གསལ་ལེ་རྒྱལ།
བདག་པོས་འོ་ཇ་དཀར་ཡོལ་གང་ལག་གཡོན་པས་སྐྱོར་ཞིང་ལག་གཡས་པས་ངའི་མགོ་ལ་བྱིལ་བྱིལ་བྱེད་བཞིན་མིག་གིས་ཐག་རིང་ཐག་རིང་ལ་བལྟས་ཏེ་དབུགས་རིང་ཞིག་འཐེན་པས་ངའི་སྙིང་གི་འཕར་ལྡིང་ཇེ་མགྱོགས་སུ་སོང་། ངའི་སེམས་ལ་རྐུན་མ་ཞིག་ཡོང་གིན་མེད་དམ་དྲན་སོང་། ངས་བདག་པོའི་གདོང་གི་ཉམས་འགྱུར་ལ་དོ་སྣང་བྱས། བདག་པོས་རྒྱང་རིང་ལ་ལྟ་བཞིན་འདུག་པས་ངས་ཀྱང་རྒྱང་རིང་ལ་བལྟས་བ་ཡིན། ནུབ་ཕྱོགས་ཀྱི་རི་རྩེ་དང་ཉི་མའི་བར་ཐག་ན་དཀྱུས་མཐོ་གང་ལས་མི་འདུག་ཅིང་། མཚམས་སྤྲིན་དམར་པོ་ཞིག་ཀྱང་རིམ་གྱིས་དམར་པོ་ནས་ནག་པོར་འགྱུར་བཞིན་པ་དེས་བདག་པོར་བྲེལ་བ་བསླངས། བདག་པོ་མྱུར་དུ་ཡར་ལངས་ནས་ལས་འཕྲོ་མང་བོ་ཞིག་གི་མཇུག་བསྡུས་རྗེས་ཡང་བསྐྱར་ངའི་གམ་དུ་བསྡད་དེ་ཇ་འཁྱག་འཐུང་འཕྲོ་དེ་འཐུང་བཞིན་ཐོད་པའི་ཐོག་གི་རྔུལ་ཆུ་དག་ལག་པའི་རྒྱབ་ཀྱིས་གཡས་ཕྱི་གཡོན་ཕྱི་བྱས། ངས་ལག་པ་གཉིས་ཀའི་བར་ལ་མཆུ་བཞག་ནས་བདག་པོར་བལྟས་ཏེ་རྔ་མ་གཡུག་བཞིན་བསྡད། ངའི་མིག་མཐའ་རུ་མིག་ཆུ་ཞིག་རང་ཤུགས་ཀྱིས་འཁྱིལ་ཡོང་གིན་འདུག ངའི་བདག་པོ་ངོ་མ་མྱི་བཟང་ཞིག་ཡིན།
བདག་པོར་ཐུགས་ཐག་བཅད་ཟིན་ཟེར། དེའི་དོན་ཅི་ཡིན་ངས་མི་ཤེས་ནའང་ཉིན་དེ་ནས་བཟུང་བདག་པོར་བདག་པོ་ཇེ་མང་དུ་གྱུར་ཞིང་བདག་པོས་བདག་པོའང་གསོ་དགོས་བར་ཁེལ། བདག་པོས་ནམ་རྒྱུན་ཐག་རིང་ཐག་རིང་ལ་བལྟས་ཏེ་སང་ཉིན་དང་གནངས་ཉིན་གླེང་གིན་འདུག ངས་སང་ཉིན་ཡོད་པ་མི་ཤེས་ལ་གནངས་ཉིན་ཡོད་པ་དེ་བས་ཀྱང་ག་ལ་ཤེས་ཏེ་བདག་པོའི་བདག་པོས་ཀྱང་མི་ཤེས། ནང་ཆུ་དང་གུང་ཆུ། དགོང་ཆུ་སོགས་གང་ནས་ཡོང་གིན་པའང་གསལ་བོར་མི་ཤེས་ལ་དེ་ལ་བསམ་བློ་བཏང་མྱོང་ཡང་མེད། ངས་མཐོང་ཐུབ་པ་ནི་བདག་པོའི་ལུས་སྟེང་ན་རྟག་ཏུ་བཞུར་བཞིན་པའི་རྔུལ་ཆུ་མཛད་མེད་དེ་ཡིན་མོད། དྲང་མོར་བཤད་ན་དེའང་གང་ནས་ཡོང་གིན་ཡོད་པ་ཤེས་ཀྱིན་མེད། བདག་པོའི་བདག་པོ་ཚོས་བཤད་པ་བདེན་ཚེ་དེ་ནི་སྒོར་མོ་རེད་ཟེར། གང་ལྟར་དེ་ནི་ང་ལ་མ་བབས་པའི་དོན་དག་ཅིག་ཡིན་ཞིང་དེའི་ཕྱོགས་ལ་ངས་བསམ་བློ་གཏོང་གིན་མེད།
ངའི་ལས་ཀ་ནི་རྐུན་མ་འགོག་རྒྱུ་དེ་ཡིན་ལ་ངའི་ཟ་མ་ནི་ལས་ཀ་དེའི་གླ་ཆ་ཡིན། ངས་རང་གི་ལས་ཀར་ཧུར་བརྩོན་བྱེད་ཀྱིན་ཡོད་པས་རང་གི་ཟ་མ་དེ་གླ་ཆ་ཡིན་པ་ལས་དཀོན་མཆོག་གིས་གནང་བར་མི་འདོད་ལ་བདག་པོས་དོན་མེད་དུ་གནང་བར་ཡང་བསམ་གྱིན་མེད། ངས་རང་གི་ལས་ཀ་དེ་ལྟོ་བབ་དང་བསྡུར་ན་ལས་ཀ་ཧ་ཅང་ཡང་མོ་ཞིག་ཡིན་པའི་བསམ་པ་བཟུང་ཡོད། ངས་བདག་པོའི་ཆོག་མཆན་མེད་པར་ཅ་ལག་ནང་ནས་ཕྱི་ལ་འཁྱེར་དུ་འཇུག་གིན་མེད། ཡིན་ནའང་མཚམས་མཚམས་ལ་བདག་པོས་རྐུན་མ་བརྒྱབས་འདུག་ཟེར། ངས་བདག་པོའི་ཆོག་མཆན་མེད་པར་ཕྱི་མི་སུའང་ནང་ལ་ཡོང་དུ་བཅུག་མ་མྱོང་བས་ངོ་མ་དོན་གོ་དཀའ་ཞིང་སེམས་མི་སྐྱིད་པ་ཞིག་རེད། ངས་རང་ཉིད་ཀྱི་གླ་ཆ་ལས་བདག་པོའི་ཅ་ལག་ཅི་ཡང་ལེན་མ་མྱོང་། བདག་པོའི་བདག་པོ་ཚོས་བདག་པོའི་ཅ་ལག་རྐུ་བ་ནི་དེ་བས་ཀྱང་མི་སྲིད་པས། རྐུན་མ་གཟུགས་མེད་ཅིག་ཡོད་པ་མིན་ནམ་བསམ་ནས་ང་ལ་སེམས་ཁུར་ལངས། བདག་པོས་ངས་སེམས་ཁུར་བྱེད་བཞིན་པ་མཐོང་ནས་ཁོང་གི་སེམས་མ་བདེ་བར་བདག་པོའི་བདག་པོ་ཚོ་བསྟན་ཏེ་རྐུན་མ། རྐུན་མ་ཞེས་ང་ལ་རྩེད་མོ་བརྩེས།
བདག་པོའི་བདག་པོ་ཚོའི་ལས་ཀ་ནི་རྩིག་པ་བརྩིག་རྒྱུ་དེ་ཡིན་ལ། ལས་ཀ་དེ་ནི་ཅོག་ཙེ་གྲུ་བཞི་མ་ཞིག་གི་སྟེང་ནས་ལྡེའུ་མང་པོ་རེ་རེ་བཞིན་བླངས་ནས་བརྩིག་དགོས་ཤིང་དེ་ནས་ཡང་བསྐྱར་གཏོར་ཏེ་ཡང་བསྐྱར་བརྩིག་དགོས་བས་དེ་ནི་ཧ་ཅང་དཀའ་ཁག་ཅན་གྱི་ལས་ཀ་ཞིག་ཡིན། མཚམས་ལན་རེར་ཁོ་ཚོར་ཟ་མ་ཟ་ཁོམ་ཡང་མེད། ཁོ་ཚོས་ཉིན་མཚན་གཉིས་ཀར་རྩིག་པ་བརྩིག་དགོས། མི་ལ་རས་བ་འབོད་པའི་བོད་ཀྱི་གནའ་མི་རྒད་པོ་ཞིག་རྩིག་པ་མང་པོ་བརྩིགས་ནས་སངས་རྒྱས་བ་རེད་ཟེར་ལ་ཁོ་ཚོའང་སངས་རྒྱ་བར་འདོད་པ་ཡིན་ལོས་ཆེ། དྲང་མོར་བཤད་ན་ཁོ་ཚོ་ཚང་མ་བདག་པོའི་བདག་པོ་ཡིན་པས། ཁོ་ཚོས་བདག་པོར་བདག་པོ་རྒྱག་དགོས་ནའང་ཁོ་ཚོས་རང་ཉིད་སངས་རྒྱ་འདོད་ཀྱིས་ལས་ཀར་ཧུར་བརྩོན་བྱེད་པ་ལས་བདག་པོར་བདག་པོ་རྒྱག་གི་མེད། ཡིན་ནའང་བདག་པོས་དེ་ལ་འཁང་ར་ཙམ་ཡང་མི་བྱེད་པར་རྟག་པར་རྒྱང་རིང་རྒྱང་རིང་ལ་བལྟས་ཏེ་བསམ་བློ་གཏོང་གིན་འདུག རྒྱང་རིང་རྒྱང་རིང་ན་བདག་པོར་བདག་པོ་གཞན་ཞིག་ཡོད་པའམ། ཡང་ན་རྒྱང་རིང་རྒྱང་རིང་ན་ཅི་ཞིག་འགུལ་གྱིན་པ་བདག་པོས་མཐོང་གིན་ཡོད་པ་འདྲ། གནམ་མཐའ་ན་སྤྲིན་པ་དམར་བོ་ཞིག་ནག་པོར་འགྱུར་བཞིན་པ་དེ་ངས་ཀྱང་མཐོང་སོང་མོད། བདག་པོའི་བདག་པོ་ཚོས་དེའང་ད་དུང་མཐོང་མེད། བདག་པོས་སེམས་ཁུར་བྱེད་སྟངས་ལ་བལྟས་ན་དེའང་མཐོང་དགོས་བ་ཞིག་ཡིན་པ་འདྲ།
ཁ་སང་བདག་པོས་རྒྱང་རིང་རྒྱང་རིང་ལ་བལྟས་ཏེ་བསམ་བློ་མང་བོ་མང་བོ་ཞིག་བཏང་མཐར་ལྡེ་མིག་མང་བོ་ཞིག་ཁོང་གི་བདག་པོ་ཚོར་སྤྲད་དེ་བདག་པོ་རྒྱོབས་ཟེར། ཡིན་ནའང་ད་ནིང་ཞོགས་པར་ལྡེ་མིག་དེ་དག་བདག་པོའི་སྒོ་འགྲམ་ལ་བཞག་འདུག བདག་པོས་ཡང་བསྐྱར་ལྡེ་མིག་དེ་དག་བདག་པོ་ཚོར་སྤྲད་སོང་བས་ང་རང་གད་མོ་ལངས། དེ་ནི་བདག་པོ་དང་བདག་པོའི་བདག་པོ་ཚོ་རྩེད་མོ་རྩེས་བཞིན་པ་ངས་མཐོང་བ་ཐོག་དང་པོ་ཡིན། ང་རང་སང་ཉིན་ཞོགས་པ་སྔ་མོར་ལངས་ནས་ལྟར་མོར་བལྟ་དགོས་ལ་ད་དུང་རྐུན་མ་ཡོང་གིན་ཡོད་མེད་ལའང་བལྟ་དགོས། སང་ཉིན་ཞོགས་པར་ཡང་བསྐྱར་ལྡེ་མིག་དེ་དག་བདག་པོའི་སྒོ་འགྲམ་ལ་འཇོག་ངེས་རེད།
སྒྲུང་སྙན་མོ་ཞིག་བྲིས་འདུག
ད་ཕལ་ཆེར་ལྡེ་མིག་དེར་བདག་པོ་རྒྱག་དགོས་འཁེལ་གི་རེད།
རོགས་པ། ཡག་པོ་བྲིས་འདུག་པས་དགའ་བསུ་ཡོད། གཤམ་དུ་གོང་གི་བརྗོད་དོན་དང་མ་འབྲེལ་བ་ཞིག་གླེང་
རྒྱུ་ཡིན། ཁྱོད་དང་ང་གཉིས་ཕན་ཚུན་ངོ་ཤེས་སམ་གྲོགས་པོ་ལོན་ཏྲོན་ནས་ཆགས་པ་ཡིན། ངེད་གཉིས་མཉམ་དུ་པར་ཞིག་བརྒྱབ་ཡོད་རྒྱུ་མཚན་ནི་ངེད་གཉིས་ཀིྱ་གྲོགས་པོ་ཚོས་ངེད་གཉིས་གཅིག་པ་གཅིག་རྐྱང་རེད་ཟེར་ནས་ཁོང་ཚོས་བཤད་ཀྱང་ད་དུང་ངས་དེའི་སྐོར་ཞིབ་ཕྲ་མ་ཤེས་ཐལ། འོན་ཀྱང་ང་ཚོས་དགོང་མོ་ཞིག་ལ་སྐད་ཡིག་དང་བོད་ཀྱི་རིག་གཞུང་གླེང་མོལ་བྱས་པ་ད་རུང་བརྗེད་མེད།
རྗེས་མར་ཡང་གདོང་དང་གདོང་གཏུག་ནས་སེམས་ནང་གི་སྐད་ཆ་རེར་བཤད་འདོད་ཧ་ཅང་ཆེ།
དོན་དམ་བདེན་པ་དྲང་པོའི་རྒྱབ་ཕྱོགས་ཡིན།།
ཀུན་རྫོབ་བདེན་པ་མི་མངོན་ཡུན་གྱིས་ལངས།།
འདི་རྟག་མི་རྟག་སྒྱུ་མའི་ཞིང་ན་གནས།།
ཡིན་ཡིན་མིན་མིན་འདྲ་འདི་བློ་ཡི་འགོང་།།
བདེན་བདེན་འདྲ་ཞིག་རིག་པའི་རྩེ་ནས་ཤར།།
ངེས་ངེས་འདྲ་ཞིག་དྭངས་བའི་སེམས་ལ་འཐུམ།།
མི་བརྟན་རྣམ་ཤེས་རྒོད་པོའི་ཐུར་མེད་བཞིན།།
ངེས་མེད་ཡུལ་ལ་འགྲིམ་འདི་ཅུང་ཙམ་ཁག།
ཁྱོད་ལ་འཁང་ར་མིན་ལ་བསྟོད་པ་མིན།།
ང་ལ་འདི་ནི་སྙན་ཞེས་བརྗོད་འདོད་བྱུང་།།
ལག་དང་ལས་ཀ་གང་ལ་ཕྱོགས་ན་ཡང་།།
ད་དུང་འདི་འདྲ་སྤེལ་མཚམས་མ་འཇོག་ལགས།།
ང་ཚོ་བོད་མི་ཚོས་༸་གོང་ས་མཆོག་གིས་འབྱུང་འགྱུར་བོད་མི་རིགས་ཀྱི་མདུན་ལམ་ཁོ་ནའི་ཆེད་ད་ལྟའི་གནས་བབ་འདིའི་སྐབས་ནས་འགོ་རྩོམ་དགོས་བ་གཟིགས་ནས་གོ་སྐབས་དང་འགན་དབང་གནང་བ་དེ་དང་ལེན་མི་བྱེད་པ་དེ་ནི་མི་རིགས་དང་རྒྱལ་ཁབ་ཀྱི་ལས་དོན་ཕྱོགས་ལ་ཁ་ཙམ་དང་ཕྱིའི་རྣམ་པ་ལས་མེད་པ་དེ་ནི་མ་རུང་བའི་གནས་ལས་གཞན་མ་མཆིས།