བོད་ནས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་ཁོངས་ཀྱི་མུ་རྭ་དགོན་གྱི་དགེ་འདུན་པ་གསུང་རབ་རྒྱ་མཚོ་ལགས་ལ། ཀན་ལྷོ་གཙོས་གྲོང་ཁྱེར་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་གསང་སྟབས་གྱིས་་མི་ལོ་ ༣ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག གྲྭ་གསུང་རབ་རྒྱལ་མཚོ་ལགས་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༧ ཉིན་ཁོང་རྨ་ཆུ་རྫོང་ཁོངས་ནས་ས་གནས་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་དུས་ཐུང་བཀག་ཉར་ཀློད་གྲོལ་བཏང་ཡོད་པ་དང་། ལོ་དེའི་ཟླ་ཟླ་ ༥ ཚེས་ ༡༨ ཉིན་རྔ་བ་ཁུལ་ནས་འཇུ་བཟུང་ཐེངས་གཉིས་པ་བྱས་ཏེ་ཀློད་གྲོལ་བཏང་ཡོད་འདུག འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་སླར་ཡང་ཀན་ལྷོ་ཁུལ་རྨ་ཆུ་རྫོང་ཁོངས་ནས་འཇུ་བཟུང་བྱས་ཡོད་འདུག ༢༠༠༨ ལོའི་རྨ་ཆུ་རྫོང་ཁོངས་ཀྱི་བོད་མིའི་ཞི་རྒོལ་དང༌། ༢༠༡༠ ལོའི་རྨ་ཆུ་རྫོང་ཐོག་ཏུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་མའི་ཁྲོམ་སྐོར་ལས་འགུལ་སོགས་ཀྱི་སྣེ་ཁྲིད་བྱེད་མཁན་གྱི་དོགས་གཞིའི་འོག་འཇུ་བཟུང་བྱས་ཡོད། གྲྭ་གསུང་རབ་རྒྱ་མཚོ་ལགས་ད་ལྟ་རང་ལོ་ ༣༤ དང་སྐྱེས་ཡུལ་ཡང་མུ་རྭ་ནས་ཡིན་པ་རེད། ཁོང་ནི་༼ རེ་བའི་རྐང་ལམ ༽ ཚགས་པར་གྱི་རྩོམ་སྒྲིག་འགན་འཁུར་མི་སྣ་དང༌། བོད་ཨ་མའི་རང་སྐད་སླར་གསོ་ཚོགས་པའི་ཚོགས་མི། དེ་བཞིན་རྩྭ་ཐང་བོད་ཡིག་རྨོངས་སེལ་སློབ་གྲྭའི་རྐང་འཛིན་དགེ་རྒན་བཅས་ཡིན་འདུག