ཐེ་བོ་སངས་རྒྱས།
འདི་ཟླའི་ཕྱི་ཚེས་བཅུ་གསུམ་ཞོགས་ཀ་ཆུ་ཚོད་དགུ་བའི་གསོལ་ཇའི་བར་གསེང་ལ་དྲ་ལམ་གྱི་གཏམ་མགོ་རྔ་མེད་པ་ཞིག་ངའི་རྣ་བར་འཛུལ་བྱུང་། “ལྡི་ལི་མན་ཇུག་ཏྲི་ལ་ནས་ཨ་མདོའི་གྲྭ་བ་ཞིག་དང་སྐྱ་བོ་ཞིག་དམར་གསོད་བཏང་འདུག་”ཟེར་བ་དེ་རེད། དེ་ཤེས་འདོད་ཀྱིས་སྡོད་མ་ཚུགས་པས་ལམ་སེང་གྲོགས་པོའི་སྐད་འཕྲིན་ཚོགས་པ་ཞིག་ཏུ་“ལྡི་ལིར་མྱི་གསོད་རྟ་འདེད་བྱས་ཡོད་པ་ཨེ་གོ་” ཞེས་ཡི་གེ་བཏགས་ནས་ཅང་མ་འགོར་བར་ཅིག་གིས་“ཁོང་ཁྱོད་ཀྱི་འཛིན་གྲྭ་གཅིག་པ་མ་རེད་དམ་ཟེར།” སྐད་ཆ་དེས་ངའི་སྙིང་ནང་ཚ་ཤར་ཞིག་རྒྱག་ཏུ་བཅུག “སུ་རེད། ཁྱོད་ཀྱིས་ང་ལ་དངངས་སྐྲག་མ་སློངས་ཨ།” ཞེས་གཏིང་འདྲི་བྱས་པའི་སྐད་ཅིག་མ་དེར་ཧ་ཅང་མཐོང་སྙིང་མི་བྲོ་བའི་ཡིག་འབྲུ་འགའ་ངའི་མིག་ལམ་དུ་ཤར། “ཆོས་གྲགས་བྷེ་ཐོ”(སྤྲོ་ཚིགས་ཆོས་གྲགས་ཀྱི་མིང་བཏགས་ཤིག) དེས་རང་ཉིད་ཀྱི་མིག་ལའང་ཡིད་མི་ཆེས་པར་གྱུར་ཅིང་། དེ་བདེན་ཨེ་སྲིད་སྙམ་བཞིན་གསར་ལམ་ཁག་བསྔོགས་ཀྱང་གནས་ཚུལ་ཁུངས་ལྡན་ཞིག་མ་རྙེད་སྟབས། “ཡིན་གྱི་མ་རེད་་་ཡིན་གྱི་མ་རེད་”ཅེས་ཆིག་ལབ་ཀྱིས་རང་སེམས་གསོ་ཐབས་བྱས་ཀྱང་། ཚིག་གིས་ཇི་བཞིན་བཤད་མི་ཤེས་པའི་ཚོར་སྣང་མཚར་རོ་ཞིག་གིས་ཉིན་དེར་ལས་དོན་གང་ལའང་སེམས་མི་ཁུགས་པར་ཆགས།ཁ་སང་དེ་རིང་དེའི་དོན་རྐྱེན་སྐོར་སྲང་ལམ་གྱི་སྐད་ཆ་ལྡོམ་པོའི་འཚང་ཁ་རྒོད་པ་འདི་ཚོ་བདེན་པ་མིན་ན་ཅི་མ་རུང་།
སྤྲོ་ཚིགས་ཆོས་གྲགས་ལགས་བཙན་བྱོལ་དུ་ཐོག་མར་འབྱོར་བའི་ལོ་སྟེ། ཕྱི་ལོ་༡༩༩༨ ལོའི་སྟོན་ཁ་ནས་༢༠༠༡ ལོའི་མགོ་སྟོད་བར་ངེད་གཉིས་ཀིརྟིའི་བྱེས་པ་གྲྭ་ཚང་ནང་འཛིན་གྲྭ་གཅིག་དང་སྐབས་རེར་ཉལ་ཁང་གཅིག་བྱས་ནས་ཡོང་། ལོ་ངོ་དེ་དག་གི་རིང་ཡིག་ཚད་ནམ་བླངས་རུང་ཁོས་ཨང་དང་པོའམ་གཉིས་པ་མ་གཏོགས་མི་བཟའ། ཡིན་ནའང་ཟླ་མཇུག་འཕྲོད་བསྟེན་ཐད་གསལ་བསྒྲགས་གནང་སྐབས་འོག་ནས་ཡར་བརྩིས་པའི་ཁོའི་ཨང་དང་པོ་ཟ་རོགས་དེ་ང་རང་ཡིན། ནམ་ཡང་བརྗེད་པར་དཀའ་བ་ནི་རེས་གཟའ་སྤེན་པའི་ཕྱི་དྲོ་བགྲོ་གླེང་གི་སྐབས་རྣམས་སུ་ཁོས་གཙུག་ལག་ལས་དྲངས་པའི་གཏམ་བཤད་དུས་ཁ་གསལ་ཞིང་དོན་གྱི་གནད་ལ་ཐིངས་པ། རིགས་པས་དོགས་གཞིར་བརྡར་ཤ་ཆོད་པ། ད་དུང་བློ་ངོར་ཤར་མ་ཐུབ་པའི་དྲི་བ་འདོན་མཁན་རིག་རྒོད་ཟེར་བ་ཡིན། ཕྱི་ལོ་ཉིས་སྟོང་ཐམ་པའི་ལོ་ཡས་མས་ཤིག་ལ་གྲྭ་ཚང་གིས་ངེད་གཉིས་རྡ་སྟེང་བོད་ཁྱིམ་དུ་“བོད་ཀྱི་ན་གཞོན་ཚོགས་འདུ་ཐེངས་དང་པོ་”ཟེར་བའི་ཐོག་མངགས། ཁོས་གོ་རྒྱུ་ཡོད་པའི་གཏམ་བཤད་རིམ་པས་ཚོགས་མི་མང་པོར་སེམས་འགུལ་ཐེབས། མ་ཟད་ཁོས་སྔ་ཕྱིར་བྲིས་པའི་རྩོམ་ཡིག་ཁག་དང་དེབ་བཅས་ལ་ཤེས་ལྡན་མང་པོས་གདེང་འཇོག་གནང་ཡོད། ལོ་ངོ་དེ་གའི་རིང་ངེད་གཉིས་མཉམ་ཟ་མཉམ་འདུག་གིས་གནད་དོན་རེའི་ཐད་བསམ་ཚུལ་བརྗེ་རེས་དང་། རྩོད་གླེང་བྱས་པ། ཚོགས་ནས་དགེ་བསྐོས་ཁ་ཡེངས་མིག་ཡེངས་དབར་ཡི་གེ་འཕེན་རེས་བྱས་པ་སོགས་བཤད་ན་བཤད་མི་ཚར།
གཤམ་གསལ་ཤློོ་ཀ་འདི་གཉིས་སྐབས་དེ་ཤེད་ཅིག་ཏུ་ངས་ཁོ་ལ་བྲིས་པ་ཡིན་ཅིང་འབྲི་དེབ་དབར་ནས་རྙེད། བཅུད་ལྡན་ཟས་དང་གོས་བཟང་སྤྱོད་མི་བྲ།། ཕྲན་ཚེགས་དངུལ་ཡང་སྣག་ཤོག་ཁོ་ནར་བརྗེ།། ཉིན་མཚན་ཀུན་ཏུ་ཡིག་ཧྲུལ་ལ་འཐམས་པའི།། གྲོགས་ཁྱོད་མཐོང་བ་ཙམ་གྱིས་སུན་སྣང་སྐྱེ།། ཞེས་དང་། ཆབ་ཀྱིས་འཕོངས་ཚོས་འཁྲུད་པའི་ཡུལ་ཆོས་ལས།། གདོལ་བའི་རིགས་འགའི་སེན་མོར་དྲི་ཆེན་རྩི།། ཆགས་ཀྱང་སྣང་མེད་ལག་རྗེན་གྱིས་གཡོས་པའི།། བཟའ་བཏུང་ལྟོ་འདུན་ཅན་ཚོས་སྤྱོད་ལ་ལྟོས།། འདིས་སྐབས་དེའི་འཚོ་བ་དག་ངའི་ཡིད་ཀྱི་ཡོལ་བའི་ངོས་སུ་གློག་བརྙན་བཞིན་ཡང་བསྐྱར་ཤར་དུ་བཅུག དེ་ལྟར་ཕྱི་ལོ་༢༠༠༦ ལོར་ངེད་གཉིས་འགྲོ་ལམ་ཁ་ཁར་ཆགས་རྗེས་ཁོས་མཚན་ཉིད་གྲྭ་ཚང་གི་དགེ་རྒན་དང་། སྨོན་ལམ་ཚིག་མཛོད་རྩོམ་སྒྲིག་རྐང་འཛིན་པ། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་སོགས་བཙན་བྱོལ་སྤྱི་ཚོགས་ཁྲོད་གཟེངས་སུ་ཐོན་པའི་ཕྱག་ལས་གནང་བ་ལ་ངས་རྗེས་སུ་ཡི་རངས་བྱས་མྱོང་། ན་ནིང་ཁོས་གྲོགས་པོ་ཐེ་བོ་ཤེས་རབ་རྒྱ་མཚོ་བརྒྱུད་ནས་ང་ལ་སྨོན་ལ་ཚིག་མཛོད་རྩོམ་སྒྲིག་གི་ལས་ཀ་བྱེད་འདོད་ཡོད་མེད་སྐོར་སྐད་ཐེངས་གཉིས་བསྐུར་བྱུང་ཡང་དེ་ལྟར་ལྷག་སོང་།
བརྒྱ་བཤད་ཚིག་གི་རྩ་བ། བོད་ཀྱི་རིག་གནས་ལ་ཐོས་རྒྱ་དང་གོ་རྟོགས་མི་ཆུང་བ། ཕུགས་བསམ་དང་གདེང་སྤོབས་ལྡན་པའི་ན་གཞོན་ཤེས་ཡོན་ཅན་ཁོང་གློ་བུར་རྐྱེན་ངན་གྱིས་ཚེ་སྲོག་ཤོར་བ་གསབ་ཏུ་མེད་པའི་གྱོང་གུད་ཅིག་ཡིན་པ་གོར་མ་ཆག དེ་བཞིན་རྔ་བ་ཆོས་གྲགས་ལགས་དང་ངེད་གཉིས་ཐོག་མར་ངོ་ཤེས་དུས་ནི། ལོ་མང་པོའི་གོང་ཁོས་རྒྱ་གར་གྱི་རྩོམ་རིག་མཁས་དབང་གྲགས་ཅན་ཐྲེ་གོར་གྱིས་མཛད་པའི་གྷོ་ར་ཞེས་པའི་སྒྲུང་རིང་དེ་བོད་སྒྱུར་གྲུབ་རྗེས་དེབ་ཀྱི་ཁ་ཡིག་ང་ལ་འབྲི་བར་བསྐུལ་བྱུང་། དཔེ་དེབ་དེའི་དབུ་འབྱེད་མཛད་སྒོའི་ཐོག་ལས་དོན་ཕྲན་བུས་བཅར་མ་ཐུབ་ཀྱང་དེབ་གསུམ་ག་ང་ལ་བསྐུར་འདུག དེའི་རྗེས་ས་གང་ནས་ཐུག་རུང་ཕན་ཚུན་འཚམས་འདྲི་བྱེད་རེས་ཡོད་སའི་ངོ་ཤེས་བཟང་པོ་ཡིན། གང་ལྟར་བོད་ཕྱི་ལོགས་ཀྱི་ན་གཞོན་རྣམས་ལས་མིང་དང་རེ་བ་ཡོད་སའི་ཤེས་ལྡན་མི་སྣ་གཉིས་ཧོབ་ཏེ་རྐྱེན་ངན་གྱིས་གཤེགས་པར་སེམས་གཏིང་ནས་མྱ་ངན་དང་རྗེས་དྲན་ཞུ།
དོན་དག་འདི་བཞིན་ཡིད་སྐྱོ་དགོས་པའི་དོན་དག་ཅིག་རེད། ཤེས་ཡོན་པ་གཉིས་འདི་ལྟར་བཞུད་པ་ནི་རང་གཞན་ཀུན་གྱི་གྱོང་གུད་ཀྱང་རེད། འདས་པོ་ཁོང་གཉིས་ཀྱི་ནང་མིར་སེམས་གསོ་དང་། དོན་དག་འདི་ཆེ་ཆེ་ཆུང་ཆུང་དུ་བཏང་ནས་ཞི་འགྲིག་ཡོང་བར་ཚང་མས་གཞོགས་འདེགས་དང་ལམ་སྟོན་གནང་རོགས་ཡོང་བར་རེ་བ་ཤིན་ཏུ་ཆེ།
དོན་རྐྱེན་འདི་ཐོས་ནས་རང་དབང་མེད་སེམས་ནང་དཀའ་ངལ་བརྗོད་དཀའ་བ་ཞིག་བྱུང།མི་གཉིས་ཀྱི་ཚེ་སྲོག་ཤོར་འདི་ང་ཚོས་བོད་མི་རིགས་གྱོང་ཁ་བསམ་ཡུལ་ཤོང་དཀའ་བ་ཞིག་རེད།
མི་་དེ་གཉིས་ཨ་མདོ་ཡིན་ན་མདོ་སྨད་དབུས་རྒྱུན་ནས་དོ་སྣང་གནང་དགོས་པ་མ་རེད་དམ་
བོད་ཀྱི་ན་གཞོན་རྩོམ་པ་པོ་སྤྲོ་ཚིགས་ཆོས་གྲགས་ལགས་སུ་མྱ་ངན་
ཁོང་གཉིས་གསོན་པོའི་ལས་སྟངས་དེ་ཡག་རབ་གསུངས་པར་དགའ་མོད་ཀྱང་། ཁོང་གཉིས་འདས་པའི་འཆི་རྐྱེན་དེ་ངོ་མ་ངན་སོང་། བློ་གྲོས་ལྡན་པའི་མིའི་སྤྱོད་ཚུལ་ཞིག་ལ་ངེས་འཛིན་ཇི་ལྟར་བྱེད་དགོས་སམ། ད་དུང་ཆགས་སྒོ་འདིའི་འོག་ནས་མི་སྙན་པའི་བྱ་སྤྱོད་གང་ཞིག་ཐོན་རྒྱུ་ཡོད་དམ། ཤེས་ཡོན་པ་དང་གྲྭ་པའི་གནང་སྟངས་འདི་འདྲ་མི་ཡོང་རྒྱུར་འབོད་དགོས།
ཤེས་ཡོན་ཅན་དང་གདན་སའི་དགེ་ཤེས་ཀྱིས་བྱ་བ་འདི་འདྲ་བྱས་ན་བོད་ཀྱི་ཞིང་འབྲོག་ཁུལ་གྱི་ཤེས་མེད་ཚོར་ངོ་ཚ་རྒྱུ་ལས་ཅི་ཡོད།
འདི་ལྟ་བུར་ངས་མྱ་ངན་དང་རྗེས་དྲན་གང་ཡང་མི་བྱེད།
ཁོང་རྣམ་གཉིས་ཕྱག་ལས་མཉམ་དུ་གནང་བཞིན་ཁ་རྩོད་རེ་ཤོར་སྲིད་ནའང་གསོད་རེ་བྱས་པ་ནི་སྣང་བར་མི་འགྲོ་བ་ཞིག་རེད་འདུག དེས་ན་ད་སུ་རེད་ཅེས་འགོག་ཏུ་མེད་པའི་དྲི་བ་འདི་རེད། རྒྱབ་ན་རྒྱ་མི་ཡོད་དམ། ཡང་ན་དོལ་ཚོགས་ཡིན། ཁོང་གཉིས་ཀྱིས་དོལ་ཚོགས་ལ་དེ་སྔ་ཕོག་ཐུག་བཏང་ཡོད་མེད་དེ་ཞིབ་འཇུག་བྱ་དགོས་པ་རེད། དོལ་ཚོགས་ལ་ཕོག་ཐུག་ཤོར་མེད་ན། དོལ་ཚོགས་ཀྱིས་གསོད་དགོས་པའི་རྒྱུ་མཚན་མེད་པ་རེད། གང་ལྟར་ཀྱང་བོད་མི་ཡོངས་ཀྱི་ཞབས་འདྲེན་རེད།།