གཅན་ཚ་སྒྲོལ་མ་གཡང་སྐྱིད།(ཨ་རི།) རྟ་དབྱངས་ཀྱིས་འོས་སྦྱོར་བྱས།
དེ་རིང་རེས་གཟའ་ཉི་མ་སྟེ་བདུན་གཅིག་ལས་ངལ་གསོའི་ཉིན་མོ་ཁོ་ན་དེ་ཡིན། གནམ་གཤིས་ཁ་སང་དང་མི་འདྲ་བར་ནམ་མཁའ་གཡའ་དག་ཅིང་དཔྱིད་དཔལ་དང་འགྲོགས་པའི་ཡུལ་ཁམས་ལ་སྤྲོ་སྣང་གིས་ཁྱབ་ཅིང་། མིའི་རིགས་ཀྱི་སེམས་ཁམས་དེ་གནམ་གཤིས་དང་འབྲེལ་བ་ཡོད་པ་གསལ་བོ་རེད། ཁོ་མོའི་སེམས་ཁམས་ཀྱང་དེ་རིང་གི་གནམ་གཤིས་ཇི་བཞིན་རང་བཞིན་གྱིས་དགའ་བ་ཞིག་དང་སྤྲོ་བ་ཞིག་གིས་ཁེངས། ང་དང་ལོ་མང་མཉམ་དུ་བཤིབས་པའི་དགའ་རོགས་ལ་མཚོན་ན། གཟའ་ཉི་མའི་ལས་འགན་གཙོ་བོ་དེ་ཞོགས་པར་ཡར་ལངས་ཏེ་འཁྲུད་དགོས་པ་ཡོད་ཚད་འཁྲུད་ཆས་ཀྱི་ནང་དུ་གཡུགས་ཤིང་། དེ་ནས་ངེད་གཉིས་སྡོད་ཤག་ནས་རླངས་འཁོར་སྟེང་སྐར་མ་ཉི་ཤུ་ཙམ་ལས་འགྲོ་མི་དགོས་པའི་ཁོང་རང་གི་ཕ་མ་གཉིས་ལ་སྐོར་རྒྱག་ཞོར་དུ་ཁོང་གཉིས་ཀྱིས་གཉོར་སྐྱོང་བྱེད་བཞིན་པའི་ངེད་གཉིས་ཀྱི་ཁྱི་ཕྲུག་གཉིས་ཏེ་ཆེ་བའི་མིང་ལ་ཨཱ་ལི་སཱ་“Alisa “དང་ཆུང་བའི་མིང་ལ་ཝིན་སེན་”Vincent”འབོད་ཀྱི་ཡོད། ཆུ་ཚོད་གཅིག་ཙམ་གྱི་རིང་ལ་ཁོང་གི་ཕ་མ་གཉིས་དང་ཐག་ཉེ་སར་ཡོད་པའི་གླིང་ག་གཏོང་ས་ཞིག་ཡོད་པ་དེར་གོམ་པ་རྒྱག་ཏུ་ཁྲིད་རྒྱུ་དེ་ཡིན། ང་ལ་མཚོན་ན་ཤུལ་དུ་ཆུ་ཚོད་གཉིས་ཙམ་གྱི་རིང་ལ་ཁ་པར་ལག་ཏུ་བཟུང་ནས་གསར་འགྱུར་དང་སྐད་འཕྲིན་རེ་རྩེད་ཞོར་ལ་ཁོ་རང་ཕྱིར་ཡོང་རྒྱུར་སྒུག་ནས་སྡོད་རྒྱུ་དེ་ཡིན།
གཟའ་ཉི་མ་ཇི་ལྟར་སྐྱེལ་རྒྱུ་ནི་ཆུ་ཚོད་གཉིས་ཀྱི་རྗེས་ནས་ཁོང་ཕྱིར་ནང་དུ་ལོག་རྗེས་གནམ་གཤིས་ཀྱི་བཟང་ངན་དང་བསྟུན་ནས་ངེད་གཉིས་ཀྱིས་གྲོས་བྱེད་ཀྱིན་ཡོད། དེ་བས་དེ་རིང་ཡང་ཁོ་རང་ཡར་ལངས་ནས་གཟུགས་པོ་གཙང་མར་བཀྲུས་རྗེས་ནམ་རྒྱུར་ལྟར་འཁྲུད་དགོས་པ་ཚང་མ་འཁྲུད་ཆས་ཀྱི་ནང་དུ་གཡུགས་ཚར་རྗེས་གདོང་ལ་འཛུམ་གྱིས་ཁེངས་ནས། དེ་རིང་ང་ཅུང་ཟད་འགོར་སྲིད། ངས་ཁྱི་ཕྲུག་གཉིས་ལ་སྔོན་མ་དང་མི་འདྲ་བའི་ཟ་རྒྱུ་ཞིག་ཉོས་ནས་འགྲོ་དགོས། ཁེ་ཉིན་ང་ཕ་མ་གཉིས་ལ་སྐོར་རྒྱག་ཏུ་འགྲོ་དུས་ཁྱི་ཕྲུག་གཉིས་ཀྱི་མིག་ཆུ་བཞུར་ཤུལ་གྱི་བལ་སྤུ་དཀར་བོ་དེ་ཁ་མདོག་ཅུང་ནག་པོ་ཆགས་འདུག ཧ་ལམ་དེ་སྔོན་ཉོས་པའི་ཟ་མ་དེའི་ནང་དུ་ཚྭ་ཁུ་ཅུང་མང་སོང་བ་འདྲ་གལ་ཏེ་ཁྱེད་རང་ལྟོགས་ན་ཁྱེད་རང་གིས་ཁྱིམ་ནས་ཟ་མ་སྟབས་བདེ་ཞིག་འཐུངས་ནས་ང་ལ་སྒུག་སྡོད་དང་ང་ཕྱིར་སླེབས་ན་འུ་གཉིས་ཀྱིས་མཉམ་དུ་ཟ་མ་ཞིམ་པོ་ཞིག་ཟ་རུ་འགྲོ་ཟེར་ཞོར་ལ་ངའིི་འགྲམ་པའི་སྒང་ག་ལེར་འོ་ཞིག་བྱས་ཏེ་བརྩེ་བ་རུམ་གང་ཁྱེར་ནས་ཕ་མ་དང་ཁྱི་ཕྲུག་གཉིས་ཀྱི་རྩར་བུད་སོང། མ་གཞི་ཁྱི་ཕྲུག་དེ་གཉིས་ལོ་གསུམ་གྱི་ཡར་སྔོན་ནས་ངེད་གཉིས་ཀྱིས་གསོས་པ་ཞིག་ཡིན་མོད། ཐེངས་ཤིག་ང་ཕ་ཡུལ་དུ་ལོག་རྗེས་ཁོང་ལ་ཆམ་ནད་ལྗིད་མོ་ཞིག་ཕོག་པས་ཁྱི་ཕྲུག་གཉིས་རྒས་ཡོལ་ཕྱིན་པའི་ཁོང་གི་ཕ་མ་གཉིས་ཀྱི་སར་བཅོལ་འདུག ཟླ་གཉིས་ཙམ་གྱི་རྗེས་སུ་ང་ཕྱིར་ཨ་རིར་ལོག་དུས་ངེད་གཉིས་ཁོང་གི་ཕ་མ་གཉིས་ལ་འཚམས་འདྲི་བྱེད་དུ་འགྲོ་ཞོར་དང་ཁྱི་ཕྲུག་གཉིས་ཕྱིར་ལེན་དུ་སོང་བ་ཡིན། ཉིན་དེར་ཁོང་གི་ཕ་མ་གཉིས་དང་མཉམ་དུ་ཕྱོགས་ཡར་མར་གྱི་ཁ་བརྡ་མང་པོ་གློད་པས་ཉི་མ་ཕྱེད་ཀ་མཉམ་དུ་བསྐྱལ་བ་ཡིན། རྒན་རྒོན་གཉིས་ཀྱི་ཁ་བརྡ་མང་ཆེ་བ་ནི་ཁྱི་ཕྲུག་འདི་གཉིས་སྙིང་རྗེ་རབས་དང་མི་དང་གཅིག་པ་གཅིག་རྐྱང་ཡིན་ཚུལ། མིའི་རྣམ་འགྱུར་ཤེས་ཤིང་། ཁྱི་ཕྲུག་གཉིས་དང་མཉམ་དུ་ཉི་མ་ཅི་ལྟར་ཚར་འགྲོ་བའང་མི་ཤེས་ཚུལ་སོགས་བཤད་པའི་ཤུགས་ལས་གློ་བུར་དུ་ཁྱི་ཕྲུག་གཉིས་ཁྲིད་སོང་ན་རྒན་རྒོན་གཉིས་རེ་ཞིག་སེམས་སྟོང་བ་ལྟ་བུ་ཞིག་ཏུ་འགྱུར་འགྲོ་བ་གསལ་བོ་ཤོད་ཀྱིན་འདུག
དེ་འདྲའི་དབང་གིས་ངས་ཀྱང་ཁྲིད་ཀྱི་ཡིན་ཞེས་བཤད་མ་ཕོད་ཅིང་། ཁོས་ཀྱང་ང་ལ་ལྟ་ཙམ་ལྟ་ཙམ་བྱེད་པ་ཙམ་ལས་ཅང་བཤད་ཕོད་ཀྱི་མེད་པ་ཤེས་ཐུབ། ཁོང་གི་ཨ་མ་ལགས་ཀྱིས། ཁྱོད་གཉིས་ལ་ལས་བྲེལ་ཆེ་བས་ངེད་གཉིས་ནང་བཞིན་གཉོར་སྐྱོང་ཡག་པོ་བྱེད་ཐུབ་ཀྱི་མ་རེད། ཡང་གཅིག་བཤད་ན། ངེད་ལོ་ལོན་གཉིས་ཁྱི་ཕྲུག་འདི་གཉིས་ལ་ཧ་ཅང་ལོབས་ཚར་འདུག ཁྲིད་སོང་ན་སེམས་ཁོང་སྟོང་སང་ཆགས་རྒྱུ་རེད་ཟེར་ཞོར་ལ་མོ་རང་གི་པང་དུ་བཟུང་ཡོད་པའི་ཨཱ་ལི་སཱའི་” Alyssa”མགོ་ལ་བྱིལ་བྱིལ་ཞིག་བཏང་སོང་། ཨ་ཕས་ཀྱང་ཁོང་གི་ཟུར་གྱི་འབོག་གདན་སྟེང་ཉལ་ནས་ཡོད་པའི་ཝེན་སམ་”Wynsam”གྱི་མཆན་འོག་དང་ཕོ་བ་སོགས་འཕྲུག་ཞོར་ལ། འོ་ལེ་འོ་ལེ་ཞེས་ཁོང་གིས་རྒན་མོའི་སྐད་ཆ་ལ་མཐུན་འགྱུར་གནང་སྟེ། ཁྱེད་གཉིས་ཁོམ་དུས་ནམ་ཡིན་རུང་ངེད་གཉིས་ལ་སྐོར་རྒྱག་ཞོར་ལ་བལྟ་རུ་ཡོང་ན་གཅིག་པ་མ་རེད་དམ་ཟེར། ཁོས་ལམ་སེང་ད་ཅི་བྱ་ཞེས་པའི་མིག་བརྡ་ཞིག་ང་ལ་བསྟན་སོང་། ངས་ཀྱང་ཁྱེར་གྱི་ཡིན་ཟེར་ཕོད་མ་སོང་། དེ་ནས་བཟུང་ཁོང་གི་ཕ་མ་གཉིས་ཀྱིས་གཉོར་སྐྱོང་བྱས་ནས་ཡོད་པ་དེ་འདྲ་རེད། དྲང་མོར་བཤད་ན། ཨ་རིའི་ནང་དུ་ཁྱི་ཕྲུག་ལ་དགའ་མོས་བྱེད་མཁན་དང་གསོ་མཁན་ཧ་ཅང་མང་བོ་ཡོད་ཀྱང་དེ་དག་ལ་བདག་པོ་ཡག་པོ་ཞིག་རྒྱག་རྒྱུ་ནི་ལས་སླ་བོ་ཞིག་ག་ལ་ཡིན། ཟླ་གསུམ་རེའི་ནང་དུ་ངེས་པར་དུ་སྨན་ཁང་ལ་ཐེངས་རེ་ཁྲིད་དེ་བརྟག་དཔྱད་བྱེད་དགོས་ཀྱི་ཡོད་ལ། ལོ་གཅིག་གི་ནང་ལ་ཐེངས་གཉིས་རེར་ནད་འགོག་སྨན་ཁབ་རྒྱག་དགོས་པ་དང་། བདུན་ཕྲག་གཅིག་གི་ནང་དུ་ངེས་པར་དུ་གཟུགས་པོ་འཁྲུད་དགོས་པས། སོ་སོས་འཁྲུད་པའམ་ཆེད་ལས་རང་བཞིན་ཅན་གྱི་ཁྱི་འཁྲུད་སར་ཁྲིད་ནས་སྨན་ཁྲུས་བྱེད་པ་དང་སེན་མོ་གཏུབ་པ་སོགས་འཕྲོད་བསྟེན་དང་མཛེས་བཟོ་བྱེད་དགོས་པ་མ་ཟད། ཉི་མ་རེ་རེ་བཞིན་ལན་གཉིས་ཙམ་ལ་ཕྱི་ལོགས་སུ་ཁྲིད་ནས་གཅིན་སྐྱག་གཏོང་དུ་འཇུག་དགོས་པ་དང་། ཉིན་གཉིས་གསུམ་གྱི་བར་ནས་ཉུང་མཐར་ཡང་ཆུ་ཚོད་གཅིག་ཙམ་ལ་གོམ་པ་རྒྱག་ཏུ་ཁྲིད་དགོས་ཀྱི་ཡོད། དེ་མིན་ཁྱི་ཕྲུག་ཁང་བའི་ནང་ཉར་ཡུན་རིང་ཞིང་འགུལ་སྐྱོད་མང་བོ་མ་བྱས་པ་ཡིན་ན་ཉིན་ཁ་ཤས་ལ་ཁྱི་རྟུག་མི་གཏོང་བ་དང་། རྟུག་པ་མ་བཏང་བར་ཡུན་རིང་འགོར་ན་ཁོག་ཚ་བརྒྱབ་ནས་ཤི་འགྲོ་བའི་ཉེན་ཁ་ཆེ་རབས་ཀྱང་བཤད། དེ་མིན་གོམ་པ་རྒྱག་ཏུ་ཁྲིད་དུས་ངེས་པར་དུ་ཆུ་ཤོག་ཁུག་མ་ཁ་ཤས་ཤིག་བཟུང་ནས་འགྲོ་དགོས་ཀྱི་ཡོད། དེ་ནི་ཁྱི་ཕྲུག་གིས་ལམ་བར་དུ་ཁྱི་རྟུག་བཏང་བ་ཡིན་ན་ངེས་པར་དུ་ཁྲིད་མཁན་གྱིས་ཆུ་ཤོག་ནང་བཏུས་ནས་གད་སྙིགས་ནང་དུ་བླུགས་དགོས་པས་ཡིན། གང་ལྟར་མོ་ཁྱི་ཡིན་ན་ཟླ་བདུན་ནས་བརྒྱད་ཡིན་པའི་སྐབས་ལ་ཟླ་མཚན་ལྟ་བུ་ཞིག་འབབ་ཀྱི་ཡོད་ལ། དེ་གང་སར་འགོས་པར་བྱེད་པས་ནམ་རྒྱུན་ཕྲུ་གུ་ལས་ལྷག་པའི་ལྟ་རྟོག་དང་གཙང་སྦྲ་བྱེད་དགོས་ཀྱི་ཡོད། ཁང་བརྩེགས་ལ་ལའི་ནང་དུ་ཁང་བ་གླས་ནས་སྡོད་མཁན་དག་གིས་ཁྱི་ཉར་ཆོག་གི་མེད་ལ། ཉར་ཆོག་མཁན་གྱི་ཁང་བའི་ནང་དུའང་མཚམས་རེར་ཁྱི་ཡིས་སྐད་བརྒྱབ་ནས་ཁྱིམ་མཚེས་ལ་སུན་པོ་བཟོས་པ་ན་ཁྲིམས་ཐོག་ནས་ཁྱི་དེ་ཁྱི་གཉེར་ཁང་ལ་བཅོལ་དགོས་པ་སོགས་ཀྱི་དཀའ་ངལ་ཡང་འཕྲད་སྲིད། ཡིན་ན་ཡང་ཨ་རིའི་ནང་དུ་ཁྱི་ལ་དགའ་མཁན་དང་ཁྱི་གཉོར་མཁན་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད། དེས་མི་ཚད་ཁྱི་བདག་མེད་གཉོར་ཁང་དང་། ཁྱི་དབང་བོ་སྐྱོན་ཅན་གཉོར་ཁང་ཡང་མངའ་སྡེ་རེ་ན་ཁ་ཤས་རེ་ཡོད། མ་གཞི་ནས་ཁྱི་ཟེར་བ་འདི་ང་ཚོ་མི་དང་བསྡུར་ན། ཁྱི་ཆུང་བ་ཞིག་གི་ཚེ་ཚད་ལོ་བརྒྱད་ནས་བཅུ་དང་། ཁྱི་ཆེ་བའི་རིགས་ཡིན་ན་ལོ་བཅུ་གསུམ་ནས་བཅོ་བརྒྱད་བར་ཡིན་པས། ཆེས་རིང་ན་ཡང་ཁྱི་ཞིག་ལོ་ཉི་ཤུ་ལས་ལྷག་འཚོ་ཐུབ་ཀྱི་མེད་སྐད།
གང་ལྟར་ཁོང་སོང་ཤུལ་དུ་ང་རང་བསམ་གཞིགས་ཤིག་གི་ནང་དུ་ལྷུང་། དེ་ལ་བརྟེན་ནས་སེམས་པའང་སྐྱིད་པོ་མེད་པ་ལྟ་བུ་ཞིག་ཆགས་སོང་། རང་ཡུལ་གད་པ་ཡིན་རུང་སྐྱིད་ཟེར་བའི་ངག་རྒྱུན་ཞིག་འདུག་མོད། ངས་ནམ་རྒྱུན་ཕ་ཡུལ་གྱི་ཕྱོགས་སུ་ཕྱིར་དྲན་བྱེད་ཐེངས་རེར་ང་ལ་སེམས་པ་ཧ་ཅང་མི་སྐྱིད་པའི་ཚོར་སྣང་ཞིག་རང་དབང་མེད་པར་སྐྱེ་ཡོང་བཞིན་འདུག མཚམས་རེར་ཕ་ཡུལ་དུ་དོན་དག་ག་གེ་མོ་ཞིག་གི་ཆེད་དུའམ་ཡང་ན་རྒས་ནས་ཡོད་པའི་དྲིན་ཆེན་མ་ལོར་ཐུག་འཕྲད་དུ་འགྲོ་དགོས་ཤར་སྔོན་མ་ནང་བཞིན་སྐོམ་པ་ཆུ་འདོད་ལྟར་འགྲོ་བསམ་པའི་ཚོར་བ་དེ་གཏན་ནས་ཡལ་ཚར་འདུག གཅིག་བྱས་ན་ས་མཐའ་ནས་ཡུན་རིང་འགོར་བས་རང་ཉིད་ཀྱང་འགྱུར་ཡོད་སྲིད་མོད། ཕ་ཡུལ་འགྱུར་འདུག ཕ་ཡུལ་ངོ་མ་འགྱུར་འདུག སྔོན་མ་ངས་ས་མཐའ་ནས་ཡུན་རིང་དྲན་ཞིང་རྨི་ལམ་ནང་དུ་ཡང་ཡང་འཁོར་བའི་ཕ་ཡུལ་གྱི་ཡོད་ཚད་འགྱུར་འདུག ཐ་ན་ངས་ནམ་རྒྱུན་བྱམས་དང་སྙིང་རྗེ་ཅན་ཞིག་ལ་བརྩིས་ནས་ཡོད་པའི་མི་རྣམས་ཀྱང་འགྱུར་ཚར་འདུག འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་འཇིག་ནས་འགྲོ་བ་དང་འགྱུར་ནས་འགྲོ་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན་མོད། ཕ་ཡུལ་གྱི་ཕྱིའི་དངོས་པོ་ཡར་རྒྱས་སུ་འགྲོ་བ་དང་བསྟུན་ནས་མི་རྣམས་ཀྱི་ཀུན་སྤྱོད་དང་སེམས་གཤིས་ཡོད་ཚད་ལོ་རེ་ནས་ལོ་རེར་འགྱུར་འགྲོ་བཞིན་འདུག དེ་ནི་བཟང་ཕྱོགས་ཞིག་ལ་སྙོག་གིན་ཡོད་པ་དང་ངན་ཕྱོགས་ཞིག་ལ་སྙོག་གིན་ཡོད་པ་ནི་མི་རེ་རེའི་སེམས་སུ་ཧ་ཅང་གསལ་ངེས་རེད།
ཆུང་ས་ཞིག་ནས་གླེང་ན་ན་ནིང་ང་རང་ཕ་ཡུལ་དུ་སོང་སྐབས་ཀྱི་ཉིན་ཞིག་ལ། ཨ་ཅེ་ཆུང་བ་དང་མཉམ་དུ་རླངས་འཁོར་བསྐོར་ནས་རྫོང་ཐོག་ཏུ་ཉོ་བཅའ་རྒྱག་ཏུ་སོང་བ་ཡིན། ང་ཚོའི་གྲོང་སྡེ་ནས་རྫོང་ཐོག་བར་དུ་སྐར་མ་དྲུག་བདུན་ཙམ་ལས་འགྲོ་མི་དགོས་ཀྱང་སྡེ་བའི་ཉེ་འདབས་ནས་རྫོང་ཐོག་བར་དུ་ཁྱི་ལྡོམ་བདུན་བརྒྱད་རེ་མཉམ་དུ་སྐོར་དང་སྐོར་བྱས་ནས་འགྲོ་བ་ཁག་གཉིས་ཙམ་མཐོང་སོང་། རྫོང་ཐོག་གི་སྲང་ལམ་དུ་ཡང་དེ་འདྲའི་སྐོར་ཁ་ཤས་མཐོང་སོང་། བལྟས་ཚོད་ལ་ཁྱི་རྣམས་མི་ལ་ཞེད་སྣང་སྐྱེ་བཞིན་འདུག་ལ་མི་རྣམས་ཀྱང་དེ་བཞིན་ཁྱི་དེ་དག་ལ་ཞེད་སྣང་སྐྱེ་བཞིན་ཡོད་པ་ཁོ་ཐག་རེད།
ཁྱི་ལྡོམ་དེ་ཚོ་རང་ཉིད་ཀྱི་ལྟོ་བའི་ཆེད་དུ་ཡར་རྒྱུག་མར་འདུར་བྱེད་བཞིན་ཡོད་པ་ཁོ་ཐག་རེད། ཕོ་བ་ཁོག་ཏུ་རྡིབ་ནས་ལུས་ཀྱི་སྤུ་ཕྱེད་ཀ་ཟད་ཅིང་ཕྱེད་ཀ་ཕྱིང་བ་ཆགས་པའི་གསེང་ལ་ཚེར་མ་དང་གད་སྙིགས་མང་བོ་དྲུད་ནས་རླུང་འཚུབ་དང་འགྲོགས་ཏེ། མི་ལ་ལྟ་ཞོར་དང་གད་སྙིགས་བསྔོག་ཞོར་ལ་སྨྱོན་པ་ནང་བཞིན་ཡར་རྒྱུག་མར་རྒྱུག་བྱེད་བཞིན་པ་ལ་བལྟས་ན་ཁྱི་དེ་ཚོས་ལྟོགས་སྐོམ་གྱི་མ་བཟོད་ནས་ཡོད་པ་ཤེས་ཐུབ། ཡིན་ན་ཡང་ཁྱི་དེ་དག་ལ་ཟས་ཁམ་གང་སྟེར་མཁན་གྱི་བོད་མི་སྙིང་རྗེ་ལྡན་པ་ཞིག་མེད་པ་ཁོ་ཐག་རེད།
ངས་ཨ་ཅེ་ལ། ཁྱི་ལྡོམ་འདི་འདྲ་མང་བོ་གང་ནས་ཡོང་བ་རེད་དྲིས་དུས། ན་ནིང་དེ་བ་ཞིག་ལ་ཨ་ལགས་ཅིག་ཕེབས་ནས། ཁྱི་རྣམས་ཀྱི་སྐེ་ལ་ལྕགས་ཐག་བསྐོན་ནས་ཁྱིམ་ནང་དུ་བཏགས་བཞག་ན་སྡིག་པ་ཆེན་པོ་ཡོད་རབས་གསུངས་པས་གྲོང་སྡེ་དེ་ཚོའི་ཁྱིམ་ཚང་ཚང་མས་ཁྱི་རང་དགར་གློད་པ་རེད། བདག་མེད་དུ་གློད་ནས་ཁྱི་ལྡོམ་ཆགས་པ་རེད། ཉེ་ལམ་ཞིག་ལ་ཁྱི་ལྡོམ་ཞིག་གིས་སྡེ་བ་ག་གེ་མོ་ཞིག་གི་བུད་མེད་ཞིག་ལ་སོ་བརྒྱབ་འདུག་ཟེར། གནའ་ཤི་བོ། ཁ་ནང་དུ་དྲུག་ཅུ་བ་རྒྱག་རྒྱུའི་དེ་བླ་མ་དེ་སུ་རེད་དྲིས་དུས། མོས་དེ་འདྲ་བཤད་ཉན་ནི་མ་རེད། བླ་མ་བླ་ཆེན་ཟིག་ཡིན་ནི་རེད། སྐད་ཆ་འདི་བླ་ཆེན་ཞིག་གི་བཤད་སྲོལ་མ་རེད། མིའི་རིགས་ཀྱི་འཚོ་བའི་འགྲོ་ལུགས་ཅི་ཡང་མི་ཤེས་མཁན་དང་སྤྱི་ཚོགས་ལ་འགན་མི་འཁུར་མཁན་གླེན་ནག་ཅིག་གི་བཤད་སྲོལ་རེད། ཁྱི་ཁྱིམ་ཚང་དུ་ཉར་ན་མ་མཐར་ཡང་ཉིན་རེར་ལྟོ་ཐུན་རེ་རེག་གི་ཡོད་རེད་ལབ་པ་ཡིན།
མོས་ཡང་བསྐྱར། ཁ་སང་དེ་རིང་སྡེ་མི་རྣམས་ཁྱི་ལྡོམ་ལ་འཇིགས་ནས་མཚན་མོ་མི་གཅིག་རེ་གཉིས་རེ་བྱས་ནས་མ་གཏོགས་འགྲོ་ཐུབ་ཀྱི་མེད་པ་དང་། ཞོགས་པ་སྔ་པོ་བྱིས་པ་སློབ་གྲྭར་སྐྱེལ་མཁན་ཚོ་བྱིས་པ་དང་མཉམ་དུ་ཁྱི་ལ་སྐྲག་ནས་ཞེད་སྣང་ཆེན་པོ་ཡོད་སྐོར་བཤད་སོང་། ངས་ལན་ཅི་ཡང་མ་བཏབ་པར་རླངས་འཁོར་ཐད་ཀར་གོ་རེ་བཙོང་ས་ཞིག་ཡོད་པ་དེའི་མདུན་དུ་བཞག་ནས་ནང་དུ་གོ་རེ་ཉོ་རུ་སོང་བ་ཡིན། སྦྱིན་བདག་མ་བོད་མོ་དེར་གོ་རེ་ཉི་ཤུ་བཙོང་རོགས་ལབ་པ་ཡིན། ངའི་ཨ་ཅེ་གོ་རེ་དེ་འདྲ་མང་བོ་ཉོས་ནས་ག་རེ་བྱེད་དགོས་ཟེར། ངས་སྲང་ལམ་གྱི་ཁྱི་ལྡོམ་དེ་ཚོར་སྟེར་བསམ་པ་ཡིན་ཞེས་བཤད། ལག་ཏུ་ཕྲེང་བ་ཐོགས་ཡོད་པའི་སྦྱིན་བདག་མ་དེས་གོ་རེ་ལྔ་མ་གཏོགས་ལྷག་མེད། ཁྱི་ལྡོམ་དེ་ཚོ་ཉིན་དཀར་མྱི་ཡོད་སར་བཏུད་ཐུབ་ཀྱི་མ་རེད། དེ་ཚོར་སེམས་ཆུང་བྱོས་མ་གཏོགས་སོ་འདེབས་ཀྱི་ཟེར། ཀོང་ཨན་ཅི་”སྤྱི་བདེ་མི་སྣ”ཡོང་ནས་ཁྱི་ལྡོམ་འདི་ཚང་མ་གང་ཞིག་ལ་དྲུད་ནས་ཁང་བའམ་ར་སྐོར་ཞིག་ལ་བཅུག་འཇོག་པའམ། ཡང་མིན་ན་མར་རྒྱ་ནང་ཐུར་ལ་བརྫང་འཇོག་རྒྱུ་ན་རྒྱ་རྒན་ཚོས་ཁྱི་ཤ་ཟ་ནི་རེད་ཟེར་གི་མོད། དེ་མིན་བྱིས་པ་ཚོར་སོ་འདེབས་རྒྱུ་རེད་བསམ་སྟེ་སྐྲག་ནས་མི་བཟོད་ཀི་ཟེར། ང་ནི་རྦད་དེ་ཧང་སང་ནས་ལན་ཅི་ཞིག་འདེབས་དགོས་པའང་ཤེས་མ་སོང་། གོ་ཐོས་སུ་འབྲོག་པའི་ས་ཁུལ་མང་པོ་ཞིག་ཏུའང་ན་ནིང་དོ་ཚིགས་ཁྱི་ལྡོམ་ཇེ་མང་ནས་ཇེ་མང་རེད་འདུག དེ་ལ་ཡང་བཤད་ཚུལ་མང་པོ་འདུག འབྲོག་པ་ལ་ལས་རྩྭ་ས་ལྕགས་ར་བསྐོར་བ་ནས་བཟུང་སྒོ་ཁྱི་ལ་བདག་པོ་མ་བརྒྱབ་པ་དང་། ལ་ལས་རྩྭ་ས་རྣམས་བཙོང་ཚར་རྗེས་རྫོང་ཐོག་དང་ཁུལ་ཐོག་ཏུ་གནས་སྤོར་བྱས་ཏེ་སྒོ་ཁྱི་གཞུག་ནས་བདག་མེད་དུ་བསྐྱུར་བཞག་པ་འདྲ་བོ། ལ་ལས་དགུན་ཁ་སླེབས་དུས་ཕྱུགས་རྫི་གླས་པའམ་ཕྱུགས་ཟོག་གཞན་ལ་བཅོལ་ནས་ཁྱིམ་མི་གང་བོ་རྫོང་ཐོག་དང་ཡང་ན་ཁུལ་ཐོག་སོགས་ཀྱི་འགྲོན་ཁང་དུ་བསྡད་ནས་རྒྱས་ཟ་རྒྱས་འཐུང་ལ་རོལ་ནས་ཁྱི་རྒན་དག་གཞུག་ནས་བསྐྱུར་བཞག་པ་རེད་ཟེར། དེ་བས་འབྲོག་པའི་རྩྭ་ཐང་དུ་ཡང་མཚན་མོར་མི་གཅིག་ཡར་མར་དུ་ཁེར་འགྲོ་བྱེད་རྒྱུར་ཞེད་སྣང་སྐྱེས་བཞིན་ཡོད་པ་གོ་བྱུང་།
གང་ལྟར་འཇིག་རྟེན་སྟེང་རེ་བ་དང་ཧམ་སེམས་ཆེན་པོ་མེད་མཁན་ནི་ང་ཚོ་མི་མ་རེད་ཁྱི་རེད། ཁྱི་ཡི་ལྟོ་བ་རྒྱག་ན་འགྲིག་གི་ཡོད་པ་རེད། ཁྱི་ཡིན་ན་བདག་པོ་སུ་ཞིག་གིས་ཁོ་ལ་ལྟོ་ཐུན་གཅིག་ནས་གཉིས་ཙམ་སྤྲད་རྗེས་མི་དེ་དང་ནམ་ཡང་ཁ་འབྲལ་མི་སྲིད་ལ་ཁ་བྲལ་ནས་ལོ་ལྔ་དྲུག་འགོར་ཡང་རང་ཉིད་ལ་ཟས་ཐུན་གཅིག་སྤྲོད་མཁན་དེ་ངོས་ཟིན་གྱི་ཡོད་པ་རེད། དེང་སང་ཁྱི་ལྟ་བུའི་མྱི་ནི་ཧ་ཅང་དཀོན་པོ་ཡིན་པའི་རྒྱུ་མཚན་ཅི་ཡིན་ནམ། ནམ་རྒྱུན་ང་ཚོས་ཁ་ནས་ང་ཚོ་ནི་བྱམས་དང་སྙིང་རྗེ་ལྡན་པའི་མི་རིགས་ཤིག་ཡིན་ཟེར། རྐེ་ལ་ཕྲེང་བ་ཐོགས། ཁ་ནས་མ་ཎི་འདོན། བསང་བསུར་རེ་ཕུད་ན་ཡང་གྲོ་ནས་སྲན་གསུམ་སོགས་འབྲུ་རིགས་སྣ་ཚོགས་རི་རབ་ལྟ་བུ་སྐད་ཅིག་ལ་སྲེག་ཐུབ་ཀྱི་ཡོད། འོན་ཀྱང་དོན་ངོ་མའི་ཐོག་ང་ཚོས་རང་ཉིད་དང་ལོ་མང་མཉམ་དུ་བཤིབས་པའི་སྒོ་ཁྱི་བཟའ་མི་ལྟར་འདྲིས་པ་དག་ཀྱང་སྒོར་ཕུད་ནས་ལྟོགས་སྐོམ་གྱིས་མནར་དུ་བཅུག་ཡོད། ང་ཚོས་དོན་གྱིས་རེ་བ་ཆུང་ཆུང་དེ་ཙམ་ཡང་བསྐང་ཐུབ་ཀྱི་མེད། མི་ཁྱི་ལ་སྐྲག །ཁྱི་མྱི་ལ་སྐྲག་ནས་སྡོད་པ་ལས། ཁྱིམ་ཚང་རེ་རེས་ཁྱི་རེ་གསོས་བཞག་ན་མི་སོས་པ་ག་རེ་ཡོད། སྔོན་ཆད་མི་ལ་ཟ་འཐུང་འདང་ཙམ་ཡིན་པའི་སྐབས་ཀྱང་ཁྱིམ་ཚང་གཅིག་གིས་ཁྱི་གཉིས་ནས་གསུམ་རེ་སོས་ཀྱི་ཡོད་མོད། ཁྱི་ལ་མི་ནང་བཞིན་ཁ་ཟས་བཟང་ཤོས་དགོས་ཀྱི་ཡོད་མ་རེད། ཟ་འཕྲོ་འཐུང་འཕྲོ་བླུད་ཀྱང་ཁོས་རང་གི་བདག་པོ་དང་ཁྱིམ་དེ་ཡག་པོ་སྲུང་གི་རེད། ཕ་ཡུལ་འགྱུར་འདུག ཕ་ཡུལ་ངོ་མ་འགྱུར་འདུག ཕ་ཡུལ་གྱི་མི་རྣམས་ཀྱང་འགྱུར་འདུག
ང་ལོ་ན་ཆུང་དུས་ང་ཚོའི་སྡེ་བའི་ནང་དུ་མི་ཚང་རེ་ལ་ཧ་ལམ་འདོག་ཁྱི་གཉིས་རེ་མེད་མཁན་ཡོད་པ་མ་རེད། ཁྱི་གཅིག་སིལ་ར་སྲུང་མཁན་དང་ཁྱི་གཅིག་ཁྱིམ་ཚང་སྲུང་མཁན་ལྟ་བུ་རེད། སྐབས་དེར་ངེད་ཚང་ལ་ཁྱི་གསུམ་ཡོད། ངའི་ཨ་ཕ་ཁྱི་ལ་ཧ་ཅང་དགའ་བོ་ཡོད། ཁོང་གིས་ནམ་རྒྱུན་ནས། མི་ལུས་མན་ན་ཁྱི་ལུས་ཟེར་ནི་རེད། སངས་རྒྱས་ཡིན་ནའང་དག་པའི་སྐྱེ་བ་ལྔ་བརྒྱ་དང་མ་དག་པའི་སྐྱེ་བ་ལྔ་བརྒྱ་བླངས་པ་རེད་ཟེར་སྲོལ་ཡོད། ཁྱི་ལུས་མེད་ཅེས་བཤད་ཁག་པོ་ཡིན། ཁྱི་ལ་གཅེས་དགོས་པ་རེད། ཁ་གྲགས་མི་ཤེས་པ་མ་གཏོགས་མི་དང་གཅིག་པ་ཡིན་ནི་རེད་གསུང་གིན་ཡོད་ལ། དགུང་ཁར་ཨ་མས་ནུབ་ཚ་བསྐོལ་ནས་ཁོལ་མ་ཐག་ཨ་ཕ་ཡར་ལངས་ནས་ཐབ་ཀའི་རྩ་དེར་བཞག་ཡོད་པའི་ཁྱི་ལ་ལྟོ་ལྡུད་བྱེད་ཀྱི་ནང་དུ་ཐུག་པ་ཚ་བོ་ཁྱི་རྒན་གསུམ་པོར་འདང་བ་ཞིག་བླུགས་རྗེས། ཨ་མས་ང་ཚོ་རེ་རེ་བཞིན་ལ་ནུབ་ཚ་ཕོར་པ་རེ་རེ་ལག་ཏུ་འཇོག་གི་རེད། ང་ཚོས་ནུབ་ཚ་འཐུང་ཚར་མ་ཐག་ཕུ་བོ་དང་ངེད་གཉིས་ཀྱང་ཨ་ཕའི་རྗེས་ལ་འབྲངས་ནས་ཁྱི་རྒན་གསུམ་པོར་ལྟོ་ལྡུད་དུ་འགྲོ་བཞིན་ཡོད། ཨ་ཕས་ལྟོ་ལྡུད་ཞོར་ལ། སྙིང་རྗེ་ཁྱི་ངན་འདི་ཚོ་ལས་ངན་རེད། ལྟོགས་ན་ལྟོགས་ཀྱི་འདུག་ཟེར་མི་ཤེས། སྐོམ་ན་སྐོམ་གྱི་འདུག་ཟེར་མི་ཤེས་ཟེར་བ་སོགས་ད་དུང་ཡང་དྲན་གྱི་འདུག
སྔོན་ཆད་སྡེ་བའི་སྲང་ལམ་དུ་ཁྱི་རྒན་གང་སར་ཉལ་ནས་ཡོད་པ་མཐོང་རྒྱུ་ཡོད་ལ། ལྷག་པར་ཏུ་སྡེ་བའི་མ་ཎི་ཁང་གི་སྒོ་ཁ་ན་ཁྱི་ཧ་ལས་པ་མང་པོ་ཉི་མར་ལྡེས་ནས་གཡས་ལོག་གཡོན་ལོག་བྱས་ནས་ཡོད་པ་རེད། ང་ཚོ་རང་གི་སྡེ་བའི་ནང་གི་མི་མཐོང་ན་ཁྱི་རྒན་ཚོས་བལྟ་ཙམ་བྱས་ནས་རང་འཇགས་སུ་ཉལ་སྡོད་ཀྱི་རེད། ང་ཚོའི་སྡེ་མི་ཚོ་ཁྱི་ལ་དེ་འདྲའི་ཞེད་སྣང་སྐྱེས་པའི་ཚོར་སྣང་ཞིག་ཡེ་ནས་མེད། མཚམས་རེར་སྡེ་བའི་ནང་དུ་རྒྱ་མི་དངོས་ཆས་ཙག་ཙིག་འཚོང་མཁན་དེ་འདྲ་ཡོང་སྐབས། རང་ཁྱིམ་གྱི་ཁྱི་མིན་རུང་སྡེ་བའི་སྲང་ལམ་ནང་དང་། མ་ཎི་ཁང་གི་སྒོ་ཁར་ཡོད་པའི་ཁྱི་དེ་ཚོ་རྐུས་མི་ཡོང་ངམ་བསམ་ནས་སྡེ་མི་ཚོས་དོགས་ཟོན་བྱེད་སྲོལ་ཡོད། དེང་སང་ལག་ཏུ་ཕྲེང་བ་ཐོགས་མཁན་དང་། ཁ་ནས་མ་ཎི་བགྲང་མཁན་ཡིན་ནའང་ལྟོགས་སྐོམ་གྱིས་མནར་བའི་ཁྱི་ལྡོམ་དེ་ཚོ་སྡེབ་གཅིག་ལ་རྒྱ་ནང་དུ་དྲུད་དེ། རྒྱ་མི་ཚོའི་ཁ་ཟས་སུ་འགྱུར་རྒྱུའི་སྨོན་པ་བྱེད་མཁན་རེད་འདུག ངོ་མ་ཕ་ཡུལ་འགྱུར་འདུག ངས་དེ་ལྟར་བསམ་ཞིང་བསམ་ཞིང་སེམས་ནང་དུ་རང་བཞིན་གྱིས་མ་སྐྱིད་པ་ཞིག་ཡོང་བ་ཙམ་མིན་པར། དངངས་སྐྲག་ཞིག་ཀྱང་སྐྱེ་ཡོང་གིན་འདུག
མཇུག་མཐར་ངས་རང་གི་མི་ཚེའི་དངོས་མྱོང་དང་འབྲེལ་ཏེ་རེ་འདུན་གྱི་ཚིག་འགའ་རེ་བཏོན་ན་འདོད། ང་ཚོའི་སྤྱི་ཚོགས་སུ་ནང་བསྟན་ཆོས་ལུགས་དར་ཁྱབ་བྱུང་ནས་ལོ་ངོ་ཆིག་སྟོང་ཉིས་བརྒྱ་ལྷག་སོང་ཡོད་པ་དང་། དར་རྒུད་མ་ངེས་པའི་ནམ་ཟླ་རིང་མོ་དེ་དག་གི་ནང་དུ་ནང་ཆོས་གཙོ་བོར་གྱུར་པའི་བོད་ཀྱི་རིག་གནས་འདིས་དུས་རབས་རིམ་བྱུང་གི་བོད་རིགས་མི་དམངས་ཀྱི་བསམ་བློའི་རེ་འདུན་བསྐངས་པ་ཉུང་ཉུང་མིན། ལྷག་པར་དུ་བོད་ལ་སྤྲུལ་སྐུའི་ལམ་ལུགས་དར་ཁྱབ་བྱུང་བ་ནས་བླ་སྤྲུལ་ཚོས་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ལ་ཤུགས་རྐྱེན་ཐེབས་པ་ཆུང་ཆུང་ཞིག་མིན་ལ། བོད་མི་རིགས་ལ་ཁེ་ཕན་ཡོད་པའི་ལས་ཀ་རླབས་ཆེན་མང་དག་བརྩམས་པར་མ་ཟད། བོད་མི་རིགས་འདི་ལ་གསབ་ཏུ་མེད་པའི་གྱོང་གུན་ཡང་མང་བོ་བཏང་ཡོད་ཅིང་། བོད་བླ་སྤྲུལ་ལ་ཐིམ་པ་དང་བླ་སྤྲུལ་བོད་ལ་ཐིམ་པའི་ལོ་རྒྱུས་རིང་མོ་དེ་ནི་སུ་ཞིག་གིས་ཀྱང་ནག་གསུབ་གཏོང་མི་ཐུབ་པའི་ལེའུ་མངར་སྐྱུར་འདྲེས་མ་ཞིག་ཡིན།
འོན་ཀྱང་དུས་སྐབས་གསར་བ་འདིའི་ནང་དུ་བོད་ཀྱི་ཡུལ་ལུང་སོ་སོར་བླ་གྲྭ་སེར་མོ་བས་སྣེ་ཁྲིད་དེ་སྤྱི་ཚོགས་ཞབས་འདེགས་དང་བྱས་རྗེས་མང་བོ་བཞག་ཅིང་། གྲོང་གསེབ་དང་འབྲོག་ཁུལ་དུ་ཡིག་རྨོངས་སེལ་རོགས་དང་བསམ་བློའི་རོགས་འདེགས་མང་བོ་ཞིག་གནང་ཡོད་པའང་ང་ཚོས་ནམ་ཡང་བརྗེད་ཐབས་མེད་ལ། བོད་ཀྱི་ལྷ་ཆོས་དང་མི་ཆོས་མཉམ་འདྲེས་སུ་གྱུར་པའི་དགེ་སྐྱོན་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་ཡོད་པའང་དོན་དངོས་ཀྱི་ལོ་རྒྱུས་དུམ་བུ་ཞིག་ཡིན།
འདས་མ་ཐག་པའི་ལོ་ངོ་ཉི་ཤུའི་ནང་བོད་ཀྱི་ས་ཁུལ་ཁག་ཏུ་མི་དམངས་ལ་བསླབ་བྱ་རྒྱག་པའི་ལམ་སྲོལ་ཤུགས་ཆེན་དར་ནས་བླ་མ་སྤྲུལ་སྐུ་ཚོས་བོད་རིགས་མི་དམངས་ལ་ཆོས་ལུགས་ཀྱི་བསླབ་བྱ་རྒྱག་གི་ཡོད་པར་མ་ཟད། མཁན་པོ་དང་དགེ་བཤེས་ཚོས་ཀྱང་བོད་རིགས་མི་དམངས་ལ་བསླབ་བྱ་རྒྱག་གིན་ཡོད་ལ། རེབ་གོང་གཅེས་ལོ་སོགས་སྲང་ལམ་བཞི་མདོ་ན་གཞས་སྣ་སྐྱར་ལྡབ་ལེན་མཁན་དེ་ཚོས་ཀྱང་བོད་རིགས་མི་དམངས་ལ་བསླབ་བྱ་རྒྱག་གིན་ཡོད།
བསླབ་བྱ་རྒྱག་མཁན་དེ་དག་ཐམས་ཅད་ལས་སྤྱི་ཚོགས་ལ་སྒུལ་ཤུགས་ཆེ་ཤོས་ཐེབས་མཁན་ནི་བླ་མ་སྤྲུལ་སྐུ་དེ་ཚོ་རེད། ཁོང་ཚོས་ཆོས་ཕྱོགས་ཀྱི་བསླབ་བྱ་བརྒྱབ་པ་རྣམས་ཆོས་གཞུང་དང་མཐུན་གྱི་ཡོད་མེད་མང་ཚོགས་ཀྱིས་གསལ་བོར་ཤེས་མི་ཐུབ་ནའང་། ཁོང་ཚོའི་ནང་དུ་ཉུང་ཤས་ཤིག་གིས་མི་དམངས་ཀྱི་ཉིན་རེའི་འཚོ་གནས་ལ་བཀོད་ཁྱབ་བཏང་སྟེ། རང་གི་ལྷ་སྡེ་དང་མི་སྡེ་ཚོ་ལ་འདོད་མོས་མེད་བཞིན་དུ་དམར་ཟས་སྤང་དུ་འཇུག་པ་དང་། ཟོག་ལུག་ཚེ་ཐར་ལ་གཏོང་རྒྱུ་དང་། ཐ་ན་སྒོ་ཁའི་ཁྱི་རྣམས་ཀྱང་ཚོགས་གསོག་དང་དགེ་སྒྲུབ་ལ་རྩིས་ཏེ་བདག་མེད་དུ་གློད་གྲོལ་གཏོང་བ་སོགས་ཀྱི་བྱ་སྤྱོད་དེ་དག་ནི། ཁོང་རྣམ་པ་ཚོའི་བསམ་བློའི་ཀུན་སློང་ཡག་པོ་ཡིན་སྲིད་ནའང་མི་དམངས་ཀྱི་འཚོ་བ་ལ་ལྡོག་ཕྱོགས་ཀྱི་ནུས་པ་ཤུགས་ཆེན་ཐེབས་ཀྱིན་ཡོད་པ་སྟེ། དཔེར་ན། ཞིང་འབྲོག་མི་དམངས་ཀྱིས་བླ་མའི་བཀའ་གསུང་ལ་བརྩིས་ནས་འདོགས་ཁྱི་རི་རྒྱག་བྱེད་རྒྱུ་སླ་ཡང་། ཉི་མ་དེ་ནས་བཟུང་ཁྱི་ལྡོམ་དེ་དག་གིས་ཅི་ཞིག་ཟ་དགོས་པ་དང་གང་ཞིག་ཏུ་གནས་དགོས་མིན། དེ་བཞིན་སྤྱི་ཚོགས་ཀྱི་བདེ་འཇགས་འཕྲོད་བསྟེན་ལ་དགོངས་པ་མ་བཞེས་པ་དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན།
ཁྱིམ་པ་སྐྱ་བོ་ཞིག་གིས་དགོན་སྡེ་ཚོའི་འདོན་ཆ་འདོན་སྟངས་དང་སློབ་གཉེར་བྱེད་སྟངས། དེ་བཞིན་ཚོགས་ལ་འཚོགས་སྟངས་སོགས་འགྲིག་གི་ཡོད་མེད་ཀྱི་སྐད་ཆ་བཤད་ན་རྒྱུས་མེད་ཀྱི་རྒྱུས་གཏམ་ཡིན་པ་ཙམ་དུ་མ་ཟད་ཇུས་མེད་ཀྱི་ཇུས་གཏོགས་ཀྱང་ཆགས་རྒྱུ་ཡིན། དེ་བཞིན་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ཁྱིམ་ཚང་ཁག་གི་སྐྱིད་སྡུག་གང་ཡང་མི་ཤེས་པའི་བླ་མ་མཁན་པོ་ཚོས་ཁྱིམ་པ་སྐྱ་བོ་ཚོའི་མི་ཚེ་སྐྱེལ་སྟངས་ལ་རྒྱུས་མངའ་མེད་བཞིན་དུ་བཀོད་པ་འཇོག་གི་ཡོད་པ་དེ་ཡང་རྒྱུས་མེད་ཀྱི་རྒྱུས་གཏམ་དང་ཇུས་མེད་ཀྱི་ཇུས་གཏོགས་ཙམ་ཡིན་ན་ད་དུང་བཟོད་སྒོམ་བྱེད་ཐུབ་པ་ཞིག་ཡིན་མོད། ཁོང་ཚོའི་བསླབ་བྱ་དང་བཀོད་མངགས་ཀྱི་རྐྱེན་པས་བོད་ཀྱི་དད་ལྡན་མི་དམངས་ཀྱི་འཚོ་གནས་ལ་བརྡབ་གསིག་ཆེན་པོ་ཕོག་གིན་ཡོད་པ་དེ་ནི་ནམ་ཡང་བཟོད་སྒོམ་བྱེད་ཐབས་མེད་པ་ཞིག་ཡིན།།
རྩོམ་རབ་ཟིག་འདུག་ང་ཆུང་དུས་ལས་དབང་ཟིག་གིས་བྱ་བྱེའུ་གསོད་རྒྱུར་དགའ་མོད་ཁྱི་ལ་ལྟོ་སྟེར་རྒྱུ་འདི་ཧ་ཅང་གལ་ཆེན་དུ་བརྩི་གིན་ཡོད། ཁྱི་ལ་ལྟོ་དུས་ཐོག་ཏུ་སྟེར་རྒྱུ་དང་ལྷག་པར་དབྱར་ཁར་ཁྱི་ཉི་མ་ཚ་བོའི་ནང་བཏགས་ནས་ལྟོགས་སྐོམ་མྱོང་དུ་འཇུག་རྒྱུ་ཧ་ཅང་ཡ་ང་བ་ཟིག་རེད་བསམས་ནས་རང་གི་ཨ་མར་ལན་མང་པོར་ཁྱི་ལྟོ་སྤྲོད་རྒྱུའི་དྲན་སྐུལ་བྱེད་མྱོང་།
ཨ་ལགས་ལ་སྡིག་སར་ཨ་ལགས་ཚང་མགྱོགས་པོར་སླེབས་འདུག
ཁྱི་དང་མྱིའི་བར་ལ་འབྲེལ་བ་ཞིག་ཏན་ཏན་ཡོད་པ་འདྲ། བཤད་སྲོལ་ཞིག་ལ་མྱིས་མི་བཟའ་མནའ་དང་ཁྱིས་མི་བཟའ་ལྕགས། གཞན་ཁ་རྒྱུན་དུ་མི་ལུས་མ་བླང་སྔོན་ལ་ཁྱི་ལུས་ལེན་དགོས་ཟེར་བའང་ཡོད། གང་ལྟར་སྒྲོལ་མ་གཡང་སྐྱིད་ཀྱིས་བྲིས་པའི་རྩོམ་ནང་དུ་ཁྱི་མོར་ཟླ་མཚན་ཡོང་གི་འདུག་ཟེར། ངར་མཚོན་ན་དེ་ནི་ཤེས་བྱ་གསར་པ་ཞིག་གོ།
དག་དག་རེད་། བུ་མོ་འདིའི་སྐད་ཆར་ཉན་རྒྱུ་ཡོད་གི
བོད་ཀྱི་ཨ་ལགས་མ་ལགས་འདི་ཚོར་གཤེ་གཤེ་ཡག་ཐག་ཆོད་གཏོང་དགོས།
འདི་ཚོས་ཡང་ང་ཚོ་ནང་བཞིན་ཟ་རྒྱུ་འཐུང་རྒྱུ་མ་གཏོགས་གཞན་ཅང་མི་ཤེས།
འདི་ཚོ་བོད་པ་མཉམ་ཆུང་ཚོར་མགོ་སྐོར་སླུ་བྲིད་གཏོང་བར་མཁས་པོ་ཡོད་རེད།
སོ་སོ་འགྱུར་ཡོད་པ་ཤེས་རྒྱུའང་གལ་མི་ཆེའམ། བོད་མི་ཚོ་འགྱུར་བ་ནི་བཟང་གི་སྙམ། སྔོན་མ་ནང་བཞིན་བསྡད་ན་རྗེས་ལུས་ནས་རྗེས་ལུས་སུ་ལུས་རྒྱུ་རེད། ཨ་རི་བ་ལས་བོད་མི་མཆོག་ཏུ་གྱུར།
ང་ཚོ་བོད་པའི་སྲོལ་རྒྱུན་ལ། ཁྱི་ལ་སྣང་ཆུང་དང་བག་ཆགས་ངན་པ་ཞིག་འདུག དཔེར་ན། མི་འདི་ཁྱི་ལས་ལོད་ལྟ་བུ།
དོན་ངོ་མར། མིའི་ལོ་རྒྱུས་ཀྱི་ལོ་མང་གི་ཉམས་མྱོང་དང་། དངོས་ཡོད་འཚོ་བའི་ནང་ནས་ར་སྤྲོད་ཐུབ་པར་ཁྱི་ནི་མི་ལས་སྤྱོད་པ་ལྡབ་ཀྱིས་བཟང་བ་ཡོད་འདུག
དེར་བརྟེན། ནུབ་ཕྱོགས་པའི་བསམ་བློའི་ནང་ལ་ཁྱི་ནི་མིའི་གྲོགས་པོ་བཟང་ཤོས་ཤིག་གི་འདུ་ཤེས་བཅང་གི་འདུག་སྙམས།
དེང་སང་བརྙན་ཐུང་ཁག་ནས་མཐོང་བར་ངོ་མ་ཁྱིས་མི་ལ་གྲོགས་བཟང་ཤོས་གཅིག་གི་ཕན་པ་སྒྲུབ་པ་གསལ་པོ་འདུག
སྔོན་མ་རྒྱལ་བ་རིན་པོ་ཆེས། ང་དེང་སང་ཁྱི་མི་ཉར་བའི་དམ་བཅའ་བཞག་པ་ཡིན། སྔོན་མ་ཁྱི་གཅིག་ཡོད་པ་དེ་ཤི་རྗེས་ཁོ་དྲན་ནས་སྡུག་པོ་མང་པོ་མྱངས་པ་ཡིན་གསུངས་པ་ཐོས།
དེ་བཞིན་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་ཀ་བློན་སྦུག་ནས་ཨ་རིའི་བཟའ་ཚང་ཞིག་ལ་ཨ་སོབ་འགའ་ཤས་གནང་ནས་དེ་དག་གི་རྒྱུད་པ་སྤེལ་དགོས་པའི་མངགས་ཆ་གནང་འདུག
ཨ་རིའི་སྲིད་འཛིན་སྦུ་ཤི་དང་། ཨོ་སྦར་མ། ཀི་ལིན་ཊོན་སོགས་ཀྱིས་ཀྱང་ཕོ་བྲང་དཀར་པོའི་ནང་ལ་ཁྱི་ཞིག་ཉར་སྲོལ་འདུག
རྗེས་མ་ཤེས་པར། ཁོང་ཅག་ལ་སེམས་ནང་ལ་དཀའ་ངལ་འཕྲད་སྐབས། གྲོགས་བཟང་ཤོས་དེ་ཁྱི་ཡིན་པ་ར་སྤྲོད་བྱས་འདུག དེང་སང་ཨ་རིའི་ནང་ལ་རང་སྲོག་ལྕེབ་པར་ཉེན་ཁ་ཡོད་པ་མི་འདི་དག་ལ་ཁྱི་གསོ་དགོས་པའི་བསླབ་བྱ་བྱེད་བཞིན་འདུག རྒྱུ་མཚན་ནི་ཁྱི་ལ་སེམས་ཆགས་ནས་རང་སྲོག་དོར་མི་ཐུབ་པར་འགྱུར་གྱི་ཡོད་ཚོད།
སྔོན་མ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུག་ཞིག་ལ། བོད་རིག་པའི་མཁས་དབང་སྙན་གྲགས་ཅན་ཞིག་ཚོགས་འདུར་འབྱོར་རྗེས། ཉིན་གཉིས་པ་དེར་ཁོང་གི་ཕ་ཡུལ་ལ་ཕྱིར་ལོག་ཕེབས་སོང་། ང་ལ་གནམ་གྲུའི་པ་སེ་གསར་པ་ཉོ་རོགས་བྱེད་དགོས་པའི་བཀའ་གནང་། ངས་ཁོང་ལ་གནས་ཚུལ་ཛ་དྲག་ཅིག་བྱུང་བ་ཤེས་སོང་། ཕལ་ཆེར་ཁོང་གི་བཟའ་ཟླ་སྨན་ཁང་ལ་ཡོད་པ་ལྟ་བུའི་ཚོར་བ་བྱུང་སོང་། ཆུ་ཚོད་མང་པོ་སྨན་པར་ཁ་པར་ཐོག་བཀའ་མོལ་གནང་ནས། ང་ཕར་ལམ་སེང་ཡོང་གི་ཡིན་གསུངས་པ་ཐོས། རྗེས་མ་ཤེས་པར་ཁོང་གི་ཁྱི་ལ་ཚ་བའི་ནད་ཕོགས་ནས་ཉིན་ཤས་ཚ་བ་མ་ཞི་བར། ནད་གཞི་གཞན་ཡོང་བའི་རྟགས་བསྟན་སྟབས། ཁྱིའི་སྨན་པས་ཁོང་ལ་ཁ་པར་ནང་ལ་སྐད་ཆ་ཤོད་ཀྱི་ཡོད་པ་ཤེས་བྱུང་།
དོར་ན། ཁྱི་ཉར་མཁན་ཚོས་ཁྱིའི་རིན་ཐང་ཤེས་ཀྱི་ཡོད་ཚོད།
མདོར་ན། ཞེས་པར་བཅོས་རོགས།
རང་སྲོག་གཅོད་འདོད་བྱེད་མཁན་ལ་ཁྱི་ཞིག་ཉར་བར་བསླབ་བྱ་བརྒྱག་རྒྱུ་ལས་ཕྲུ་གུ་ཞིག་སྐྱེ་རྒྱུར་བསླབ་བྱ་བརྒྱབ་སྟེ་སྐྱེས་ཚེ་སེམས་དེ་ལ་ཆགས་ནས་རང་ཤི་བརྒྱག་རྒྱུ་མ་རེད། ཧ་ཧ་ཧ་་་་གང་ལྟར་་་ཕན་ཚུན་ལ་ཡིད་ཆེས་མེད་པ་ལ་བརྟེན་ནས། ནུབ་ཕྱོགས་པ་སོགས་མྱི་ལས་ཁྱི་ལ་དགའ་བཞིན་ཡོད་པ་གསལ་བོ་རེད། སྙིང་རྗེ་་་་
རྩོམ་རིག་ལ་རྩོམ་རིག་གི་ལྟ་སྟངས་ཐུན་མ་ཡིན་པའི་རིག་པ་སྤྱད་དེ་བལྟ་དགོས་པ་གལ་ཆེན་པོ་རེད།
བསམ་ཚུལ་གཙོ་བོ་མ་རེད་སྙམ།
དེ་འདྲ་ཞིག་རིག་ན། ང་ཡང་སེམས་སྐྱོ་ས་རེད།
ཁོང་ཚོ་ལ་ཡང་ཁག་མེད། གཙོ་བོ་ཆོས་ངོ་ཡག་པོ་མ་འཕྲོད་པས་རེད། རྒྱ་བླ་དང་རྒྱུ་བླ་ཚོའི་ཁ་ལ་ཉན་ཡ་ཞིག་མི་འདུག།
༧རྒྱལ་བ་བཀའ་དྲིན་ཅན་གྱི་གསུང་སྐད་འདི། ཨ་མདོ་བས་མི་གོ་བ་ནི་ཅི་འདྲའི་ལས་ཟད་ཞིག་རེད་དྲན་གི།
སྟོན་པ་བཀའ་དྲིན་གྱི་ཆོས་ཡང་དག་པ་དེ་ཁོང་༧གོང་ས་མཆོག་གཅིག་ཙམ་ལས་ཞུ་ས་མེད་པའི་སྡུག་བསྔལ་འདི་ལས་ཐར་ཚོད་ཞིག་ཡོད་ཚོད་མི་འདུག་པས། ད་དུང་མ་གྱུར་སེམས་ཅན་ཚང་མས་མྱང་དགོས་བ་ཐག་གིས་ཆོད།
“སྡུག་བསྔལ་ཅན་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་ཐར་བར་ཤོག།”