུ་བཀོད་པའི་རྩོམ་ཡིག་རྣམས་ཁ་བརྡ་ནས་དྲངས་ཏེ་དུས་དེབ་དང་དྲ་རྒྱ་གཞན་དུ་བཀོད་མི་ཆོག ཡིན་ནའང་། ཁ་བརྡ་ཚང་གིས་རྩོམ་ཡིག་མང་བོ་ཞིག་ཁྲིམས་འགལ་གྱིས་དྲ་རྒྱ་གཞན་ནས་འདིར་འགོད་ཀྱིན་འདུག འདི་ལྟར་མུ་མཐུད་དུ་ཕྱིན་ན་། ཁ་བརྡ་ཚང་ལ་རང་གཤིས་དང་། ཁྱད་ཆོས། ལངས་ཕྱོགས། གཞི་རྩ་གཅིག་ཀྱང་མི་འདུག
རྗེས་ཕྱོགས་རྩོམ་བྱང་ཐོག་དྲ་རྒྱ་གཞན་གྱི་རྩོམ་ཡིག་དང་། དྲ་རྒྱ་གཞན་གྱི་ཁ་བྱང་མི་འགོད་པར་སྨོན།
རྩོམ་ཡིག་རིན་ཐང་ལྡན་པ་རེ་ཀློག་མཁན་ལ་དཔྱད་གཞིར་མཁོ་སྤྲོད་བྱེད་འདོད་ཡོད་ཚེ། འཆན་འགོད་དུ་ཕུལ་ན་འོས་བར་བསམ།
རྩོམ་ཡིག་འདིའི་ཁ་བྱང་ལ་བལྟས་ན་ཁོ་ཚེ་ཚུལ་ཁྲིམས་ལ་སུ་ཞིག་གིས་མཇལ་ཁ་མ་ལོན་པར་ཕྱིར་ལ་བུད་སོང་བ་ཞིག་བསྟན་འདུག ཁོ་ཚེས་མཇལ་ཁ་མ་ལོན་པ་ཞིག་བསྟན་མི་འདུག ཧ་ཧ།
དུས་བབས་ཀྱི་གསར་འགྱུར་དེ་ནི་གཞན་གྱི་གནོན་ཤུགས་མ་བཟོད་པར་བཀོད་པ་འདྲ། དེ་ཡང་ཕྱོགས་གཉིས་ནས་མཐོང་ཐུབ། དང་པོ་ནི། ཨ་ལགས་འཇིགས་མེད་སོགས་འབྲེལ་ཡོད་ཚང་མ་དཀར་པོ་བཟོ་ཐབས་བྱས་པ་དེ་རེད། དཀར་པོ་བཟོ་ཐབས་དེ་ཡང་རང་གིས་རང་ལ་བཙན་ཤེད་ཀྱིས་འདྲ་ཆག་ཆག་ཅིག་བྲིས་པ་དེ་རེད། གཉིས་པ་ནི་དུས་བབ་ཀྱི་དྲ་རྒྱའི་མདུན་དུ་བཀོད་ན། ལམ་སེང་བགྲོ་གླེང་ཆེན་པོ་བྱུང་སྟེ། དཀར་པོ་བཟོ་ཐུབ་དཀའ་བར་བརྟེན། ཚགས་ཤོག་ཏུ་བཀོད་རྗེས་དྲ་ལམ་དུ་གཞན་གྱིས་མཐོང་དཀའ་བ་ཞིག་བཟོས་ནས་བཞག་པ་དེ་རེད།
གོ་ཐོས་ལ་ཨ་ལགས་འཇིགས་མེད་དང་རྒྱལ་རོང་ཟླ་བ་སོགས་ཀྱིས་དུས་བབས་ལ་ཁ་པར་སོགས་ཀྱི་ལམ་ནས་འབྲེལ་བ་ཤུགས་ཆེ་བྱས་ཏེ། ད་ཐེངས་ཀྱི་གནས་ཚུལ་དེ་སྤེལ་བཅུག་པ་རེད་ཟེར། སྐད་ཆ་ཕྱི་མ་འདི་བདེན་མིན་ད་ལྟ་ངས་གསལ་པོ་ཤེས་མ་སོང།
གོང་གི་རྡོ་རྗེ་ཁང་གསར་ལགས་ཀྱི་མཆན་བུ་ཀློག་ཡོང་དུས་དང་པོ་རྩོམ་ཡིག་འདི་ཉིད་ཁ་བརྡ་དྲ་སྟེང་ལ་འཇོག་མཁན་རིག་འབྱུང་དོན་འགྲུབ་ལ་ཐུགས་རྗེ་ཆེ་ཟེར་འདོད་བྱུང༌། དེ་ནས་དུས་བབ་ཚང་གི་ལས་བྱེད་ཚང་མར་དཀའ་ངལ་ཡོད་པར་གདོང་ལེན་བྱེད་རྒྱུའི་རེ་བ་ཞུ་འདོད་བྱུང༌། མྱི་ཆེན་ཚོས་གཉའ་ནས་མནན་ཞིང་རྐུབ་ནས་འགྱོག་ན་ཡང༌། གསར་འགྱུར་རྫུན་མར་འགྱུར་མི་ཉན་རྒྱུ་ནི་འཇིག་རྟེན་གྱི་བདེན་པའི་འགྲོ་ལུགས་རེད། དྲང་བདེན་ལ་དགའ་མཁན་ཚོ་སུ་དྲང་བདེན་གནས་ལུགས་དང་མཐུན་ན་དེ་དང་འགྲོགས་ནི་རེད།
ཡང་གཞན་ནས་བཤད་ན། གསར་ལམ་སྲུང་སྐྱོབ་བྱེད་རྒྱུ་ནི་དྲ་གྲོགས་ཡོངས་ཀྱི་འགན་འཁུར་ཡིན། ང་ཚོས་རྒྱ་ནག་བཞིན་དྲག་ཆས་ཀྱིས་གསར་ལམ་སྲུང་དཀའ་ན་ཡང་གནད་དོན་དཀྱུས་ལ་བཞག་ནས་སུ་བདེན་སུ་རྫུན་ལ་དབྱེ་འབྱེད་ཀྱི་དཔང་པོ་ཐོན་ཆོག་ཆོག་ཡིན་པ་རེད། གལ་སྲིད་དུས་བབ་ཚང་གི་དྲ་ཚིགས་འདི་ལ་ཅིག་བྱུང་བ་ཡིན་ན། སང་ཉིན་ནས་ང་ཚོས་ཡང་བསྐྱར་རང་གི་བསམ་ཚུལ་རང་གི་ཤོག་བྱང་ལ་འབྲི་རྒྱུ་ལས་མེད་པས་དྲ་གྲོགས་ཚང་མས་དུས་བབ་ཚང་ལ་གདུང་སེམས་མཉམ་བསྐྱེད་བྱས་ན་འོས་ཀི། གལ་སྲིད་གོང་གི་གནོན་ཤུགས་ཡོད་པ་གཏམ་དེ་བདེན་པ་ཡིན་ཚེ།
དྲ་གྲོགས་ཚོ།
རྩོམ་ཡིག་འདི་ཉིད་ད་ལྟ་རང་དུས་བབ་དྲ་ཚིགས་ཀྱི་དཀྱིལ་སྙིང་ནས་མངོན་བྱུང༌། དུས་བབ་ཚང་ལ་གནོན་ཤུགས་ཡོད་མེད་ཅང་མ་འགོར་བར་ཤེས་རྒྱུ་རེད་འདོད་གི།
མཐོང་བྱུང་། མཐོང་བྱུང་། དཀྱིལ་སྙིང་ནས་མངོན་པ་མཐོང་བྱུང་།
འོན་ཀྱང་། ངེད་ལ་སེམས་ཁྲལ་ཆེ། དེ་ན་མི་མངོན་པའི་འཆི་བདག་ཅིག་མེད་པར་སྨོན་།
དུས་བབ་འདི་གཞན་གྱི་ལག་འོག་ལ་མི་ཚུད་པར་སྨོན།
འོད་འཚེར་འཚེར་གྱི་བསམ་འཆར་ལ་ཉན་རྒྱུ་འདུག དུས་ལ་བབ་དུས་ཉན་རྒྱུ་འདུག
ཁྲལ་མེད་ཀྱི་མི་རྣམས་ཀྱེ། རང་གཤིས་ཟེར་བ་ཞིག་ཡོད་ན། སེམས་ལ་ཉར་རོགས་གནང་ཡ།
དོན་གནད་ཁ་ཤས་ལ་དཔྱད་ཞིབ།
དང་པོ། ཨ་ལགས་འཇིགས་མེད་ཀྱིས་ཁོ་ཚེ་ཚུལ་ཁྲིམས་ཡིན་པ་ག་དུས་ཤེས་སམ།
བོད་ཀྱི་དུས་བབས་ཐོག་མདོ་སྨད་ཚོགས་གཙོ་རྒྱལ་རོང་ཟླ་བ་ཚེ་རིང་གིས་༼ཟླ་ ༤ ཚེས་ ༤ ཉིན་གྱི་དགོང་མོ་ཨ་ལགས་འཇིགས་མེད་རིན་པོ་ཆེ་ཡིས་ལྡི་ལི་ནས་བཀྲ་ཤིས་དོན་འགྲུབ་ལ་ཁ་པར་བཏང་སྟེ། སོག་པོའི་བླ་མ་ཡིན་ཟེར་མཁན་གྱི་ཨ་མདོ་བ་ཞིག་ངྷ་སར་སླེབས་ཡོད་ས་རེད། ཁོ་གངས་ཅན་བླ་མ་དང་འབྲེལ་བ་ཡོད་མཁན་ཞིག་རེད། དེ་ལ་བརྩད་གཅོད་ཞིབ་འཇུག་བྱ་དགོས། ཞེས་བཀའ་མངགས་བྱས་འདུག༽ཅེས་ཡོད་པར་གཞིགས་ན། ཨ་ལགས་འཇིགས་མེད་ཀྱིས་ཟླ་ ༤ ཚེས་ ༤ གོང་ནས་ཁོ་ཚེ་ཚུལ་ཁྲིམས་ཡིན་པ་ཤེས་ཡོད་པར་ཁ་མཚོན་གཅོད་མི་ཐུབ་ཀྱང་། མི་འདི་གངས་ཅན་བླ་མ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་ཤེས་ཡོད་པ་དེ་བརྒྱ་ཆ་བརྒྱ་གསལ་པོ་རེད། འོན་ཀྱང་ཅིའི་ཕྱིར་དོན་འདི་སྐུ་སྒེར་ཡིག་ཚང་དང་བདེ་སྲུང་ལས་ཁུངས་ལ་སྙན་སེང་མ་ཞུས་པ་ཡིན་ནམ། ཅིའི་ཕྱིར་སོག་ཆས་སྤྲས། མིང་རྫུན་མ་འཁྱེར་ཏེ་༸གོང་ས་མཆོག་གི་མཇལ་ཁར་གཏོང་གི་ཡོད་དམ། བོད་ཀྱི་དུས་བབ་ཀྱིས་གནད་འགག་འདི་མ་འདྲི་བ་གང་ཡིན་ནམ།
ཨ་ལགས་སྐད་ཆར་དོགས་པ་མང་། དཔེར་ན། སོག་པོའི་མཁན་པོ་ཡིན་མིན་ལ་ཁོ་ཚེ་ཚུལ་ཁྲིམས་ཀྱི་ཨམ་སྐད་བདེ་བར་བརྟེན་དོགས་པ་བྱུང་བ་རེད་ཟེར་བ་དང་། ཡང་སྐུ་སྒེར་ལ་འབྲེལ་བ་བྱས་ནས་ཤེས་པ་རེད་ཟེར་བ་སོགས་གསལ་པོ་མེད། དུས་བབ་ཀྱི་བཅར་འདྲི་དེའི་ནང་ལའང་ཨ་ལགས་དང་ཁོ་ཚེ་ཚུལ་ཁྲིམས་དབར་ཡང་སྙིང་དུས་ཚེས་གང་ལ་འབྲེལ་བ་ཐོག་མ་དེ་བྱུང་ཡོད་མེད་གསལ་པོ་བཀོད་མེད།
ལྷ་ཆབ་ཀྱི་ཟིན་བྲིས་ནང་༼རྒྱ་འགོང་ཁོ་རྒྱ་གར་རྒྱལ་ས་ལྡི་ལིར་སླེབས་དུས་ཨ་ལགས་འཇིགས་ལྡི་ལི་ན་ཡོད་པ་ཤེས་ཏེ་རྩད་གཅོད་བྱས་ནས་ཁ་པར་སླེབས་འདུག དེ་དུས་ཨ་ལགས་ཀྱིས་ཁོ་ཚེ་ཚུལ་ཁྲིམས་ཡིན་པ་ག་ལ་ཤེས་ཏེ། སོག་པོ་ཞིག་ཡིན་རབས་དང་དགོན་པ་ཞིག་གི་མཁན་པོ་ཡིན་རབས་ཀྱིས་དབུ་སྐོར་བཏང་འདུག དེ་དུས་ཨ་ལགས་བདེ་སྲུང་ནི་མིན་པས་ལག་ཁྱེར་སོགས་ལ་ཞིབ་འཇུག་ག་ལ་བྱེད། གང་ལྟར་ཁོས་ཨམ་སྐད་ཤེས་པ་དེ་ལ་ཨ་ལགས་ཏོག་ཙམ་ཐུགས་འཁྲུག་ཡོད་ནའང༌། ལྐོགས་ནས་ཞིབ་འཇུག་བྱས་པ་མ་གཏོགས་གདོང་ལ་བུད་ནས་སྐད་ཆ་གང་ཡང་དྲིས་མེད་ཚོད། ༽ཅེས་བཤད་འདུག སྐད་ཆ་འདི་དག་བདེན་པ་ཡིན་ན། ཨ་ལགས་ཀྱིས་ལྡི་ལི་ནས་དོགས་པ་ཟ་བ་མ་ཟད། ལྐོག་ནས་ཞིབ་འཇུག་བྱས་པ་གསལ་པོ་རེད། འོན་ཀྱང་དོགས་ཡོད་ཀྱི་མི་ཞིག་ལྡི་ལི་ནས་ཐོན་ཏེ་དྷ་སར་སླེབས་པ་མ་ཟད། ཚེས་ ༤ ཉིན་གོང་ས་མཆོག་གི་མཇལ་གྲལ་དུ་འཚང་ནའང་ཨ་ལགས་ཀྱིས་བདེ་སྲུང་ལ་སྙན་སེང་མ་ཞུ་བ་གང་ཡིན་ནམ། ཨ་ལགས་བདེ་སྲུང་གི་བཀའ་བློན་གནང་མྱོང་བས། ཁ་པར་གཏོང་ཐེངས་གཅིག་ལ་གནས་ཚུལ་འདི་ཚོ་སྐུ་སྒེར་དང་བོད་གཞུང་གི་སྙན་དུ་འཁྱོལ་བ་གནང་ཐུབ་ཀྱི་ཡོད་པ་ང་ཚོས་ཤེས་གསལ་རེད།
ཨ་ལགས་ཁོ་རང་གི་སྐད་ཆར་གཞིགས་ན་ཁོ་ཚེ་ཚུལ་ཁྲིམས་ཡིན་པ་ཚེས་ ༤ ཉིན་སྐུ་སྒེར་ལ་ཁ་པར་བཏང་སྟེ་ཤེས་པ་ལྟ་བུ་ཞིག་བཤད་ཡོད་《དོན་དངོས་སུ་འདི་ནི་ཁོ་ཚེས་ཨ་ལགས་ལ་མར་ཁ་པར་བཏང་སྟེ། ང་མཇལ་ཁར་བཏང་མ་སོང། ཨ་ལགས་ཀྱིས་ཕྱག་རོགས་གནང་རོགས་ཞེས་ཞུས་པར། ཨ་ལགས་ཀྱིས་སྐུ་སྒེར་ལ་ཡར་ཁ་པར་བཏང་སྟེ། མཇལ་ཁ་རག་ཐབས་བྱེད་སྐབས་སྐུ་སྒེར་གྱིས་དེ་འདྲ་ཡོང་གི་མ་རེད། མི་འདིར་རྙོག་དྲ་འདུག་ཅེས་གསུངས་པ་རེད།》ཀྱང་། དེ་ལྟར་ན་ཨབ་ཕྲུག་བཀྲ་ཤིས་དོན་འགྲུབ་ལ་ཁོ་ཚེ་ཚུལ་ཁྲིམས་རེད་མི་ཟེར་བར། གངས་ཅན་བླ་མ་དང་འབྲེལ་བ་ཡོད་མཁན་ཞིག་རེད་ཙམ་བཤད་དོན་གང་ཡིན་ནམ།
གཉིས་པ། ཨབ་ཕྲུག་གཉིས་སྣེ་ལེན་བྱེད་པར་མངགས་པ་རེད། ཡང་ན་རྩད་གཅོད་དམ་གོ་བསྐོན་སློབ་གསོ་བྱེད་པར་མངགས་པ་རེད།
ཨ་ལགས་ཀྱིས་མདོ་སྨད་ཚོགས་གཙོ་རྒྱལ་རོང་ཟླ་བ་ཚེ་རིང་དང་། ཤེས་རིག་ཟུང་དྲུང་བླ་བྲང་བ་བཀྲ་ཤིས་དོན་འགྲུབ་གཉིས་ཁོ་ཚེ་ཚུལ་ཁྲིམས་ཐུག་པར་གཏོང་སྐབས། ལས་འགན་ག་རེ་ཡིན་མིན་གསལ་པོ་མེད། རྒྱལ་རོང་ཟླ་བ་ཚེ་རིང་གིས་ཨ་ལགས་འཇིགས་མེད་ཀྱིས་ཁོ་གཉིས་ལ་༼ བརྩད་གཅོད་ཞིབ་འཇུག་བྱ་དགོས༌༽ཞེས་བཀའ་ཕབ་པ་ལྟར་ཨབ་ཕྲུག་གཉིས་པོས་དང་ལེན་བྱས་ཚུལ་བཤད་ཡོད།
ཡང་ལྷ་ཆབ་ཀྱིས་༼དེ་ལྟར་རྒྱ་འགོང་ཁོ་རྡ་སར་འགྲོ་སྐབས་ཨ་ལགས་བརྒྱུད་མདོ་སྨད་ཚོགས་གཙོ་རྒྱལ་རོང་བ་དང་བཀྲིས་དོན་འགྲུབ་གཉིས་ངོ་སྤྲོད་བྱས་ཏེ་བཏང་འདུག ཁོང་གཉིས་ལ་དེ་བས་ཀྱང་ཁག་ག་ལ་ཡོད་དེ། ཨ་ལགས་ལ་ཡིད་ཆེས་ཀྱིས་སྣེ་ལེན་བྱས་འདུག་ཀྱང༌། ངས་འདིའི་སྐོར་ལ་ཞིབ་འཇུག་བྱས་པའི་བསམ་ཚུལ་ནོར་མེད་ན། ཨ་ལགས་འཇིགས་ཟེར་བའི་བླ་རྒན་ཁོང་ལ་ང་ཚོ་ཚང་མ་རྒྱུས་ཡོད་པ་ལྟར། ལས་སླ་བོ་དེ་འདྲ་ཨེ་ཡིན་འདོད་ཀི་ རྒྱུ་མཚན་ཆེན་པོ་ཞིག་གིས་མ་ཤེས་མདོག་མདོག་གིས་ཕར་ནང་ནས་མཁྱེན་ཡོད་མདོག་འདུག ཁོང་གིས་ཧ་གོ་བཞིན་དུ་རྒྱ་འགོང་ཁོའི་བྱ་སྤྱོད་དང་དམིགས་ཡུལ་སོགས་ལ་ཞིབ་འཇུག་གསལ་བོ་ཞིག་བྱེད་ཐབས་ཨེ་ཡིན་བསམ་པ་ཞིག་འདུག དེ་མིན་ཨ་ལགས་འཇིགས་མེད་ལགས་ཀྱིས་མགོ་མ་ཚེས་པར་མི་རང་ག་བ་ཞིག་ལ་དེ་འདྲའི་མཐོང་ཞིག་གནང་མི་སྲིད་སྙམ།༽ཞེས་བཤད་ཡོད། གོང་གི་སྐད་ཆ་ལྟར་ན། རྒྱལ་རོང་ཟླ་བ་དང་ཤེས་རིག་བཀྲ་དོན་གཉིས་སྔོན་ནས་ངོ་སྤྲོད་བྱས་ཏེ་བཏང་བ་དང་། ཁོང་གཉིས་ཀྱིས་བྱས་པ་དེ་ཡང་སྣེ་ལེན་ཡིན་པ་འདྲ་བོ་བཤད་འདུག
ཡང་གཡང་འབུམ་ཚེ་རིང་གིས་ཨ་ལགས་འཇིགས་མེད་སོགས་ལ་དག་འབུད་བྱ་ཆེད་བྲིས་པའི་ནང་༼ཨ་ལགས་འཇིགས་མེད་ཀྱིས་ རྒྱལ་རོང་ཟླ་བ་དང་བཀྲིས་དོན་འགྲུབ་གཉིས་ལ་ཞལ་པར་ཐོག་འབྲེལ་བ་གནང་སྟེ་ཁོ་ཚེ་ ཚུལ་ཁྲིམས་ྋགོང་ས་མཆོག་ལ་མཇལ་ཁར་བཅར་རྩིས་ཡོད་པས། ཁོ་པ་བོད་མི་ཤེས་ཡོན་ཡག་པོ་ཡོད་མཁན་ཞིག་ཡིན་པས་ཁྱེད་གཉིས་ཁོ་པར་གོ་བསྐོན་ སློབ་གསོ་གནང་སྟེ་རབ་བྱུང་ན་ལངས་ཕྱོགས་ལ་འགྱུར་བ་གཏོང་ཐབས་སུ་འབད་དགོས་གལ་ གསུངས་ཡོད་འདུག༽ཅེས་བྲིས་འདུག
དེར་བརྟེན་ཨབ་ཕྲུག་གཉིས་ལ་བཀའ་ཕབ་པ་དེ་ཞིབ་འཇུག་གི་ཆེད་དུ་རེད་དམ་སྣེ་ལེན་གྱི་ཆེད་དུ་རེད། ཡང་ན་གོ་བསྐོན་སློབ་གསོའི་ཆེད་དུ་རེད། སྐད་ཆ་གཅིག་མཐུན་རྩ་བ་ནས་མི་འདུག དོལ་རྒྱལ་བ་ཁོ་དང་མཉམ་དུ་དགོང་མོ་ཆུ་ཚོད་ ༨ བར་རྒྱས་ཟ་རྒྱས་འཐུང་བྱས་པ་སོགས་ལ་བསམ་ན་སྣེ་ལེན་གྱི་ཆེད་དུ་ཡིན་པ་འདྲ་ཞིང། གོ་བསྐོན་སློབ་གསོ་འདི་དང་འདི་བྱས་རྒྱལ་རོང་ཟླ་བས་རྩ་བ་ནས་བཤད་མི་འདུག་པས་དེ་མིན་པ་འདྲ། ཞིབ་འཇུག་གི་ཆེད་དུ་ཡིན་ཞེས་པ་ནི་རྫུན་གཏམ་སྟེ། དེ་ལྟར་ན་དོལ་རྒྱལ་ཕྱོགས་གཏོགས་པ་ཁོ་ཚེར་རྒྱལ་རོང་ཟླ་བ་དང་བཀྲ་ཤིས་དོན་འགྲུབ་ཀྱིས་སླར་ཡང་རྒྱབ་སྐྱོར་བྱས་ཏེ། མཇལ་ཁ་གཏོང་རོགས། ཁོ་ཚེ་གཙང་མ་རེད་ཅེས་བདེ་སྲུང་ལ་རྒྱབ་གཉེར་བྱས་ཏེ་བརྗོད་དགོས་དོན་མེད།
གསུམ་པ།་མཁས་དབང་ལ་སྙན་ཞུ་འབྲི་རོགས་བྱེད་དོན་ཅི།
གོ་ཐོས་ལ་ཁོ་ཚེ་ཚུལ་ཁྲིམས་ཡིག་རྩིས་གཏམ་གསུམ་ལ་མཁས་ཟེར། དེབ་ཆེན་ཁ་ཤས་བྲིས་ཡོད་ཟེར། དེ་གོང་ས་མཆོག་ལ་འབུལ་གྱི་ཡིན་ཟེར། དེ་དོན་ཆེན་ཡིན་ཟེར། རྒྱལ་རོང་ཟླ་བས་ཀྱང་རང་གི་མཐོང་སྣང་གླེང་སྐབས་༼ ང་རང་གི་མཐོང་སྣང་ལ་མི་ དེའི་ཤེས་ཡོན་གྱི་གནས་ཚད་ཧ་ཅང་མཐོ་བོ་དང༌། ཐེངས་འདིར་ཁ་ཞེ་གཉིས་མེད་ཀྱིས་མགོ་འདོགས་ཞུ་རུ་ཡོང་བ་མིན་ནམ་སྙམ་པ་ཞིག་ བྱུང་སོང། ༽ཞེས་བཤད་ཡོད། འོན་ཀྱང་ཡ་མཚན་པ་ཞིག་ལ། རྒྱལ་རོང་ཟླ་བ་ཚེ་རིང་གིས་དུས་བབ་ཐོག་སྐད་ཆ་འདི་འདྲ་ཞིག་བཤད་འདུག
༼སྐབས་དེར་བདེ་སྲུང་གི་ལས་བྱེད་ཅིག་ཡོང་སྟེ་ཁོང་ལ། ཁྱོད་རང་སྐུ་མདུན་ལ་མཇལ་དགོས་པའི་དམིགས་ཡུལ་ཡིག་ཐོག་ནས་ཁྱེར་ཤོག་ཟེར་སྟབས། བཀྲ་ཤིས་དོན་འགྲུབ་ཀྱི་རོགས་རམ་འོག ཤོག་ངོས་གསུམ་ཅན་གྱི་སྙན་ཞུ་ཞིག་བྲིས་ཏེ་བདེ་སྲུང་དང་སྐུ་སྒེར་ཡིག་ཚང་ལ་སྤྲད་སོང་ ༽
དེབ་ཆེན་འབྲི་མཁན་གྱི་མཁས་པ་དང་ཤེས་ཡོན་གྱི་གནས་ཚད་ཧ་ཅང་མཐོ་བོ་ཡོད་མཁན་དེས་གོང་ས་མཆོག་ལ་འབུལ་རྒྱུའི་སྙན་ཞུ་སོ་སོས་རང་རྐྱ་འཕེར་བའི་སྒོ་ནས་མ་བྲིས་པར། ཤེས་རིག་ཟུང་དྲུང་བླ་བྲང་བ་བཀྲ་ཤིས་དོན་འགྲུབ་ཀྱིས་འབྲི་རོགས་བྱེད་དགོས་དོན་ཅི་ཡིན་ནམ།
ལྷག་པར་དུ་གནད་ཡོད་གཞུང་ཞབས་ཤིག་གིས་དེ་ལྟར་བྱས་ཆོག་གམ། བཀྲ་ཤིས་དོན་འགྲུབ་འདི་པས་དེ་སྔོན་བོད་མིའི་སློབ་གྲྭ་ཡོངས་ལ་རྒྱ་ཡིག་སློབ་གཏན་འཁེལ་ཡོད་ཅེས་ཤེས་རིག་བཀའ་བློན་དྲུང་ཆེའི་བཀའ་འཁྲོལ་མེད་པར་གསར་ལམ་ཁག་ཏུ་ཚོད་བཤད་བྱས་སྟབས། གྲོས་ཚོགས་ནང་རྙོག་གླེང་བྱུང་བ་དང་། བར་ལམ་རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་ཐད་མ་དྲང་བ་བྱས་ཏེ་ད་ཆ་སློབ་ཡོན་ལས་གཞི་མཚམས་འཇོག་བྱས་པ། དེ་སྔོན་གཞུང་ཞབས་ཡིན་མུར་གཞན་དང་མཉམ་དུ་དྲང་བདེན་གྱིས་བསླུས་པའི་སློང་མོ་བ་ཞེས་པའི་དེབ་དེ་བྲིས་པ་སོགས་རྙོག་གྲའི་ནང་ཞུགས་པ་ཧ་ཅང་མང་ངོ་།།
ཁོ་ཚེ་ཚུལ་ཁྲིམས་ཀྱིས་དོལ་རྒྱལ་ཕྱོགས་གཏོགས་དང་འབྲེལ་ཐག་བཅད་ཡོད་དམ།
དེ་སྔོན་མདོ་སྨད་ཆོལ་ཁས། མདོ་སྨད་ཡོན་ཏན་རྒྱ་མཚོས་དོལ་རྒྱལ་སྐོར་ལ་བྲིས་པ་དེ་ཁོས་བྲིས་པ་མ་རེད་ཅེས་ཨུ་ཚུགས་བརྒྱབ་པ་རེད། དེའི་སྐོར་ལ་དེབ་ཀྱང་བྲིས་པ་རེད། དོལ་རྒྱལ་ཕྱོགས་གཏོགས་ཀྱི་བྱེད་གཏེ་ཚོའི་ལོ་རྒྱུས་འབྲི་སྐབས། ཕ་ཡུལ་ཨ་མདོ་ཡིན་ཚེ། སྐྱེ་ཡུལ་ཀ་ལི་ཀ་ཏ་ལྟ་བུ་བྲིས་པ་རེད། དེ་ལྟར་བྲིས་ཏེ་མདོ་སྨད་ཆོལ་ཁ་གཙང་མ་ཡིན། དོལ་རྒྱལ་བ་གཅིག་ཀྱང་མེད་ཁུལ་བྱས་པ་རེད། འོན་ཀྱང་རྗེས་སུ་ཁུངས་འཁྱོལ་མེད། མདོ་སྨད་ཆོལ་ཁ་ཆེན་པོ་ཡིན་པས་མི་རེ་ཟུང་ཡོང་སྲིད་པ་རེད། འོན་ཀྱང་ཁོ་ཚེ་ཚུལ་ཁྲིམས་ཐོག་ལའང་མདོ་སྨད་ཚོགས་གཙོ་སོགས་ཀྱིས་དོལ་རྒྱལ་བ་མིན་འདྲའི་ཤུགས་དེ་འདྲ་ཞིག་ད་ལྟའང་རྒྱག་གི་འདུག
ཐ་ན་དོལ་རྒྱལ་ཕྱོགས་གཏོགས་ལ་འབྲེལ་བ་ཡོད་མེད་གསལ་པོ་མ་ཤེས་གོང་ནས་མདོ་སྨད་ཚོགས་གཙོ་རྒྱལ་རོང་ཟླ་བས་ཁོ་ཚེ་ཚུལ་ཁྲིམས་གཙང་མ་རེད། གོང་ས་མཆོག་གི་མཇལ་ཁར་གཏོང་དགོས་ཞེས་བདེ་སྲུང་བཀའ་བློན་ལ་ཞུས་ཡོད་པ་རེད།
ཨ་ལགས་འཇིགས་མེད་ཀྱིས་དོགས་ཡོད་ཡིན་པ་ཤེས་བཞིན་དུ་ཁུ་སིམ་མེར་བཞུགས་པ་རེད།
དོན་དངོས་སུ་ཁོ་ཚེ་ཚུལ་ཁྲིམས་གངས་ཅན་བླ་མ་སོགས་ལ་དཔལ་འབྱོར་གྱི་འབྲེལ་བ་ཡོད་པར་མ་ཟད། ད་ལྟ་སོག་ཡུལ་དུ་སླེབས་སྟངས་དེ་ཚོར་བསམས་ན་དོལ་རྒྱལ་ཕྱོགས་གཏོགས་ལ་འབྲེལ་བ་ཡོད་པ་གསལ་པོ་རེད། བདེ་སྲུང་བཀའ་བློན་གྱིས་ཀྱང་ཧ་ཅང་གོ་རྒྱུ་ཆེ་བའི་གཏམ་བཤད་ཅིག་སྟེ་
༼ དོ་བདག་གིས་དོལ་རྒྱལ་བསྟེན་གྱིན་མེད་ཟེར་གྱིན་འདུག འོན་ཀྱང། གངས་ཅན་བླ་མ་དང་སོག་པོའི་བླ་མ་བཅས་ལ་འབྲེལ་བ་ཡོད་པ་དེ་གསལ་བོ་རེད་ལ། དོ་བདག་གིས་ཀྱང་འབྲེལ་བ་བྱུང་ཞེས་བཤད་བྱུང། སྔར་འབྲེལ་བ་ཡོད་མོད། ཕྱིས་སུ་འབྲེལ་བ་བྱ་རྒྱུ་མིན། སྐུ་མདུན་ལ་མཇལ་ཁར་གཏོང་རོགས། དེ་འདྲ་ལབ་མ་སོང། གལ་སྲིད་དེ་འདྲའི་དགོངས་པ་ཡོད་ན། ཐོག་མ་ནས་གསལ་བོར་བཤད་དགོས་པ་རེད། དེ་ལྟར་བཤད་པ་ཡིན་ན་བསམ་བློ་གཏོང་ས་ཞིག་ཡོད་པ་རེད། དེ་འདྲ་མེད་སྟབས། མཇལ་ཁར་གཏོང་ཐུབ་ཡོད་པ་མ་རེད། ༽ཅེས་པ་འདི་རེད། འདིའི་ཐོག་ནས་ཁོ་པས་མུ་མཐུད་དེ་དོལ་རྒྱལ་བར་འབྲེལ་བ་བྱེད་འདོད་ཡོད་པ་ལས་འབྲེལ་བ་གཅོད་འདོད་པ་མེད་པ་གསལ་བར་མཚོན་པ་རེད། འོན་ཀྱང་མདོ་སྨད་ཚོགས་གཙོ་དང་ཤེས་རིག་ཟུང་དྲུང་བཀྲ་དོན་གཉིས་ཀྱིས་ད་དུང་ཁོ་ཚེ་ཚུལ་ཁྲིམས་ཁ་ཞེ་གཉིས་མེད་ཡིན་ཚུལ་བརྗོད་དགོས་ཅི་ཡིན་ནམ།
མཐའ་དོན། ད་ཐེངས་ང་ཚོས་བསྟོད་དགོས་ས།
ད་ཐེངས་ང་ཚོས་བསྟོད་དགོས་ས་གཉིས་ཡོད། དེ་ནི་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱིས་སྐེ་མཚམས་སུ་དོལ་རྒྱལ་བ་ཁོ་བཀག་འགོག་བྱས་པ་དེ་དང། ལྷ་ཆབ་སྦྱིན་པས་དུས་ཐོག་ཏུ་གནས་ཚུལ་སྤེལ་བ་དེ་གཉིས་ཡིན།
དེ་མིན་བོད་ཀྱི་དུས་བབ་དང་བང་ཆེན་གཉིས་ཀྱིས་མཚོན་པའི་གསར་ལམ་ཁག་གིས་འདིའི་ཐད་ནུས་པ་འདོན་ཐུབ་མེད།
ངས་བལྟས་ན། དུས་བབ་ཀྱིས་གནས་ཚུལ་གསལ་པོ་བཀོད་འདུག བདེན་པ་ཡིན་མིན་་ཆེས་མཐོའི་ཁྲིམས་ཁང་ནས་ཐག་གཅོད་བྱེད་དགོས་པ་ལས། དུས་བབ་ཀྱི་ལས་འགན་མིན།
ཨ་ལགས་འཇིགས་མེད་ཀྱིས་ཁྲིམས་འགལ་གྱི་ལས་ཀ་བྱས་མིན་འདུག ཁོ་ཚེ་ཚུལ་ཁྲིམས་ཀྱིས་ཀྱང་ཁྲིམས་འགལ་གྱི་ལས་ཀ་བྱས་མིན་འདུག ཚང་མ་མིའི་ལྟ་ཚུལ་ཤ་སྟག་རེད། ཆོ་མིན་འདུག
ད་ཁོ་ཚེ་རྒྱ་མིའི་སྲིད་གཞུང་གི་ཆོག་མཆན་མ་ཐོབ་པར་རྡ་སར་ཕྱིན་ཡོད་ན། ཁོ་པ་རྗེས་མ་ཕ་ཡུལ་ལ་ལོག་དུས་འགྲེལ་བཤད་ཐུང་ཐུང་ཞིག་རྒྱག་དགོས་ས་རེད། ངའི་སེམས་ནང་ཁོ་ཚེས་འགྲེལ་བཤད་གང་རྒྱག་རྒྱུ་ཡིན་པ་འདི་བསམ་བློ་འཁོར་ཡོང་གི་འདུག
དྲ་གྲོགས་ཚོ།
མི་ཚོས་ཟེར་ཡས་ལ། རྒྱལ་བ་རིན་པོ་ཆེ་བྱང་ཆུབ་སེམས་པ་རེད། རྒྱལ་སྤྱིའི་ནང་གཞན་ལ་རྟག་ཏུ་འགྱོད་བཤགས་བྱས་ན་དག་སེལ་བྱེད་དགོས་གསུངས་ཀྱི་འདུག་ཟེར། ཁོ་ཚེ་རྒྱ་གར་ལ་ཡོང་ནས་ནོངས་བཤགས་བྱེད་སྐབས་མཇལ་ཁར་མ་བཏང་བ་འདི་ཁོ་ཚེ་ལ་ནོངས་བཤགས་ཀྱི་གོ་སྐབས་མ་སྤྲད་པས། འདི་རྒྱལ་བའི་དགོངས་པ་དང་མཐུན་མིན་མ་ཤེས། བྱས་ཙང་དུས་བབ་ཚང་གིས་རྒྱལ་བ་རིན་པོ་ཆེ་དོན་གྱི་བདག་པོར་བཅའ་འདྲི་ཞིག་བྱས་ནས། གོང་ས་མཆོག་ལ་ཁོ་ཚེའི་སྐོར་ལ་བསམ་ཚུལ་གང་ཡོད་འདིར་བཀོད་ཐུབ་ན། ཨ་ནི་བརྩོད་པ་རང་སར་ཞི་ས་རེད།
དྲ་གྲོགས་བློ་བཟང་ལགས། ཁྱེད་རང་གིས་རྒྱལ་བ་རིན་པོ་ཆེ་ཚང་ང་ཚོ་ནང་བཞིན་མི་སུ་དང་འཕྲད་ཆོག་ཆོག་ཞིག་དང་ཁོམ་ནས་བསྡད་ཡོད་པ་ཞིག་རེད་འདོད་ཀྱི་ཡོད་དམ། མི་འདི་འདྲའི་བསྐོར་གྱི་གནད་དོན་ཡང་འདྲི་ས་བྱེད་དགོས་ཀྱི་ཡོད་པ་རེད་དྲན་བཞིན་ཡོད་པ་འདི་ནི་དངོས་ནས་དགོད་བྲོ་བ་ལ། ཁོ་ཚེ་ཁོ་རང་ལ་འཇལ་ཁ་མ་རེག་པ་མིན་པར་ཚེས་བདུན་ཉིན་གྱི་འཇལ་ཁ་ཡོད་པར་བཤད་ཡོད་ཀྱང་ཚེས་དྲུག་གི་དགོང་མོར་ཁོ་རང་བྲོས་དེ་བྱིན་པའམ་རྡ་ས་དང་ཁ་གློ་བར་དུ་གྱེས་པའི་བསྐོར་དྲ་ཐོག་ན་གསལ་བོ་ཡོད་བཞིན་དུ་ཁྱེད་རང་གི་སྐད་ཆ་གསར་བ་གང་ཞིག་བཤད་བཞིན་ཡོད། ང་ཚོ་བོད་པ་ཚང་གི་མི་ཉེས་མེད་མང་བོ་ཞིག་བོད་ནང་དུ་རྒྱ་ནག་གི་བཙན་གནོན་འོག་དུ་བོད་མིའི་བདེ་སྡུག་གི་ཆེད་དུ་སྲོག་བློས་བཏང་བྱོས་དེ་འདིར་ཡོང་མཁན་དག་ལ་ཡང་དམིགས་གསལ་འཇལ་ཁ་རེག་མིན་དེ་ཡང་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཀྱི་ཡོད་ན། མི་འདི་འདྲའི་རིགས་ལ་དམིགས་གསལ་འཇལ་ཁ་ཞིག་སྤྲོད་དགོས་དོན་རྩ་ནས་མེད་པ་རེད། མི་འདི་འདྲའི་རིགས་ནི་སྔ་ཕྱི་གང་དུ་ཡང་རང་གི་འདོད་རྔམ་ཁོ་ན་ལས་བོད་མི་མང་གི་བདེ་དོན་དུ་བསམ་བློ་གཏོང་ཐུབ་མཁན་ཞིག་མིན་པ་ནི། བླ་བྲང་བཀྲ་ཤིས་འཁྱིལ་ནས་ཡོང་བའི་གྲ་བ་རྒན་པ་སུ་ཞིག་གིས་ཀྱང་ཤེས་གསལ་དང་གསལ་ཡིན་ནི་རེད། ད་ནི་མི་ངན་འདིའི་བསྐོར་ལ་སྐད་ཆ་མང་བོ་ཞིག་གླེང་དེ་དུས་ཚོད་གཏོང་བ་ལས། དེང་ཕྱིན་རྒྱལ་བ་ཡིད་བཞིན་ནོར་བུའི་སྐུ་དྲུང་དུ་མི་ངན་འདི་དང་འདི་ལྟ་བའི་རིགས་བཅར་མི་ཐུབ་པ་ཞིག་བཟོ་རྒྱུ་ནི་བདེ་སྲུང་གི་འགན་ཡིན་པ་ཤེས་དགོས་པའི་བསྐོར་ལ་བསམ་ཚུལ་རེ་ཡོད་ན་བགྲོ་གླེང་གནང་ན་ཡག་པོ་འདུག
གྲོགས་པོ་ཚོ། ད་ཡིན་ན་ཁོ་ཚེ་བའི་སྐོར་དེ་འགྲིགས་སོང་། མི་ཞིག་ལ་ཟུར་ཟ་སྐྱོན་འདོགས་རེ་བྱ་རྒྱུ་རག་དུས་ཚང་མ་སྨྱོས་པ་བཞིན་ཁ་ཕྱོགས་གཅིག་ལ་བརྒྱུགས་ནས་ཁྱི་ཟུག་ཟུག་བྱེད་ཀྱིན་འདུག ཉོབ་ཡོང་གིན་འདུག མི་ཞིག་མཇལ་ཁ་ནས་ཕྱིར་སློག་བྱས་པ་དེར་ཧ་ཅང་དཔའ་རྟགས་ཆེན་པོ་ཞིག་བཞག་པ་བཞིན་ཚང་མའི་ཁ་ནང་དུ་མི་ཤོང་བ་བྱས་ནས་གླེང་ཁུལ་བྱེད་ཀྱིན་འདུག ད་འགྲིགས་སོང་། ད་འགྲིགས་སོང་། ད་འགྲིགས་སོང་།