ཨེ་མ་ཧོ།
ཆོས་ས་དགེ་བཀའ་རྙིང་ཇོ་བོན་དུ་འབོད་ཀྱང་།།
དོན་ལམ་འབྲས་རིམ་པའི་གདམས་རྒྱ་ཡི་སྙིང་ཐིག།
གཞི་རིས་མེད་གཅིག་ལ་ཐ་དད་དུ་སྣང་ཡང་།།
གནད་གཞི་ལམ་འབྲས་བུའི་སྨིན་གྲོལ་ཉིད་གཅིག་གོ།
རྗེ་གོང་མ་ཙོང་ཁ་སྒྲུབ་བརྒྱུད་ཀྱི་བདག་པོ།།
དཔལ་མཁན་སློབ་ཆོས་རྒྱལ་མཁས་གྲུབ་གྱི་རྒྱལ་པོ།།
བོན་ཞྭ་དཀར་བདག་པོའི་བཀའ་གཏེར་ལ་གཟིགས་དང་།།
བཀའ་མདོ་རྒྱུད་ཚང་མ་བགྲོད་གཅིག་གི་ལམ་བཟང་།།
སྒོར་ས་ཡ་བྱེ་བའི་འབུལ་བ་དང་མཆོད་སྤྲིན།།
སྨན་མཛེས་མ་སྟོང་ཕྲག་དངོས་འབྱོར་དུ་མཆིས་ན།།
མི་ང་ལ་མི་དགོས་གངས་ཅན་ལ་ཕུལ་དང་།།
མཁོ་སྣུན་ཟད་མར་མེའི་མར་ཁུ་བཞིན་མིན་ནམ།།
རྗེ་ཀུན་མཁྱེན་བླ་མ་མངོན་སུམ་དུ་བཞུགས་ཡོད།།
ཕ་བློ་བཟང་གྲགས་པ་ཆོས་རྒྱལ་དུ་ཕེབས་ཡོད།།
མགོན་ས་སྐྱ་གོང་མའི་བསྟན་སྲིད་ལ་གཟིགས་དང་།།
བློ་རྣམ་དཔྱོད་ལྡན་ན་དད་གུས་ཀྱི་ཞིང་ཁམས།།
ལམ་བཀའ་གདམས་གཙང་མའི་མདོ་སྔགས་ཀྱི་ལམ་རིམ།།
ལམ་འབྲས་བའི་སྤྱོད་པའི་ས་ལམ་གྱི་ཆོས་རྒྱུད།།
ལམ་ཚེ་གཅིག་གྲོལ་བའི་རྫོགས་ཆེན་གྱི་བརྒྱུད་པའི།།
ལམ་ཀུན་བཟང་སྤྱོད་ཀུན་དར་རྒྱས་སྨོན་ནོ།།
ཞེས་པ་འདི་ཡང་ཁྱི་ནག་་གི་ལགས་ཀྱིས་མཆན་བཏབ་པ།:
November 30th, 2014 at 10:34 AM
ཨེ་མ་ཧོ་འདི་སྙན་ངག་ཚོར་པོ་ཞིག་འབྲི་ཤེས། དེ་ལ་ཡིད་སྨོན་ཤོར། ཆོས་ས་དགེ་བཀའ་སྙིང་ཇོ་བོན་རིས་མེད་ཀྱི་དགོངས་པས། ཆོས་ལུགས་སོ་སོའི་བླ་མ་རྣམས་ལ་བསྟོད་པ་ཟབ་མོ་རེ་འབྲི་བའི་རེ་སྐུལ་དང་སྐྱབས་བརྟེན་ལ། ཨ་སྒོར་སྒྲོ་ལར་ས་ཡ་དྲུག་དང་མཛེས་པ་ཉི་སྟོང་ལྔ་བརྒྱ་འབུལ་བ་ལགས།ལྷག་པར་དུ་འཇམ་མགོན་བླ་མ་གསུམ་དུ་གྲགས་པའི་ཀློང་པན་རྗེ་གསུམ་གྱི་བསྟོད་པ་ཞིག་ཅི་ནས་མཛོད་ཅིག ཅེས་པའི་ལན་དུ་གང་དྲན་དུ་མི་ལ་ཁྱི་མིང་བཏགས་ཀྱང་དོན་ལ་རྣམ་དཔྱོད་ཀྱི་ན་མི་ཕྲ་བའི་དྲ་གྲོགས་དེ་ལ་ཨེ་མ་ཧོས་ཐོལ་བྱུང་དུ་ཕུལ་བར་དགེའོ།། །།
ཨེ་མ་ཧོ་ལ་མངོན་པར་བསྟོད། དེང་སང་རིས་མེད་སྨྲ་མཁན་མང་ཡང་དོན་ངོ་མའི་སྟེང་ལ་སླེབ་དུས་རིས་མེད་དཀོན་པོ་འདུག་ག་་་་་་་་།
ཨེ་ཙིའི་ནད་བཞིན་འབྲེལ་ཚད་ལོག་ལམ་འཁྲིད།།
མ་རིག་གཏི་མུག་ཐོལ་སྤྱོད་ཐ་ཤལ་བ།།
ཧོམ་ཁུང་གྲུ་གསུམ་འབར་བའི་ནང་བཀུག་ནས།།
ནམ་ཡང་ལྡང་མེད་རྣམ་ཤེས་ས་མ་ཡ།།
སྨྲ་བའི་དབང་པོ་ཨེ་མ་ཧོ།
དོན་དམ་སྨྲ་བའི་དབང་པོ་མཆོག
དྲིན་གཟོའི་བསམ་པ་བཅངས་བཞིན་དུ།
ཐུགས་རྗེ་ལེགས་འབུལ་གྲངས་མེད་ཞུ།
མི་གྲལ་ཀུན་ནས་འཁྱུར་ཟིན་པའི།
ཁྱི་ནག་ང་ཡི་རེ་འདུན་བཞིན།
ཆོས་དང་དམ་པའི་ཡོན་ཏན་ལ།
སྨྲ་བའི་སྤོབས་པ་ཁྱེད་ལས་སུ།
འདམ་ལས་སྐྱེས་པའི་པད་མ་བཞིན།
ཁ་བརྡའི་དུག་གསུམ་རྫབ་དོང་ལས།
ལེགས་དྲངས་ཀུན་ཕན་སྨན་མཆོག་དེས།
དོལ་རྒྱལ་ནད་ཀྱི་གཉེན་པོར་གསོལ།
ཨེ་མ་ཧོ་ཁྱེད་ནི་མཁས་པ།
ཨེ་མ་ཧོ་ཁྱེད་ནི་རྣལ་འབྱོར།
ཨེ་མ་ཧོ་རིགས་འཛིན་ཆེན་པོ།
གདོན་འདྲེའི་འཁོར་རྣམས་སྒྲོལ་དུ་གསོལ།
ཅེས་རིགས་འཛིན་ཆེན་པོ་ཨེ་མ་ཧོ་ལ་གསོལ་འདེབས་དྲག་པོ་སྔོན་དུ་དྲངས་ནས། སྔོན་བྱོན་རིགས་འཛིན་དུ་མའི་བྱིན་རླབས་དང་། ཡི་དམ་མཁའ་འགྲོའི་དངོས་གྲུབ། པཎ་ཊི་ཏ་གྲུབ་ཐོབ་རྣམས་ཀྱི་བྱིན་རླབས་དྲོན་པོར་བཞུགས་པའི་མཐུ་ལས། གདོན་འདྲེ་ལྷ་ལ་འཁྲུལ་བའི་རྨོངས་པའི་དོལ་རྒྱལ་འབངས་རྣམས་ཀྱི་ལོག་རྟོགས་མ་རིག་མ་ལུས་སེལ་བའི་རིག་པའི་གཏོར་མ་དྲག་པོ་ཞིག་མགྱོགས་ནས་མྱུར་དུ་ཐོངས་བར་མཛོད། སྐྱབས་རྟེན་ལ། མཁའ་ལ་འགྱུ་བའི་དྲག་ལས་གནམ་གྲུ་སྟོང་གཅིག ས་ལ་འགྱུ་བའི་དྲག་པོའི་རྩལ་རྫོགས་དམག་མི་ས་ཡ་བརྒྱ། མཚོ་ལ་འགྱུ་བའི་དམག་གྲུ་གོ་ལག་ཆ་ཚང་བརྒྱན་པ་སྟོང་གཅིག་བཅས་ཕུལ་བ་ལགས།
༸གོང་ས་མཆོག་གིས་ཀྱང་།
་་་་་་་ ངོས་ནས་རྙིང་མ་དང་བཀའ་བརྒྱུད། ས་སྐྱ་བཅས་ཉམས་ལེན་བྱེད་ཀྱིན་ཡོད། དེ་དག་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས།
ལྷན་ཅིག་སྐྱེས་སྦྱོར་གའུ་མ། །
ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །
ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང༌། །
དབུ་མའི་ལྟ་ཁྲིད་ལ་སོགས་པ། །
སོ་སོར་མིང་འདོགས་མང་ན་ཡང༌། །
ངེས་དོན་ལུང་རིགས་ལ་མཁས་ཤིང༌། །
ཉམས་མྱོང་ཅན་གྱི་རྣལ་འབྱོར་བས། །
དཔྱད་ན་དགོངས་པ་གཅིག་ཏུ་འབབས། །ཞེས་གསུངས་པ་ལྟར་བསམ་བློ་ཡག་པོ་བཏང་བ་ཡིན་ན། གནད་འགག་འབབ་ས་གཅིག་ཏུ་ཡོད། དེར་བརྟེན་བསྟན་པ་ཐམས་ཅད་གྲུ་བཞི་ལམ་དུ་འཁྱེར་ཤེས་པ་ཟེར་བའི་དགོངས་པ་སྒྲུབ་ཀྱི་ཡོད་བསམ་བཞིན་ཡོད། ་་་་་་ དུས་བབ་ལས།