ཆབ་ཚང་འཇམ་དཔལ། (སྔོན་མའི་འཕྲོས།)
བཞི་པ། ཤིང་ནགས་དང་སྐྱེ་དངོས་ཉམས་རྒུད་དུ་ཕྱིན་པ།
ནགས་ཚལ་གྱིས་མིའི་རིགས་ཀྱི་བདེ་ཐང་དང་སྐྱེ་དངོས་ཀྱི་འབྱུང་བ་དོ་མཉམ་བྱེད་པར་མ་ཟད། དེས་ས་རུད་དང༌། དྲག་ཆར་རླུང་འཚུབ། ཆུ་ལོག ཆུ་སྐྱོམས། ཐན་སྐྱོན། རླུང་ནག ས་རྡུལ། བྱེ་རླུང་སོགས་བཀག་འགོག་དང༌། དེར་མཁའ་དབུགས་གཙང་བཟོ། རང་བྱུང་ཆུ་འཛིན་དང༌། སྲོག་ཆགས་དང་འདབ་ཆགས་ཀྱི་རིགས་སྲུང་སྐྱོབ་སོགས་ཀྱི་ནུས་པ་དམིགས་བསལ་ལྡན་ཡོད། མིའི་རིགས་ཀྱི་གདོད་མའི་ནགས་ཚལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིང་དུང་ཕྱུར་༧༨ ལྷག་ཡོད་པ་དང༌། དེས་སའི་གོ་ལའི་རྒྱ་ཁྱོན་གྱི་སུམ་ཆ་གཉིས་ལྷག་ཟིན། རིམ་པས་རང་བྱུང་འབྱུང་བའི་འགྱུར་ལྡོག་དང༌། མི་འབོར་འཕེལ་རྒྱས། བཟོ་ལས་གསར་བརྗེ་སོགས་ཀྱི་རྗེས་འབྲས་ཀྱིས་ནགས་ཚལ་གྱི་སྤུས་ཚད་དང་གྲངས་འབོར་ཐད་འགྱུར་ལྡོག་ཆེན་པོ་བྱུང་སྟབས། ཕྱི་ལོ་ ༡༩༩༠ ལོར་འཛམ་གླིང་ཁྱོན་ཡོངས་ཀྱི་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་ ༩༩༥༠ ལྷག་རྩ་ཡལ་དུ་སོང༌།
ནགས་ཚལ་གྱི་རྒྱ་ཁྱོན་ཇེ་ཆུང་དང་གྲངས་འབོར་ཉུང་དུ་སོང་བ་དེས་འཛམ་གླིང་ཁྱོན་ཡོངས་ཀྱི་གནམ་གཤིས་དང༌། ནགས་ཚལ་གྱི་ནུས་པར་བརྟེན་ནས་འཚར་ལོངས་བྱུང་དང་འབྱུང་བཞིན་པའི་སྐྱེ་དངོས་དང༌། སྲོག་ཆགས་གཞན་གྱི་འཚོ་གནས། མིའི་རིགས་ཀྱི་རྒྱུན་ལྡན་གྱི་འཚོ་བའི་བདེ་ཐང་སོགས་ལ་འགལ་རྐྱེན་མང་དུ་ཕྱིན་སྟབས། དུས་རབས་ཉེར་གཅིག་པའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ཁྱོན་ཡོངས་སུ་ནགས་ཚལ་སྲུང་སྐྱོབ་ཀྱི་ལས་དོན་རྣམ་པ་འདྲ་མིན་གྱིས་འགོ་འཛུགས་བྱས་པ་དང༌། ཕྱི་ལོ་ ༡༩༩༢ ལོར་ནགས་ཚལ་སྐོར་གྱི་རྩ་དོན་གསལ་བསྒྲགས་ཞེས་པའི་ཡིག་ཆ་དང༌། དེ་རྗེས་རྒྱལ་སྤྱིའི་ཚ་ཁུལ་ཤིང་ཆའི་གྲོས་མཐུན། འཇིག་ཉེའི་རི་སྐྱེས་སྐྱེ་དངོས་དང་སྲོག་ཆགས་ཀྱི་རྒྱལ་སྤྱིའི་སྤྱི་ཆིང་ཡིག་ཆ་སོགས་རིམ་པས་གཏན་འབེབས་དང༌། ཕྱི་ལོ་ ༢༠༠༠ ལོར་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་ལ་ཚོད་དཔག་ཅེས་པའི་ཡིག་ཆ་ཞིག་ཀྱང་གསལ་བསྒྲགས་བྱས་ཏེ་མིའི་རིགས་ཐུན་མོང་ཐོག་ནས་ཤིང་ནགས་དང་སྐྱེ་དངོས་སྲུང་སྐྱོབ་ཐད་གལ་ཆེའི་ནུས་པ་འདོན་ཐབས་བྱས་ཀྱང༌། ཨ་རི་དང༌། ཡོ་རོབ། ཨེ་ཤུ་ཡའི་མངའ་ཁུལ་སོགས་སུ་ཡོད་པའི་བཟོ་ལས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཚོས་སྣང་མེད་ཀྱིས་ནགས་ཚལ་ཤུགས་ཆེས་གཅོད་འབྲེག་གིས་རྒྱལ་སྤྱིའི་ཁྲོམ་རའི་ནང་ཤིང་ནགས་ཀྱི་ཚོང་ལས་རྒྱ་ཁྱབ་ཀྱིས་གཉེར་སྟབས། ད་ཆ་འཛམ་གླིང་ཁྱོན་ཡོངས་ནས་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་ ༢༠༠༠ ནས་ ༣༠༠༠ བར་རྩ་མེད་དུ་འགྲོ་བཞིན་ཡོད།
དེ་དང་ཕྱོགས་མཚུངས་ཉི་འོད་མེད་པའི་ས་ཆ་དང༌། གྲང་ངད་ཆེ་བའི་འཛམ་གླིང་ལྷོ་སྣེ་དང་བྱང་སྣེ། གངས་རི་དང་བྲག་རི། བྱེ་སྒང་དང་བྱེ་ཐང༌། རླན་གཤེར་མེད་པའི་སྐམ་ས་སོགས་སུ་སྐྱེ་དངོས་ཀྱི་རིགས་སྐྱེས་འཚར་འབྱུང་ཐུབ་ཀྱི་མེད་ཐོག མིའི་བྱ་སྤྱོད་སོགས་རྒྱུ་རྐྱེན་དུ་མ་ཞིག་དང་འཕྲད་སྟོབས་ཀྱིས་ད་ཆར་འཛམ་གླིང་འདིའི་སྟེང་ནས་སྐྱེ་དངོས་རིགས་བརྒྱ་ཆའི་བརྒྱད་ཅུ་ལྷག་མི་རིང་བར་རྩ་མེད་དུ་འགྲོ་ལ་ཉེ་བའི་གནས་བབ་ནང་ལྷུང༌།
སྐྱེ་དངོས་རིགས་འདི་ལྟར་ཉམས་རྒུད་དུ་ཕྱིན་པ་དེ་གཙོ་བོ་ས་རུད་དང་། ཆུ་ལོག ཐན་པ། བྱེ་རླུང་སོགས་རང་བྱུང་འབྱུང་བའི་གནོད་འཚེས་ཐེབས་པ་དང༌། གནམ་གཤིས་ཀྱི་དྲོ་ཚད་ཇེ་མཐོ། ཆུའི་ཐོན་ཁུངས་ཇེ་ཞན་དུ་ཕྱིན་པ། ཕྱིའི་སྐྱེ་དངོས་ནང་འདྲེན་བྱས་པ། དུག་ཤེད་ཆེ་བའི་རྩྭ་ཡན་ཁྱབ་བརྡལ་དུ་ཕྱིན་པ། སྨན་དང༌། ཁ་ཟས། ཚོང་ལས་སོགས་ཀྱི་ཆེད་དུ་ཚོད་མེད་འཛད་སྤྱོད་དང༌། ཡངས་པའི་རྩྭ་ཐང་གང་སར་བཟོ་ལས་རྣམ་གྲངས་འདྲ་མིན་འཛུགས་སྐྲུན། རྩྭ་ཁ་ཞིང་བསྒྱུར་དང་། ཞིང་ས་གསར་སྤོ། ཤིང་ནགས་གཅོད་འབྲེག་དང་། རང་བྱུང་གཏེར་ཁ་འདྲ་མིན་སྔོག་འདོན་ཤུགས་ཆེན་བྱས་པ་སོགས་ཀྱིས་ལན་པ་ཞིག་རེད།
ལྷག་དོན་རི་སྐྱེས་སྲོག་ཆགས་འདྲ་མིན་གྱི་ཤ་རུས་པགས་གསུམ་ཚོང་བསྒྱུར་གྱིས་སྐམ་བཤེར་གཉིས་འཚོའི་རིགས་དང༌། ལྟོ་འགྲོའི་རིགས་གྲངས་ཉེར་གཅིག སྒལ་ཚིགས་མེད་པའི་རིགས་གྲངས་གོ་བརྒྱད། འདབ་ཆགས་རིགས་གྲངས་བརྒྱ་དང་གོ་གསུམ། འོ་འཐུང་རིགས་གྲངས་གྱ་གསུམ་ལྷག་རྩ་མེད་དུ་ཕྱིན།
མ་ཟད་ད་ཆར་རྒྱལ་སྤྱིའི་སྟེང་སྟོངས་ལ་ཉེ་བའི་སྲོག་ཆགས་འདྲ་མིན་ཆིག་ཁྲི་དྲུག་སྟོང་ལྷག་ཟིན་ཡོད། དེའི་ནང་གོག་འགྲོའི་སེམས་ཅན་གྱི་སུམ་ཆའི་གཅིག་དང༌། ནུ་གསོའི་སེམས་ཅན་གྱི་བཞི་ཆའི་གཅིག བྱ་རིགས་བརྒྱ་ཆའི་གཅིག་བཅས་འདུས་པར་མ་ཟད། ཨ་ཕི་རི་ཀའི་མི་རྒོད་དང༌། རྒྱ་བལ་ཁག་གི་གཙང་བོའི་ནང་ཡོད་པའི་ཆུ་སྲིན། བོད་ཀྱི་འབྲི་ཆུ་ཁོ་ནའི་ནང་གནས་སྡོད་བྱས་པའི་ཌོལ་ཕིན་སོགས་ཀྱང་ད་ལྟའི་ཆར་མཐོང་ཡུལ་དུ་མེད་པར་གྱུར། གོང་གསལ་གྱི་སེམས་ཅན་འགའ་ཤས་བརྒྱ་ཆའི་དྲུག་ཅུ་ནས་བརྒྱད་ཅུའི་བར་ཉུང་དུ་ཕྱིན་པ་ཁོར་ཡུག་ཉམས་ཞིབ་པ་ཚོས་བརྗོད་ཡོད།
ལྷག་པར་དུ་རྒྱ་ནག་ནང་ས་དང༌། ཨ་རི། ཕ་རན་སི། རུ་སུ། ནོར་ཝེ་སོགས་རྒྱལ་ཁབ་འདྲ་མིན་ནས་ཡོང་བའི་རྔོན་པ་སྟོང་ཕྲག་མང་པོས་ཆེད་དུ་བོད་ཀྱི་རྩ་ཆེན་དང་ན་སོ་ཤིན་ཏུ་གཞོན་པའི་རི་སྐྱེས་སྲོག་ཆགས་བརྒྱ་སྟོང་མང་པོར་རྔོན་རྒྱག་གི་ལས་ཤུགས་ཆེན་བྱས་སྟབས། ད་ཆ་བོད་ཀྱི་སྲོག་ཆགས་རྣམ་གྲངས་གྱ་གཅིག་དང༌། འཛམ་གླིང་གི་ཡུལ་ཕྱོགས་གཞན་དག་ན་ཤིན་ཏུ་དཀོན་པའི་འབྲོང་དང༌། རྐྱང༌། དོམ་སྨུག་པོ། དོམ་ཁྲ། གངས་གཟིག གཙོད། གཉན། ཤ་བ་མཆུ་དཀར། གནའ་བ། བ་མེན། མཚོན་སྣའི་སྦལ་བ། བྱ་མཆིལ་བ། གླག་ཁྲ། སྐྱ་ཀ ཁྲུང་ཁྲུང་སྐེ་ནག སྨན་གྱི་རིན་ཐང་ལྡན་པའི་སྲོག་ཆགས་ཤ་བ་སེར་ཆེན། ཝ་མོ། གསེར་སྤྲུལ་དང༌། སྲེག་པ། སྲིན་བྱ། སོན་བྱ། ཤིང་རྟ་མོ། གཡུ་སྤྲུལ། སྨན་སྦྲུལ། སྦལ་ནག ཅོ་ཀ ངུར་བ། གྲུམ་པ། ཁྭ་ཏ། སྐྱར་མ་སོགས་ཧ་ལམ་རྩ་ལྟུང་དུ་འགྲོ་ཉེན་དང༌། ཁྱོན་བསྡོམས་སྲོག་ཆགས་རིགས་མི་འདྲ་བ་བརྒྱ་དང་ཉེར་ལྔ་ལྷག་གི་གྲངས་འབོར་ཆེས་ཉུང་དུ་ཕྱིན་ཡོད།
རང་རེའི་མདོ་དབུས་མཐོ་སྒང་གི་ནགས་ཚལ་ཁག་ནི་ལུང་པ་གཞན་གྱི་ནགས་ཚལ་དང་གཏན་ནས་མི་འདྲ་བར་ནགས་ཚལ་དེ་ཚོས་བོད་ཙམ་མིན་པར་རྒྱ་ནག་ཐེ་བའི་ཨེ་ཤུ་ཡའི་རྒྱལ་ཁབ་རྒྱ་གར་དང༌། ཐའི་ལན། འབར་མ། ཀམ་པོ་ཛ། བངྒ་ལ། པ་ཀི་སི་ཐན་སོགས་ཀྱི་རང་བྱུང་ཁམས་སྲུང་སྐྱོབ་དང་བརྟན་ལྷིང་སོགས་ཀྱི་ཐད་གལ་ཆེའི་ནུས་པ་འདོན་བཞིན་ཡོད།
ད་ལྟའི་ཆར་ཤིང་ནགས་གཅོད་འབྲེག་ཤུགས་ཆེན་བྱེད་བཞིན་པའི་བོད་ཀྱི་ཉིང་ཁྲི་དང༌། ཁམས། ཆབ་མདོའི་ཁུལ་དུ་ཡོད་པའི་ནགས་ཚལ་ཕལ་མོ་ཆེ་རྩ་མེད་དང༌། ལྷག་པར་དུ་ཕྱི་ལོ་ ༡༩༤༩ ལོའི་གོང་དུ་རྔ་པ་དང༌། ཀན་ལྷོ། མཚོ་བྱང༌། མཚོ་ཤར། རྨ་ལྷོ། དཔའ་རིས། མཚོ་ནུབ། མཚོ་ལྷོ། མགོ་ལོག་སོགས་སུ་ཁྱོན་བསྡོམས་ཤིང་ནགས་ཧེ་ཊར་ ༣༩༧༡༥༠༠ ལྷག་ཡོད་པ་ནས་ལོ་རབས་བརྒྱད་ཅུ་པར་སླེབས་དུས་གོང་གསལ་ནས་མིས་ཊར་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ལྷག་རྩ་མེད་དུ་བཏང་བ་དང༌། ལོ་ངོ་ཉིས་སྟོང་ཡར་སྔོན་ནས་སྐྱེས་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༨༧༨༠༠ ལྷག་ཡོད་པའི་ནགས་ཚལ་གྱི་བརྒྱ་ཆའི་ ༩༥ ལྷག་ཤུལ་མེད་དུ་གྱུར།
བོད་ནང་ཕེབས་མྱོང་བའི་ཕྱི་ཕྱོགས་ཀྱི་ཡུལ་སྐོར་བ་ཞིག་གིས་ཤར་དར་རྩེ་མདོ་ནས་ཁྲིན་ཏུ་བར་ཆུ་ཚོད་བཅུ་རེའི་ནང་ཤིང་ནགས་དབོར་འདྲེན་གྱི་ཊག་འཁོར་གྲངས་བཞི་བརྒྱ་རེ་བདུན་འགྲོ་བཞིན་ཡོད་པ་མཐོང་འདུག མཁས་དབང་ཟམ་གདོང་རིན་པོ་ཆེས་རྒྱ་ནག་གཞུང་གིས་ཧིན་སྒོར་དུང་ཕྱིར་སྟོང་ཕྲག་ཉེར་བརྒྱད་ཟིན་པའི་བོད་ཀྱི་ཤིང་ནགས་གཅོད་འབྲེག་བྱས་ཡོད་ཚུལ་གསུངས་ཡོད།
ཕྱི་ལོ་ ༡༩༩༨ ལོར་རྒྱ་ནག་གཞུང་གིས་བོད་ཀྱི་ཤིང་ནགས་གཅོད་འབྲེག་བཀག་སྡོམ་ཐོག་མར་བྱས་པ་དང༌། ཕྱི་ལོ་ ༢༠༠༠ ལོར་སླར་ཡང་ཤིང་ནགས་གཅོད་འབྲེག་བཀག་སྡོམ་བྱེད་ཁུལ་བྱས་ཀྱང་སྔ་ཕྱི་ཚང་མ་ལག་ལེན་དངོས་དང་བར་ཐག་ཧ་ཅང་རིང་སྟབས། དུས་ད་ལྟ་ཡང་རྒྱལ་སྤྱིའི་སྟེང་བོད་ཀྱི་ཤིང་ནགས་ཉོ་ཚོང་གི་འབྲེལ་ལམ་རྒྱ་སྐྱེད་ཀྱིས་ལོ་རེ་ནས་ལོ་རེ་བཞིན་བོད་ཀྱི་ཤིང་ནགས་གཅོད་འབྲེག་གི་རྣམ་པ་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པར་མ་ཟད། བོད་ཀྱི་ཉེ་འབྲེལ་གྱི་ས་ཆ་གཞན་དག་ཏུའང་ཧམ་འཛུལ་གྱིས་ཡུལ་དེ་དང་དེའི་ཤིང་ནགས་གཅོད་འབྲེག་དང་དབོར་འདྲེན་གྱི་ལས་དོན་ཡང་སྔར་ལས་ཤུགས་ཆེ་རུ་གཏོང་བཞིན་ཡོད།
ཕྱི་ལོ་ ༡༩༥༧ ལོ་ནས་ཕྱི་ལོ་ ༡༩༨༢ ལོའི་བར་བོད་ནང་གི་སྨན་རྩྭའི་རིགས་སྤྱི་རྒྱ་ས་ཡ་ ༢༤ ལྷག་རྒྱ་ནག་ནང་སར་དབོར་འདྲེན་བྱས་པ་དང༌། དེ་དག་ནས་སྤྱི་རྒྱ་ས་ཡ་བཞི་ཙམ་རྩ་ཆེའི་སྨན་རྩྭ་ལྕ་བའི་རིགས་ཡིན་འདུག ཕྱི་ལོ་ ༡༩༥༨ ལོ་ནས་ཕྱི་ལོ་ ༡༩༨༧ བར་དཀར་མཛེས་ས་ཁུལ་ནས་དབྱར་རྩྭ་དགུན་འབུ་ཊོན་ ༣༥༠༠༠༠ ལྷག་དང༌། དབྱར་གྲོ་སྤྱི་རྒྱ་ ༡༥༦༠༠༠༠ ལྷག ཕྱི་ལོ་ ༡༩༩༤ ལོར་མགོ་ལོག་ས་ཁུལ་ནས་དབྱར་རྩྭ་དགུན་འབུ་སྤྱི་རྒྱ་ ༥༩༠༠༠ ལྷག་དང༌། དབྱར་གྲོ་སྤྱི་རྒྱ་ ༡༨༠༠༠ ལྷག གྲོ་མ་སྤྱི་རྒྱ་ ༨༣༠༠ ལྷག ལྕུམ་སྤྱི་རྒྱ་ ༦༠༠༠༠༠༠ ལྷག་དང༌། ཕྱི་ལོ་ ༡༩༦༥ ནས་ཕྱི་ལོ་ ༡༩༩༥ བར་གྱི་ལོ་ངོ་སུམ་ཅུའི་རིང་སྐྱེ་དགུ་མདོ་ས་ཁུལ་ནས་དབྱར་རྩྭ་དགུན་འབུ་སྤྱི་རྒྱ་ ༡༧༨༢༩༠ དང༌། དབྱར་གྲོ་སྤྱི་རྒྱ་ ༣༤༠༡༤༠ ལྷག ཕྱི་ལོ་ ༡༩༦༢ ལོར་བོད་རང་སྐྱོང་ལྗོངས་ནས་དབྱར་རྩྭ་དགུན་འབུ་སྤྱི་རྒྱ་ ༢༣༧༠༥ ལྷག ཕྱི་ལོ་ ༡༩༦༤ ལོར་དབྱར་གྲོ་སྤྱི་རྒྱ་ ༡༢༢༢༠༠ ལྷག ཕྱི་ལོ་ ༡༩༥༦ ནས་ཕྱི་ལོ་ ༡༩༧༦ བར་ཁམས་འབའ་ལུང་ནས་སྨན་རྩྭ་རྒྱ་མ་ ༨༠༠༠༠༠༠ ལྷག ལྕ་བ་རྒྱ་མ་ ༨༠༠༠༠༠༠ ལྷག ཕྱི་ལོ་ ༡༩༦༠ ལོར་རྔ་པ་ས་ཁུལ་ནས་ལྕུམ་སྤྱི་རྒྱ་ ༡༠༢༥༠༠༠ ལྷག ཕྱི་ལོ་ ༡༩༨༣ ལོར་སྦྲུ་ནག་སྤྱི་རྒྱ་ ༡༨༦༩༢༠༠ ལྷག སྤང་སྤོས་སྤྱི་རྒྱ་ ༦༥༣༠༠༠ ལྷག ཕྱི་ལོ་ ༡༩༦༩ ལོར་ཀླུ་བདུད་རྡོ་རྗེ་སྤྱི་རྒྱ་ ༩༨༧༠༠ ལྷག་བཅས་ཡོངས་རྫོགས་རྒྱ་ནག་ནང་སར་དབོར་འདྲེན་བྱས་ཡོད་པ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་གནའ་དེང་ཤེས་བྱ་ཞེས་པའི་ནང་གསལ། གོང་གསལ་གྱི་སྨན་རྩྭ་དེ་དག་ཁྱོན་བསྡོམས་ན་སྤྱི་རྒྱ་ ༤༥༡༠༥༥༣༥ ལྷག་གནས་ཡོད།
ད་དུང་བོད་ཀྱི་རི་ལུང་ཐང་གསུམ་གང་ས་ནས་མེ་ཏོག་གངས་ལྷ་དང༌། ཀླུ་བདུད་རྡོ་རྗེ། ཨ་བྷི་ཥ། དབྱར་རྩྭ་དགུན་འབུ། ཏང་ཀུན། ཀྱི་ལྕེ། ཀོ་ཤ། འདྲེ་ཚེར་འབྲས་བུ་སོགས་རྩ་ཆེའི་སྨན་རྫས་སྟོང་ཕྲག་མང་པོ་གཅོད་འབྲེག་འབལ་གསུམ་བྱས་ཏེ་སྨན་རྫས་ཀྱི་རྒྱུ་ཆར་བཀོལ་སྤྱོད་དང་ཚོང་ལས་ཀྱི་ཁྲོམ་རར་གང་འདོད་ཀྱིས་ཚོང་བསྒྱུར་བྱས་དང་བྱེད་བཞིན་ཡོད་སྟབས། བོད་ཀྱི་སྨན་རྫས་དང་འབྲེལ་བའི་སྐྱེ་དངོས་རིགས་ཕལ་ཆེ་བ་རྩ་བརླག་ཏུ་འགྲོ་བཞིན་ཡོད།
དེ་བས་ཀྱང་ཚབས་ཆེ་བ་ཞིག་ལ་ཤིང་ནགས་དང་སྐྱེ་དངོས་འདྲ་མིན་གཅོད་འབྲེག་འབལ་གསུམ་བྱས་ཤུལ་མང་ཆེ་བར་བྱེ་ཐང་གི་རྣམ་པ་གསར་པ་ཐོན་གྱིན་ཡོད་པར་མ་ཟད། བོད་ལྗོངས་སུ་ཡོད་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་ཚོ་ ༢༠༤༧་༤༡ ལྷག་ཡོད་པའི་བྱེ་ཐང་དང༌། རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་ཀྱི་བྱེ་ཐང་དང༌། བྱེ་སྒང༌། མཚོ་སྔོན་ཞིང་ཆེན་གྱི་ཀོས་ནན་དང་མུ་གེ་ཐང་སོགས་ཀྱི་བྱེ་མའི་ཁེངས་རྒྱ་ལོ་རེ་ནས་ལོ་རེ་བཞིན་རྒྱ་ཆེ་རུ་འགྲོ་བཞིན་ཡོད་ཐོག འདས་པའི་མི་ལོ་ལྔ་བཅུའི་རིང་ལྷོ་ཤར་ཨེ་ཤུ་ཡའི་ཆར་ཞོད་དུས་ཚོད་དང་ཆར་ཞོད་ཀྱི་ཚད་སོགས་ལ་ཤུགས་རྐྱེན་ངེས་ཅན་ཐེབས་པའི་བོད་ཀྱི་རྩྭ་ཐང་གི་རྒྱ་ཁྱོན་བརྒྱ་ཆ་ ༦༥ རྩ་མེད་དུ་སོང་ཟིན་པར་མ་ཟད། ལོ་རེར་བོད་ཀྱི་རྩྭ་ཐང་གི་རྒྱ་ཁྱོན་ནས་སྤྱི་ལེ་གྲུ་བཞི་མ་ ༢༥༠༠ ལྷག་རེ་བྱེ་ཐང་གི་རྣམ་པར་གྱུར་དང་འགྱུར་མུས་སུ་ཡོད།
དེ་བཞིན་ལྷོ་ཨ་ཕི་རི་ཀའི་ས་ཧ་ར་བྱེ་ཐང་དང༌། བྱང་ཨ་མི་རི་ཀའི་ཨ་ལ་སི་ཀའི་བྱེ་ཐང༌། པེ་ཅིན་དང་བར་ཐག་སྤྱི་ལེ་བཞི་བཅུའི་སར་སླེབས་པའི་སོག་པོའི་བྱེ་ཐང་ཆེན་མོ་སོགས་ཀྱང་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱ་ཆེ་རུ་འགྲོ་བཞིན་པ་དང༌། ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་ཀྱི་རྩྭ་ཐང་ས་ཁྱོན་ཧེ་ཊར་ཐེར་འབུམ་ཕྱེད་དང་གཉིས་ཞིང་སར་བསྒྱུར་ཟིན་པ་དང༌། ཞིང་ས་དེ་དག་ནས་ཀྱང་ལོ་རེར་ཏོན་ཐེར་འབུམ་ཉེར་ལྔ་ལྷག་ས་རྒོད་དུ་འགྱུར་བཞིན་ཡོད་པར་མ་ཟད། རྩྭ་ཐང་གང་སར་གཏེར་ཁ་སྔོག་སློག་སོགས་ཀྱིས་ལོ་རེར་རྩྭ་ཐང་ནས་སྤྱི་ཆིང་ཁྲི་དྲུག་བརྒྱ་ཙམ་ཐང་རྒོད་དང་བྱེ་མའི་གོང་བུར་འགྱུར་བཞིན་ཡོད།
མ་ཟད་འཛམ་གླིང་སྟེང་གི་རྩྭ་ས་ཁྱོན་ཆེར་ཆུ་ལོག་དང་རླུང་ཤུགས་ཀྱི་གནོད་འཚེས་ལོ་རེར་རྩྭ་ཐང་ཧེ་ཊར་ས་ཡ་ཉི་ཤུ་ལྷག་བྱེ་ཐང་དུ་གྱུར་དང་འགྱུར་བཞིན་ཡོད་སྟབས། ནམ་ཞིག་འཛམ་གླིང་ཁྱོན་ཡོངས་སུ་བྱེ་མས་གནོད་འཚེས་མི་དང༌། སྲོག་ཆགས། སྐྱེ་དངོས་སོགས་ཀྱི་སྐྱེ་འཕེལ་དང་འཚོ་སྡོད་ཀྱི་ས་ཁྱོན་ད་ལྟ་ལས་ལྡབ་འགྱུར་གྱིས་ཆུང་དུ་འགྲོ་རྒྱུའི་ཉེན་ཁ་ཡོད་ངེས་ལ་བརྟེན། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ནང་མི་རིགས་དང་ས་ཁུལ་དབྱེ་འབྱེད་ཀྱི་འདུ་ཤེས་བཟུང་སྟེ་རང་ཉིད་དང་ས་ཐག་རིང་སའི་ཁོར་ཡུག་ལ་སྣང་མེད་ཀྱིས་གཏོར་བཤིག་ཚད་ལས་བརྒལ་བ་གཏོང་སྟངས་ཀྱི་བྱ་ངན་བསྒྱུར་ཏེ། མིའི་རིགས་ཐུན་མོང་གིས་ཁོར་ཡུག་སྲུང་སྐྱོབ་ཐད་ནུས་ཤུགས་ཆིག་བསྒྲིལ་གྱིས་རྩྭ་ཐང་སྲུང་སྐྱོབ་དང་བྱེ་རླུང་བཀག་འགོག་གི་ནུས་པ་ལྡན་པའི་ཤིང་ནགས་གཅོད་འབྲེག་མཚམས་འཇོག་སོགས་ཀྱིས་མཚོན་འཛམ་གླིང་ཐུན་མོང་གི་སྤྱི་ནོར་ལྟ་བུའི་ཁོར་ཡུག་སྲུང་སྐྱོབ་ཐད་གལ་ཆེའི་ནུས་པ་འདོན་དགོས་པའི་དུས་ལ་སླེབས་ཡོད།
༼མུ་འགོད།༽
མཇུག་མུ་མཐུད་ནས་སྤེལ་དང་ཕན་ས་འདུག
མགུར་བཅི་ལྔ་བ།
ཁོར་ཡུག་མེད་ན་སྲོག་ཆགས་མེད། གཉིས་ཀ་སྟོངས་ན་འཇིག་རྟེན་འཇིག
དམངས་གཙོ་མེད་ན་རང་དབང་མེད། གཉིས་ཀ་མེད་ན་རང་སྐྱོང་མེད།
ཡིད་ཆེས་མེད་ན་མཛའ་མཐུན་དཀའ། གཉིས་ཀ་མེད་ན་བདེ་སྐྱིད་དཀའ།