འོད་ཟེར་གྱིས།
སྲིད་ཀྱི་ནང་བློན་གསེར་ཀྱི་ཀ་ཆེན་ཞིག།
གསུང་གི་སྐུ་ཚབ་རྒྱ་བོད་གྲགས་པ་ཅན།།
དམངས་ཀྱིས་དགའ་བའི་བློ་གྲོས་རྒྱལ་མཚན་མཆོག།།
ང་ཚོར་གྱེས་པའི་ཕངས་སེམས་རི་ལས་ལྕི།།
ས་ཡི་ཉི་ཟླ་ཟུང་གི་བཀའ་ཡི་ལུང་།།
གང་ཞིག་སྒྲུབ་ན་སྙིང་ལ་བཅངས་པའི་བུ།།
མི་ལོ་ལྔ་བཅུའི་མཛད་རྗེས་རི་མོ་ཡི།།
བྱུང་བ་གསེེར་གྱིས་བྲིས་ནས་གཏན་དུ་གྱེས།།
འགྲན་བྲལ་ཕོ་ཉ་བློ་གྲོས་རྒྱལ་མཚན་ཞེས།།
དཀར་ནག་རྒྱ་དང་བོད་ཡུལ་ཕྱི་ནང་ན།།
མིང་དུ་གྲགས་པའི་སྲིད་ཀྱི་དུང་དཀར་ཞིག།
རིང་དུ་གྲགས་ནས་་རིང་ནས་རིང་དུ་སོང་།།
གོང་དམངས་་གཉིས་ལ་སྲིད་ཀྱི་ཞབས་ཕྱི་བ།།
འདི་ཕྱི་གཉིས་ལ་དམ་ཚིག་གཙང་མ་ཅན།།
གཞིས་གྱེས་གཉིས་ཀྱིས་ཡིད་ལ་བྱེད་པའི་མི།།
དེ་རིང་ང་ཚོར་གཏན་ནས་གཏན་དུ་གྱེས།།
མིག་མཐར་མཆི་མ་མང་པའི་མི་ཡུལ་གྱི།།
སྡུག་མཐའ་དྭངས་རྒྱུ་མེད་པའི་ས་་མཐའ་ནས།།
མགྲིན་པ་བརྣངས་པའི་ཁྱོད་ཀྱི་གསུང་སྐད་ཀྱིས།།
མི་ཡི་མིག་ཆུ་ཐིགས་པ་ངང་གིས་འཐུང་།།
ཡ་མཚན་གཉིད་དུ་ཡུར་བའི་རྨི་ལམ་ཞིག།
གང་ཡིན་མ་ཤེས་གངས་རིའི་མགོན་པོར་ཞུས།།
ཁྱོད་ཀྱིས་བདག་གི་མཛད་པ་འཕྲིན་ལས་ལ།
རྒྱ་ཆེན་ཞབས་འདེགས་སྒྲུབ་པར་ལུང་གིས་བསྟན།།
མདོ་ཁམས་ཡུལ་གྱི་ས་ཁུལ་གྲགས་པ་ཅན།།
ཉང་རོང་མི་རྒན་རྒྱ་རི་ཉི་མ་ཡིས།།
རང་གི་བུ་ཕྲུག་གོང་སའི་ཞབས་ལ་གཏད།།
རྒྱ་རི་ཁྱིམ་ཆེན་ཆོལ་ཁ་གསུམ་དུ་གྲགས།།
ཤེས་འཇོན་ལྷག་བསམ་མི་ལ་མི་སྨོན་པ།།
སྐུ་ཚེ་གང་བོར་སྐུ་ལས་བསྐྱོན་ནས་བཞེངས།།
ཁྱིམ་ཚངའདི་ཡི་སྲིད་ཀྱི་ཀ་རིང་གིས།།
བོད་མིའི་སྒྲིག་འཛུགས་ཆ་ཤས་རྨང་ནས་བསྐྱོར།
རྒྱ་དཔོན་ལྐོག་ཟ་བྱས་ཏེ་ཕྱུག་པོར་གྱུར།།
རྒྱ་མོ་རོ་སྨད་བཙོངས་ཏེ་མི་ཚེ་སྐྱེལ།།
རྒྱ་རི་ཁང་བཟང་བཞེངས་ཏེ་ཞིང་ཁམས་བརྗེས།།
རྒྱ་ལོ་ཐུག་པ་བཙོངས་ཏེ་མི་ཚེ་སྐྱེལ།།
རྒྱ་དཔོན་འདོད་རྔམ་ཆེ་བས་ཡིན་ནོ་ལོ།།
རྒྱ་མོ་བྱ་ཐབས་རྡུགས་ཏེ་བྱེད་དོ་གྲག །
རྒྱ་རི་འཇོན་ཐང་ཆེ་བས་ཡིན་ནོ་ཟེར།།
རྒྱ་ལོ་སྤྱི་དོན་ཆེ་བས་ཡིན་ནོ་ལོ།།
དེ་དག་ཀུན་ལ་བསྟོད་སྨད་གཏམ་རེ་ཡོད།།
རིགས་པས་དཔྱོད་དང་རྣམ་དཔྱོད་ལྡན་པ་ཚོ།།
གང་བདེན་གང་རྫུན་ལམ་ཙམ་ཤེས་པར་གྱུར།།
ཇི་བཞིན་ཤེས་པར་ཐམས་ཅད་མཁྱེན་ལ་དགོས།།
ཤེས་ཀྱང་དྲང་པོར་སྨྲ་བའི་མི་རེ་དཀོན།།
སྨྲས་ཀྱང་ཡིད་ཆེས་བྱེད་མི་དེ་བས་དཀོན།།
དེ་ནི་དེ་ཡི་རྒྱུགས་ཁྱི་དེ་ཡི་ཕྱོགས།།
མི་བདེན་རྫུན་གྱིས་མགོ་སྐོར་ཡིན་ནོ་ཟེར།།