ཨ་རིག་འགྱུར་མེད།
ཚེས་བཅུ་ཉིན་གྱི་ཞོགས་པ་ནི་ཆེས་འདུ་འཛི་ཆེ་བའི་ཞོགས་པ་ཞིག་སྟེ། བོད་མིའི་རང་དབང་སྒེར་ལངས་ཀྱི་གསུམ་བཅུའི་དུས་དྲན་ཐེངས་ ༥༣ དང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་ངོ་ཧྲིལ་བོ་བཞི་འཁོར་བའི་དུས་དྲན་སྲུང་བརྩིའི་ཉིན་མོ་ཞིག་ཡིན་ལ། འདི་ནི་གཞུང་ས་དགའ་ལྡན་ཕོ་བྲང་མཇུག་བསྡུས་པ་དང་། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་བཀའ་བློན་ཁྲི་པར་གནང་རྗེས་ཀྱི་གསུམ་བཅུའི་དུས་དྲན་ཐེངས་དང་པོ་དེ་ཡང་ཡིན།
ལོ་ལྟར་ཉིན་འདིར་བཀའ་སྤྱིའི་གསུང་འཕྲིན་དང་མཉམ་དུ་ཁོང་རིག་གིས་ཀྱང་གསུང་འཕྲིན་གནང་སྲོལ་ཡོད་མོད། ད་ལོ་གསུང་འཕྲིན་མེད་པར་མ་ཟད། དམིགས་བསལ་བཀའ་སློབ་དང་གསུང་བཤད་སོགས་གང་ཡང་ཕེབས་མེད་སྟབས། ཕྱི་གླིང་བའི་གསར་འགོད་པ་ཁག་ཅིག་གིས་མཛད་སྒོའི་རྗེས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། བཀའ་ཁྲིར་ཡང་འདྲི་བསྐྱར་འདྲི་བྱས།
གང་ལྟར། གསུམ་བཅུའི་དུས་དྲན་གྱི་ཉིན་འདིའི་མཛད་སྒོའི་སྟེང་མང་ཚོགས་ལ་མིག་ཆུ་ཁྲོམ་ཁྲོམ་བཞུར་དུ་འཇུག་མཁན་དང་། སེམས་པ་སྐྱོ་ལྷང་ལྷང་དུ་གཏོང་མཁན་ནི་བྱེས་སྡོད་ན་གཞོན་རྩོམ་པ་བོ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་རེད་ལ། མི་མང་གིས་དཀར་གཙང་གི་ཁ་བཏགས་བཟུང་ནས་བླ་མར་འཇལ་འཇལ་དང་། བརྒྱ་ལོ་སྟོང་ལོ་བཟུང་ནས་འཚང་ཁ་ཤིག་ཤིག་བྱེད་སའང་ཁོང་མ་བུ་གསུམ་རེད།
ཁོང་མུ་བུ་གསུམ་ནི་གསུམ་བཅུའི་དུས་དྲན་འདིའི་དོན་ངོ་མའི་མི་སེམས་ཚལ་བར་གཤག་མཁན་གྱི་རྒྱལ་གཅེས་པ་དང་དཔའ་བོ། དྲན་སྐུལ་གཏོང་མཁན་རེད་ལ། མི་མང་གིས་ཁོང་རྣམ་པར་སྨོན་ལམ་འདེབས་པ་དང་ཤིས་ཚིག་སྣ་ཚོགས་འབུལ་བཞིན་པར་མ་ཟད། ཁོང་ཚོའི་དཔའ་གདེང་ལ་ཡིད་སྨོན་དང་བསྟོད་པའི་མཐེ་བོང་བགྲེང་གིན་འདུག
དེ་ཡང་ལོས་ཡིན། ཉིན་དེར་ཚེ་བརྟན་རྡོ་རྗེས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ་འདི་ལྟར་འཁོད་ཡོད་དེ། “ང་རང་ལ་མཚོན་ན་ཟླ་ངོ་དྲུག་ལ་སོན་མ་ཐག་པའི་བུ་ཆུང་ཞིག་དང་། ལོ་ངོ་གཉིས་དང་ཕྱེད་ལས་མིན་པའི་བུ་མོ་ཞིག་བཅས་ཤ་ཁྲག་རུས་གསུམ་ལ་གཏོགས་པའི་བུ་རྒྱུད་གཉིས། ངས་དེ་གཉིས་རང་གི་ལོ་ངོ་གསུམ་ལྷག་གི་རིང་དུ་ཁྱིམ་ཚང་གཅིག་གི་སྐྱིད་སྡུག་ལྷན་མྱོང་བྱས་མྱོང་བའི་རྗོའུ་མི་རིགས་ཀྱི་བུད་མེད་དགའ་རོགས། ཡལ་ལགས་ཀྱི་གམ་ནས་བསྐྱུར་ནས་འདི་ལྟར་བློས་གཏོང་ཞིག་གིས་རང་ཉིད་དེ་རིང་གི་འཐབ་རྩོད་འདིའི་སྔོན་དུ་ལངས་དུས་སུ། རང་ཉིད་ལ་ཆེས་བརྩེ་བ་ཟབ་མོ་སྤྲོད་མྱོང་བའི་རྗོའུ་མི་རིགས་ཀྱི་དགའ་རོགས་མ་ལ་ཚེ་སྡུག་མི་འཇོག་ཐབས་བྱུང་།” ཞེས་སོགས་འཁོད་ཡོད། དེ་ནི་དངོས་གནས་བློས་གཏོང་ཆུང་ཆུང་ཞིག་ག་ལ་ཡིན། དེ་བཞིན་ཁོང་གིས་མུ་མཐུད་དོན། “རང་ལ་དད་འབྱོར་གྱི་མི་ལུས་རིན་ཆེན་སྦྱིན་མཁན་གྱི་ཕ་མ་གཉིས་ལ་མཚོན་ན་བཙན་བྱོལ་དུ་འབྱོར་ཏེ་ལོ་ངོ་གཉིས་ལྷག་འགྲོ་གི་ཡོད་པ་དང་། ད་ལྟའི་ཆར་ལས་ཀ་དང་འཚོ་གནས་ཀྱི་དཀའ་ངལ་གང་ཡང་མེད་པའི་བཙན་བྱོལ་གྱི་འཚོ་བ་རན་པ་ཞིག་གི་ཁྲོད་དུ་གནས་ཡོད་ཀྱང་། མ་ལོས་ཁོང་གིས་བོད་མི་རིགས་དང་༸གོང་ས་མཆོག་གི་ཐུགས་རེ་སོགས་ཀྱི་སྐོར་བཤད་པ་ཐོས་རྗེས་སེམས་ཐག་གཙང་བཅད་ཀྱིས་ལས་འགུལ་འདིར་ཞུགས་པ་དང་། སློབ་གྲྭར་འགྲིམ་བཞིན་པའི་ཁོང་གི་གཅུང་མོ་ཡང་ཁོང་གི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་འདིའི་ཁྲོད་ཞུགས་པར་དགའ་མགུ་བྱུང་” བ་སོགས་འཁོད་ཡོད།
ཁོང་གིས་ལས་འགུལ་འདིའི་ཁྲོད་དུ་ཁོང་མ་བུ་གསུམ་ནད་མནར་གྱིས་འདས་གྲོངས་དང་ཡང་ན་ལམ་བར་དུ་དགྲ་ཇག་གི་འཇིགས་པ་ཇི་འདྲ་རྒོད་ཀྱང་། གཏན་ནས་མདུན་སྐྱོད་ཀྱི་གོམ་མཚམས་འཇོག་རྒྱུ་མིན་ལ། གལ་སྲིད་ཡུལ་མིའི་ཉེན་རྟོག་པ་སོགས་ཀྱིས་འཛིན་བཟུང་བཙོན་འཇུག་བྱས་ཀྱང་། ཕྱིར་གློད་ཀི་ཉིན་མོ་ཞིག་ཡོད་པས་གང་ནས་གློད་ན་དེ་ནས་བསྐྱར་དུ་འགོ་འཛུགས་བྱ་རྒྱུ་ཡིན། ཞེས་དམ་བཅའ་བརྟན་པོ་ཞིག་གིས་ལམ་ལ་ཆས་སོང་།
འདི་ལྟར། ཉིན་མོ་འདིར་ཚེ་བརྟན་རྡོ་རྗེ་དང་ཁོང་གི་ཨ་མ་སྡོམ་པོ་སྐྱིད། གཅུང་མོ་ལྷ་མོ་སྐྱིད་བཅས་ཁོང་མ་བུ་གསུམ་གྱིས་ལྗིད་ཏིག་ཏིག་གི་རྡོག་འཁྲེས་རེ་ཁུར་ཏེ་ལམ་ལ་ཆས་སོང་། ཕྱི་མིག་དང་འཁྲེང་ཞེན་མེད་པར་རྒྱང་ཐག་རིང་བའི་ཕ་ཡུལ་གྱི་ཕྱོགས་སུ་གོམ་སྣེ་རྡོག་པས་འཇལ་བཞིན་ལམ་ལ་ཆས་སོང་། གནམ་སྔོན་པོ་སྐྱབས་དང་ས་དོག་མོ་མགོན་དུ་བཟུང་ནས། ཆུ་གྲང་མོ་ཟས་དང་རླུང་བསེར་བུ་འགྲོ་རོགས་བྱས་ནས། ཁོང་མ་བུ་གསུམ་པོ་བུད་ཐལ།
གངས་ལྗོངས་ཨ་མ་དང་གངས་རིའི་དཔའ་བོ། གངས་རིའི་སྲས་མོ་གསུམ་གྱི་གནས་ཚུལ་དང་དཀའ་སྡུག་རྣམས་རྩོམ་པ་བོ་ཚོས་འདི་ལྟར་སྨྱུག་རྩེར་དྲངས་པ་ལ་ཐུགས་རྗེ་ཆེ། ཁོ་གསུམ་གྱི་སྙིང་སྟོབས་རྒྱལ་ལོ། རང་དབང་རྒྱལ་ལོ། བོད་རྒྱལ་ལོ།
ཁ་བརྡ་དྲ་ཚིག་ནང་དུ་མཆན་འདེབས་པ་དང་རྩོམ་ཡིག་སྤེལ་ཆེད་དུ་དེབ་སྐྱེལ་བྱས་པ་ཡིན།
ཁོང་མ་བུ་གསུམ་པོ་བུད་ཐལ།།
བོད་མི་རིགས་ཀྱི་བདེན་པ་ཁུར་ནས་བུད་ཐལ།།
གཞིས་བཞུགས་སྤུན་ཟླའི་འབོད་སྒྲ་ཁུར་ནས་བུད་ཐལ།།
མ་འོངས་པའི་བདེ་སྐྱིད་སེམས་སུ་ཁུར་ནས་བུད་ཐལ།།
དམ་བཅའ་དང་འབོད་སྒྲ་ཁུར་ནས་བུད་ཐལ།།
ཅང་མེད་ཚོ་ཤུལ་དུ་བཞག་ནས་རྒྱང་རིང་རྒྱང་རིང་ལ་འགྲོ་སོང་ཁྱེད་མ་བུ་གསུམ་ང་ཚོའི་གཟི་བརྗིད་དང་སྙིང་སྟོབས་ཡིན་
དཔའ་པོ་གསུམ།
ང་ཚོའང་འགྲོ་རན་འདུག
དེ་རིང་ནས་བཟུང ཁོང་ཚོས་མི་ཚེ་འདིའི་ཡོད་ཚད་འབྱུང་འགྱུར་གྱི་གངས་ལྗོངས་ལ་ཕུལ་ནས་བུད་སོང
དེ་རིང་ནས་བཟུང ཁོང་ཚོས་སྤྱན་རས་གཟིགས་ཀྱི་ཞལ་རས་སྒོམ་གྱིན་ཕྱི་མིག་དམར་པོ་ཐེངས་གཅིག་བྱས་ནས་བུད་སོང
དེ་རིང་ནས་བཟུང ཁོང་ཚོས་སྤྲོ་སྣང་དང་བདེ་སྐྱིད་མེད་པའི་བཙན་བྱོལ་བའི་འཚོ་བ་དེ་བཞག་ནས་བུད་སོང
དེ་རིང་ནས་བཟུང ཁོང་ཚོས་སྙིང་སྟོབས་དང་ལ་རྒྱའི་འབོད་སྐུལ་རྡ་ས་ནས་བསྒྲགས་བཞིན་བུད་སོང
དེ་རིང་ནས་བཟུང ཁོང་ཚོས་ཉི་མ་ལྷ་སའི་གསེར་ཏོག་སྒོམ་བཞིན་ཁ་བཏགས་དཀར་པོ་ལག་ཏུ་བཟུང་ནས་བུད་སོང
དེ་རིང་ནས་བཟུང ཁོང་ཚོས་གངས་ཅན་བོད་པའི་ལས་དབང་ཁུར་ཏེ་དཀའ་སྡུག་ལམ་ཕྲེང་ཐོད་ལ་བཟུང་ནས་བུད་སོང
དེ་རིང་ནས་བཟུང ཁོང་ཚོས་ཁ་བ་རི་བའི་བདེན་དོན་ཁྱེར་ནས་རྒྱ་ནག་དམར་པོའི་རྫུན་ཡིག་གཏོར་དུ་བུད་སོང
ཨ་་་་ ད་དུང་འདི་ལྟར
ང་ཚོའང་འགྲོ་རན་འདུག
ཁོང་མ་སྨད་གསུམ་ལ་རྒྱང་རིང་གི་ཡུལ་གྲུ་ཞིག་ནས་སྐྱོ་སེམས་དང་མིག་ཆུས་སྐྱེལ་མ་བྱེད།
ཤ་ཁྲག་རུས་གསུམ་མ་བུ་གསུམ་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ། རྗེས་སུ་ཡི་རང་ཡོད།
ད་བོད་ཀྱི་ཆབ་སྲིད་པ་ཚོ་ག་རེ་རེད། ་གྲགས་རྒྱུ་ཞིག་མེད་ནོ།
བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།