ཐེ་བོ་ཤེས་རབ་རྒྱ་མཚོ།
དྲ་ཚིགས་སྟེང་གི་ཁྱི་སྨྱོན་ལྟ་བུའི་མི་འདི་རིགས་ཀྱིས་བོད་ནང་གི་ཕུགས་བསམ་ཅན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཞབས་རྗེས་ཀྱི་རི་མོ་སྣོག་གིན་འདུག དེར་བརྟེན་ངས་འདི་ནས་ལག་ཟུང་ཐལ་མོ་སྦྱར་ཏེ་ཁྱེད་ཚོ་ལ་གསོལ་བ་དྲག་ཏུ་འདེབས་ཀྱིན་ཡོད། ཐུགས་རྗེ་གཟིགས། ཁྱེད་ཚོས་མྱི་སྐད་བཤད་མི་ཤེས་ཚེ་ཁ་ཁུ་སིམ་པོར་བཞུགས་རོགས། མ་གཞི་རྒད་པོས་སྐམ་བཤའ་ས་ནས་རྒན་མོས་བཙོ་འཕེན་ས་ཚུན་ལ་ཁ་ལག་བསྲིང་རྒྱུ་འདི་བཀྲུས་ན་མི་དག་པའི་འུ་ཚང་གི་མྱི་ངན་དེ་རིགས་ཀྱི་མྱི་གཤིས་དེ་ཡིན་པ་འདྲ།
ད་བར་བོད་ནང་གི་དཔའ་བོ་དཔའ་མོ་ཚོས་ཟུངས་ཁྲག་གི་ཐིགས་པ་རེ་རེས་མུ་འབྲེལ་རི་མོ་ལྟ་བུའི་བོད་ཁ་བ་ཅན་གྱི་གདུང་འབོད་རེ་རེ་བྲིས་དང་འབྲི་མུས་དག འདི་ན་ཁྱི་སྨྱོན་ལྟ་བུའི་མྱི་ངན་འགས་ནག་སུབ་གཏོང་གི་འདུག འདི་ན་སྣོག་གི་འདུག ད་ལྟ་དུས་བབ་སྟེང་གི་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཕུན་ཚོགས་ཀྱིས་རང་ལུས་མེ་སྲེག་བཏང་བའི་གསར་འགྱུར་དེའི་མཆན་ལ་གཅིག་ལྟོས་དང་། དོན་ངོ་མ་ཁྱེད་ཅག་གིས་མྱི་སྐད་བཤད་ཨེ་ཤེས། ཐ་ན་ཁྱེད་ཅག་གིས་གཅིན་སྐྱག་གཏོང་ཤེས་སམ།
མ་གཞི་ང་རང་ཉིད་ཀྱིས་ཀྱང་འདི་ན་ནོར་འཁྲུལ་ཞིག་གམ་གླེན་རྟགས་བླ་ན་མེད་པ་ཞིག་སྟོན་གྱི་འདུག ཁྱི་སྨྱོན་གྱིས་མྱི་སྐད་གོའམ། ཁྱི་སྨྱོན་གྱིས་མྱི་སྐད་བཤད་ཤེས་སམ། དམིགས་ཡུལ་དང་གཏན་འཁེལ་མེད་པའི་སྒོ་ནས་ཁྱི་སྨྱོན་གྱིས་སྲང་ལམ་དུ་མྱི་ཐུག་ཐུག་རིག་རིག་ལ་སོ་བརྒྱབ་ནས་གཅེས་སུ་འོས་པའི་ཚེ་སྲོག་རེ་རེ་ལ་མྱོ་ཧམ་ཆེན་པོས་རྒོལ་གྱིན་འདུག
ཏག་ཏག་ངས་ཁྱི་སྨྱོན་དེ་ཚོར་སྐད་ཆ་འདི་འདྲ་ཞིག་བཤད་འདོད་པའི་རྐྱེན་གྱིས་རང་ཉིད་ཀྱི་རུས་རྐང་གིས་བཞུས་པའི་ཐ་སྙད་རེ་རེ་ཤོག་ངོས་སུ་འབེབས་དུས། ངའི་སློབ་གྲོགས་ཤུལ་ལུང་རྡོ་རྗེས་ང་ལ་རང་གིས་གཅིག་ལྟོས་དང་། མྱི་འདི་ཚོས་ག་རེ་བཤད་རྒྱུའི་ཚོད་ལྟ་བྱེད་ཀྱི་འདུག་གམ། ཞེས་ལག་འཁྱེར་ཁ་པར་ནང་ནས་བསྟན་འཛིན་ཕུན་ཚོགས་ཀྱིས་རང་ལུས་མེ་སྲེག་བཏང་བའི་གསར་འགྱུར་དེའི་མཆན་བུ་དེ་ཚོ་ང་ལ་བསྟན་བྱུང་།
རེད་ཡ། ངས་ཀྱང་ད་ལྟ་འདི་ན་ཁྱི་སྨྱོན་དེ་ཚོར་བསྒྲགས་གཏམ་འདི་འབྲི་བཞིན་ཡོད། ཁྱེད་ཀྱིས་ལྟོས་དང་ཞེས་ངས་ཁོང་ལ་ངས་འབྲི་འགོ་བཙུགས་ཟིན་པའི་རྩོམ་ཡིག་འདི་བསྟན་པ་ཡིན།
ང་ཚོས་འདི་ནས་ཁོང་ཚོ་དགོན་པ་དང་ཆོལ་ཁ་གང་ནས་ཡིན་མིན་དང་། ཡང་ན་གྲྭ་པ་དང་གྲྭ་ཟུར་གང་ཡིན་བརྩད་ནས་འདུག་རྒྱུ་དེ་ཁོང་རང་ཚོས་རང་ལུས་སྲེག་བཏང་བའི་དམིགས་ཡུལ་མ་རེད། ཁོང་ཚོས་རང་ལུས་མེ་བསྲེགས་ནས་འཆི་བ་དང་ལེན་བྱེད་སྐབས་ཀྱི་ཆེས་མཐའ་མཇུག་གི་སྐད་ཆ་དེའི་ནང་དོན་ཅི་ཞིག་ཡིན་པ་ཁྱེད་ཅག་གིས་གོ་མྱོང་ངམ། ཁྱེད་ཅག་གིས་དེ་ལ་དོ་སྣང་བྱས་མྱོང་ངམ། ཁོང་ཚོས་ཞལ་ནས་ “རང་དབང་”“ དང་ “འགྲོ་བ་མིའི་ཐོབ་ཐང་”“ཆོས་ལུགས་དད་མོས་རང་དབང་” ད་དུང་ཡུལ་གྱར་དུ་སོང་ནས་མི་ལོ་ལྔ་བཅུ་ལྷག་ས་མཐར་དཀའ་སྡུག་གིས་འཚོ་བཞིན་པའི་བྱེས་འཁྱར་བ་དང་། དགྲ་བོའི་བཙན་གནོན་འོག་དཀའ་སྡུག་དྲག་པོ་མྱོང་བཞིན་པའི་གཞིས་སྡོད་པའི་ཕུ་ནུ་མིང་སྲིང་རྣམས་མཉམ་འཛོམས་ཡོང་དགོས་པའི་རེ་བ་བཏོན་ཡོད་པ་དེ་ཁྱེད་ཅག་གིས་གོ་མྱོང་ངམ། གོ་མྱོང་ན་བསམ་གཞིག་བྱས་མྱོང་ངམ།
མཚམས་འདིར་སླེབས་དུས་ང་ཁྱེད་ཚོ་ལ་ཁོ་ཆད་ཀི་འདུག ང་ཁྱི་སྨྱོན་ལྟ་བུའི་ཁྱེད་ཚོ་ལ་ཁོ་ཆད་ཀི་འདུག འུ་ཚོ་ལ་འདི་ལྟ་བུའི་ལོ་རྒྱུས་ཀྱི་གོད་ཆག་ཡ་ང་བ་ཞིག་ཕོག་པའི་རྒྱུ་རྐྱེན་ཡང་ངས་ཁྱེད་ཅག་གི་སྟེང་ནས་གསལ་པོ་རྙེད་ཡོང་གི་འདུག ཁྱེད་ཚོས་འདི་ལྟ་བུའི་སྐད་ཆ་བཤད་པ་དེ་རླབས་ཆེན་གྱི་དཔའ་བོ་དཔའ་མོ་དག་ལ་དམའ་ཕབ་པ་རེད། མཐོང་ཆུང་དང་ཁྱད་གསོད་བྱས་པ་རེད། མྱི་སྐད་བཤད་མ་ཤེས་མ་ཚེ་རེ་ཞིག་བག་ཡོད་པར་བྱོས།
ཁོང་ཚོ་འཇིག་རྟེན་འདི་ནས་གཟི་བརྗིད་དང་བཅས་ང་ཚོ་ལ་ཞལ་གྱེས་སྐབས། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཚོས་ནུས་ཤུགས་ཡོད་ཚད་དཔལ་འབྱོར་ཁོ་ནའི་སྟེང་ལ་འདོན་རྒྱུ་དེ་འགྲིག་གི་མེད་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལའང་དོ་སྣང་མང་ཙམ་བྱེད་དགོས་པ་དང་། སྐད་ཆ་མང་ཙམ་བཤད་དགོས་པ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་གཞི་ལ་བཞག་ནས་བཟོས་པའི་རང་རང་སོ་སོའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དེ་དག་གི་ནང་དོན་རྣམས་རྒྱ་ནག་དང་ཚོང་འབྲེལ་བྱེད་སྐབས་ལག་བསྟར་བྱེད་རྒྱུར་བསམ་གཞིག་བྱེད་དགོས་པའི་བསྒྲགས་གཏམ་གཟུགས་སུ་བཀོད་པ་ཞིིག་རེད།
ཁོང་ཚོས་ནུས་ཤུགས་ཡོད་ཚད་ཀྱིས་བཏོན་པའི་བསྒྲགས་གཏམ་དེ་དག་ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་སྤུན་ཟླ་ཚོས། འཛམ་གླིང་གི་མིག་ལམ་དུ་བཤམ་དགོས་པ་དང་། ཁོང་ཚོས་ཤེད་ཤུགས་ཡོད་ཚད་ཀྱིས་བཏོན་པའི་གདུང་འབོད་དེ་དག་ང་ཚོས་འཛམ་གླིང་མི་མང་དང་སྲིད་གཞུང་དག་གི་རྣ་ལམ་དུ་བསྐྱལ་དགོས་པ་རེད།
འོན་ཀྱང་། འདི་ན་ཁྱི་སྨྱོན་ཞིག་དང་འདྲ་བའི་དྲ་འབུ་འདི་ཚོས་འདི་ལྟར་དཔའ་བོའི་བྱས་རྗེས་ནག་སུབ་ཏུ་གཏོང་གི་འདུག དཔའ་བོའི་སྐད་སྒྲ་ཉམས་དམས་སུ་གཏོང་གི་འདུག
དོན་ངོ་མ་ཁྱེད་ཚོས་ཁ་གྲག་མི་ཤེས་ཚེ་སྐབས་འདི་འདྲ་ལ་ཁ་ཅི་ཡང་མ་གྲག་ཚེ་དེའི་ལྗིད་ཁོག་ནི་སྐུ་ཞབས་ཞོགས་དུང་གི་《གནམ་ས་གོ་འབྱེད།》ལས་ལྕི་ཞིང་། དེའི་ནུས་པ་ནི་སྐུ་ཞབས་ཨོ་བྷ་མའི་སྐད་ཆ་ལས་ཆེ་བ་རེད།
ཐེ་བོ་ཤེར་རྒྱམ་ལགས་ཀྱིས་བཤད་པར་ལྟར་ཁྱི་རྒན་འགའ་ཤས་ཀྱིས་བོད་མི་རིགས་དང་འགྲོ་བ་སྤྱིའི་གནས་སྟངས་ཡར་རྒྱས་ཡོང་བའི་ཆེད་དུ་རང་ཉིད་ཀྱི་ཡོད་ཚད་བློས་བཏང་བྱས་པའི་མཛད་རྗེས་དག་གང་ཐུབ་བསུབ་ཐབས་བྱེད་བཞིན་པ་འདི་ངོ་མ་ཡིད་སྐྱོ་དགོས་པ་རང་རེད།
ཡག་པོ་རེད།ཡིན་ནའང་།རང་དང་བསམ་བློ་མི་མཐུན་པ་ཚང་མ་སྡུག་ཅག་ལ་བརྩིས་ཏེ་ང་རྒྱལ་ཚད་མེད་མ་གནང་མ་གཏོགས།རང་དབང་ལུང་པའི་ནང་བསམ་བློ་ཅུང་གུ་ཡངས་མ་བྱས་ན་མཐའ་མ་སོ་སོ་ལ་སྲོག་རླུང་འཕར་ནས་ཤི་ཀི་རེད་ད།
ཐེ་བོ་ལགས་ཀྱིས་གསུངས་པ་བཞིན་རང་དབང་དང་རིག་གཞུང་ཆེད་ཚེ་སྲོག་གཏོང་ནུས་པའི་དཔའ་
བོ་དཔའ་མོ་ཚོའི་མཛད་རྗེས་བསུབ་མཁན་གྱི་ཁྱི་སྨྱོན་དག་གི་ཟུག་སྐད་ནི། ཤིན་ཏུ་མི་སྙན་པ་དང་
རབ་ཏུ་མི་འོས་ལ། དེ་བཞིན་གྲོང་པའི་གྲོང་ཁྱིའི་ཟུག་སྐད་གྲོང་མིའི་སྙན་དུ་རྒྱུ་ཐབས་མེད་པ་དེ་ཡང་
ཡོང་དཀའ་བ་ཞིག་རེད།
ཁ་བརྡ་ཚང་གི་རང་སྐྱོན་བསུབ་ཐུབ་ལ་སྤྱི་དོན་ལ་སྣང་མེད་བྱེད་པ་གང་ཡིན་ནམ། ཚག་ཤོག་གཞན་མང་པོ་ཡོད་པས་ཐུགས་མངའ་ཡོད་པ།
བདེན། བདེན། དེ་སང་ཁ་ཅིག་གིས་དྲང་པོ་ཡིན་མདོག་དང་། མངོན་ཐོན་ཡིན་མདོག་གིས་སྨྱོ་བཤད་བྱེད་མཁན་ཇེ་མང་རེད་འདུག
ཁྱི་༡༽རྒན་རྒྱ་བོ་བོད་པའི་སྒོ་ཁྱི་རེད།
སྨྱོན༢༽པ་མ་ཟེར་སྒོ་ཟོག་སྲོང་མཁན་རེད།
མ་༢༽མོ་ལུག་ཀུ་སྤྱང་ཀའི་ཁ་ནས་སྲོང་།
རེད་༣༽མིན་འབྲོག་པ་ང་ལ་དྲིས་ན་ཤེས།
མྱི་༤༽མགོ་གསོན་བཏོག་བྱེད་པའི་རྐུན་ཅག་ཚོས།
སྨྱོན་༥༽འདོད་འབྲོག་པའི་ནོར་ལུག་བཅིང་བའི་ཚེ།
རེད་༦༽མདའ་ཁྱི་རྒན་དེ་ཚོའི་ཟིག་སྐད་ཡིན།
ཨ་ཁུ་ཐེ་ཤེས་ལ་རྒྱབ་སྐྱོར་ཡོད། རྒྱ་ནག་གཞུང་གིས་དགོན་པ་དང་དམིགས་བསལ་གྲྭ་བ་དང་བཙུན་མ་ལ་དམ་དྲག་བྱེད་པའི་སྐབས་འདིར། ཏག་ཏག་བཙན་བྱོལ་ཁྲོད་ནས་དགོན་པ་དང་གྲྭ་བའི་སྐོར་གྱི་གསང་བ་ཕྱི་ལ་ཁྱབ་བསྒྲགས་བྱེད་པ་འདི་དག་གི་དམིགས་ཡུལ་ངེས་ཅན་ཡོད་པ་གདོན་མི་ཟ་ལ། གྲྭ་བ་ལ་ལྟ་སྟངས་སྡུག་པོ་ཡོད་པ་དག་གིས་བདེན་དོན་ཁ་ལ་ཁྱེར་ནས་དམར་བོའི་དམིགས་ཡུལ་འགྲུབ་པར་བྱེད་ཅིང་དགོན་པའི་ལམ་སྲོལ་རྨང་ནས་བཤིག་འདོད་པ་ཡིན་སྟབས། བོད་ལ་ཤ་ཚ་ཞིང་སེམས་ཤུགས་ཡོད་པ་དག་གིས་གཟབ་གཟབ་བྱེད་ན་དགའ་གི་རེད།
ཨ་ཁུ་ཐེ་བོ་ལགས།
བོད་ནང་གི་དཔའ་བོ་དང་དཔའ་མོ་ཚོས་མེ་ལྕེའི་ནང་གི་འབོད་སྒྲ་ཤུགས་ཆེ་ཤོས་དང་ཁྱབ་ཆེ་ཤོས་དེ་ད་དུང་ཡག་པོ་ཞིག་གོ་མེད་པ་འདྲ། རྣ་བའི་དབང་པོ་ཉམས་པ་མིན་ན་མགོ་གཏད་རིང་ལུགས་པར་ངོ་བསྲུང་མིན་ན་ཅི་རེད།
ཕྱི་སྨྱོན་ངོ་མ་ཐེ་བོ་ཟེར་ཉན་དེ་ཡིན་ས་རེད་བདག་པོ་དང་ནང་མི་ངོ་མ་ཤེས་ནས་ཚང་མ་ལ་སོ་བརྒྱབ། ཚང་མའི་སྟེང་དུ་ཕྱི་ཟུག་དང་ཕག་ཟུག་དེ་ཚོ་གོ་ཡ་མི་འདུག། མདོ་ལྟར་ན་ནང་འཁྲུག་བརྒྱབ་ཉན་མཆོག་ཏུ་གྱུར་པ་ཞིག་རེད་འདུག།
ཨ་རོགས་བློ་བཟང་ལགས་ཁྱེད་ཀྱིས་གསུངས་པ་ལ་བདེན་ཁ་སྤུ་ཙམ་ཡོད་སྲིད་ནའང་ཁྱེད་
ཀྱིས་ད་ལྟའི་གསུངས་ཚིག་དག་ཁྱི་སྨྱོན་པ་རེད་དམ་ཕྱི་སྨྱོན་པ་རེད། ཧཧཧཧཧཧཧཧཧཧཧ
རེབ་སྐྱིད་མཚོ་ལགས། ངེད་གོང་དག་ཞུ་ཡ་ཡིན་ཡིད་ནོར་ཤོར་འདུག།