ཆང་སྐྱེས།
ལ་ལ་སྒོར་གྱིས་ཉོས་པའི་ཁྲི་ཐོག་ན་འགྱིངས་ནས།།
འཇོན་ཐང་མེད་ཀྱང་ནུས་པ་ཡོད་མདོག་ཅིག་བསྟན་ཏེ།།
ཁ་ཞེ་མི་མཐུན་རྙོག་གཏམ་བཙན་པོ་རེ་གསུང་བཞིན།།
རང་ཉིད་བདག་གཞན་གཉིས་ཀྱི་བདག་པོ་རུ་བསམ་འདུག །
ལ་ལ་ཙི་ནའི་གྲོང་ལ་རྫུ་འཕྲུལ་གྱིས་འཕུར་ཏེ།།
དད་ལྡན་རྒྱ་མོ་མང་པོའི་འཛུམ་མདངས་ལ་ཆགས་ནས།།
བྱ་དེ་ཁྲུང་ཁྲུང་དཀར་མོའི་དབང་ལུང་རེ་བསྐོར་བཞིན།།
རང་ཉིད་འདི་ཕྱི་གཉིས་ཀྱི་བྱེད་པོ་རུ་རློམ་འདུག །
ལ་ལ་ཟང་ཟིང་ཁྲོམ་གྱི་བཞི་མདོ་རུ་འཁྱམས་ཏེ།།
གདོང་གི་སྐྱི་པགས་དཀར་དམར་ཚོན་རྩི་ཡིས་བྱུགས་ཏེ།།
རང་ལུས་ཕོ་གསར་མང་བོའི་ཚོང་རྫས་སུ་སྤྱོད་བཞིན།།
ཡ་ཐོད་གཉེར་མས་ཁེབས་ཀྱང་མཛེས་ཉམས་ཀྱིས་སྐྱིད་འདུག །
ལ་ལ་རང་སེམས་འཁྲུལ་སྣང་བསླུ་བྲིད་ཀྱིས་བསླུས་ཏེ།།
རིགས་འཛིན་བུ་ཆུང་ལང་ཤོར་ཆང་རག་གིས་གསོ་བཞིན།།
མི་ཚེ་འདོམ་གང་དོན་མེད་བྱང་རླུང་གིས་ཁྱེར་ཡང་།།
འགྱོད་སྣང་སྤུ་ཙམ་མེད་པར་ཁྱ་ཁྱོར་ངང་བཟི་འདུག །
གང་དྲན་རྫུན་གྱིས་སྤྲོས་ཏེ་སྒྲོ་འདོགས་ནི་མ་ཡིན།།
གང་གིས་མ་བརྗོད་ཁོར་ཡུག་སྐྱ་བོ་འདིའི་ཟུར་ཞིག །
གང་ཡིན་འདི་ཡིན་མེད་པར་བྲིས་པ་ཞིག་མིན་པས།།
གང་གི་སྙིང་ལ་གཟེར་ན་ཀུ་རེ་ཡི་ཚུལ་ཡིན།།
ཆབ་ཆ་ནས།
སྙན་ངག་རང་རེད་ཐུགས་རྗེ་ཆེ་།
མི་གི་མི་ཚེ་ཚེ་ཡི་ཕྲལ་ཡིན་ལ་།
ཕྲལ་པ་འཆི་་བདག་དྲུང་དུ་མ་སླེབས་བར་།
སྐྱིད་དུས་རིང་དུ་གཏོང་རྒྱུ་མེང་ནའང་།
སྡུག་དུས་འཐུང་དུ་གཏོང་རྒྱུ་ག་ལ་ཡོད་།
མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་ལས་བཏུས་།