ཁྲོ་གཏུམ།
སྐབས་དེར་ང་རང་ཁྱིམ་ལ་འཛུལ་ནས་ཡུན་རིང་འགོར
རླུང་ལྡང་གི་ཡོད་པ་ཤེས་དུས
ཁྱིམ་ལ་ལྷག་ཏུ་འཛུལ
བསེར་བུ་སྒོ་སྲུབས་ལས་ཐོན་ནའང་དོགས་པ་ཆེ
སྒོ་ཕྱི་ལ་སེམས་གཡེང་བར་འགྲོ་བ་སྐྲག
མི་ཚོགས་མཐུག་ས་ལ་དེ་བས་སྐྲག
མི་གཅིག་གཉིས་ཀྱི་བར་ཐག་ལ་ཧེ་བག་འཆོར་ན
ཁྱོད་རང་ང་ལ་དོགས་ཅིང་ང་རང་ཁྱོད་ལ་དོགས་པ་ཟ་དུས
སུ་ཞིག་གི་ལས་དབང་གིས་བཙན་གྱིས་བར་ཐག་འཛིན་དགོས
ལག་པ་འཆང་སར་དོགས་པ་ལང་ཞོར
དགོས་མཁོའི་དབང་གིས་ཨུ་ཚུགས་ཀྱིས་ལག་པས་བཟུང
སེམས་ཁོང་གི་བར་ཐག་ཧ་ཅང་ཉེ་བའི་གྲོགས་སུ་ཕྲད་ནའང
རྣོ་ཁབ་ལེན་ཆ་གཉིས་ལྡོག་ཕྱོགས་སུ་ཁ་སྤྲོད་པ་ལྟར
རྒྱང་བཀྱེད་པའི་སྒུལ་ཤུགས་སུ་གྱུར
རྒྱ་ནད་ཀྱི་རྒྱུད་པ་ཁྱབ་པའི་མི་རེའི་ཁོར་ཡུག་ལ
གཟུགས་མེད་བར་ཐག་གི་གྱང་ཞིག་བརྡུང་འདུག
གྱང་དེའི་ཕ་ཚུར་ལ་འཁོར་བའི་མིག་ཟུང་དག
འགུལ་བསྐྱོད་ཀྱིས་བརྡ་བྱེད་པ་ཙམ་ལས་ཅི་ཞིག་བྱེད
ཁོག་རུལ་ན་ནད་ཡམས་མིན་ནམ
ཁོག་རུལ་ན་སེམས་དེ་བཞིན་རྦབ་ལ་སྒྲིལ་ངེས་པ་འདྲ
ཕྱི་ལོ་ ༢༠༢༠ ཟླ་ ༠༤ ཚེས་ ༠༡ དགོང་མོར་ཨོ་གླིང་དུ།