མྱི་ལྟིག
མོག་མོག་ཟླ་བའི་བཀྲག་མདངས་མཉམ་དུ།།
ལྟེམ་ལྟེམ་སྐར་ཚོགས་གྲང་འདར་བརྒྱབ་སོང་།།
སོབ་སོབ་སེམས་པ་འཁོར་ཕྱོགས་ཞིག་གིས།།
མྱི་ལྟིག་འཁྱམ་པོ་ཁོག་འདར་བརྒྱབ་སོང་།།
ཕ་བཟང་བུ་ལོ་རི་མགོར་མངགས་དུས།།
མ་བཟང་བུ་མོ་བག་མར་བཙོང་དུས།།
གསལ་བྱེད་སུམ་ཅུ་བདག་མེད་ལྷག་དུས།།
མྱི་ལྟིག་འཁྱམ་པོ་ཁོག་འདར་བརྒྱབ་སོང་།།
གསར་གཏོད་མི་བུའི་མིག་ཟུང་བྲུས་དུས།།
དཔྱོད་ཤེས་མི་བུའི་རེ་སྙེག་བཅོམ་དུས།།
སྐུ་དྲག་དཔོན་པོས་སྤར་གང་བྱས་དུས།།
མྱི་ལྟིག་འཁྱམ་པོ་ཁོག་འདར་བརྒྱབ་སོང་།།
ཀླད་མེད་ལ་ལས་རང་མི་བཙོང་དུས།།
དམུས་ལོང་རེ་འགས་ནང་དམེ་བྱས་དུས།།
མཐུན་བསྒྲིལ་ཅོང་བརྡ་རྡུང་ནི་མེད་དུས།།
མྱི་ལྟིག་འཁྱམ་པོ་ཁོག་འདར་བརྒྱབ་སོང་།།
འདོད་པའི་རྟ་ཕོ་ཁ་ཁར་རྒྱུགས་དུས།།
བསམ་པའི་འཁྱེར་སོ་ཁ་ཁར་ཆགས་དུས།།
ཁྱིམ་གཞི་དྲོན་མོར་གས་ཁ་ཤོར་དུས།།
མྱི་ལྟིག་འཁྱམ་པོ་ཁོག་འདར་བརྒྱབ་སོང་།།
བརྩམས་པར་དགའ་བསུ་ཞུ། རྩོམ་འདི་འདྲ་ལ་ཐང་ཆད་ཚར་སོང་།
བཀྲ་ཤིས་བདེ་ལེགས།
མེ་ཏོག་མིང་ཅན་ལ།།
དགོས་མེད་གཏམ་ལ་སྤྲོ་བ་འཕེལ་ནས།།
དོན་གནད་རིགས་རྣམས་སྣང་མེད་འཇོག་མཁན།།
མཆན་བུ་བ་ཚོ་མཐོང་ཐེངས་རེ་ལ།།
སེམས་པ་གཏིང་ནས་གྲང་འདར་རྒྱབ་བྱུང་།།
སྲོལ་རྒྱུན་རིག་གནས་མཆུ་ཞགས་བཞིན་དུ་དབྱུགས། །
ལྟ་གསར་རིག་གསར་སེམས་པའི་གྲོགས་སུ་བཀུགས། །
སྔར་དེང་ཅི་ཡང་ཆ་རྒྱུས་མེད་པའི་གསར་བུའི་ཚོགས། །
དེང་རབས་ན་གཞོན་འདི་དག་སྙིང་རྗེའི་ཡུལ། །
བསྐལ་བཟང་མཚན་ཅན་ལགས།
དགོས་མེད་གཏམ་ལ་སྤྲོ་བ་འཕེལ་ནས།།
དོན་གནད་རིགས་རྣམས་སྣང་མེད་འཇོག་ན།།
གྲང་འདར་རྒྱབ་པ་བདེན་དུ་ཆུག་ཀྱང་།།
གོང་རྩོམ་འདི་ཡི་གནད་དོན་མིན་འདུག །