རྔ་བ་ཀུན་བཟང་།
འཇིག་རྟེན་ནི་མེ་ཏོག་ལྟར་མཛེས་ཤིང་ཡི་གར་འོང་བའི་ཁ་དོག་སྣ་ལྔས་སྤུད་པའི་ལང་ཚོའི་རྨི་ལམ་ཞིག་ཡིན་ལ། བྱིས་པ་ནི་འཇིག་རྟེན་འདིའི་ཁ་བའི་འདབ་མ་བཞིན་ནམ་ཡང་ཞི་འཇམ་དང་བདེ་སྐྱིད་བསྐྲུན་མཁན་གྱི་ཁྱིམ་གཞིའི་ནོར་བུ་ཁོའོ། བྱིས་པའི་ངུ་སྐད་ཐོས་པ་ནས་བཟུང་ཁྱིམ་ཚང་འདི། མེ་ཏོག་པད་མའི་འདབ་ལོ་རྒྱས་པའི་མཛེས་པའི་ཁ་དོག་ཅིག་ཏུ་གྱུར་མེད་ན། དུས་གང་ཙམ་ནས་བཟུང་། ཕ་མའི་སྙོམས་དུང་དུང་གི་རྣམ་ཤེས་གསོན་པོ་དེ། ས་གང་ཞིག་ལ་རླུང་ནག་འཚུབ་མར་ཞིག་གིས་འཁྱེར་ཡོད་དམ ། མ་གཞི། འཇིག་རྟེན་འདིར་བཞོ་དབྱངས་ལས་སྙན་པའི་རང་བཞིན་ཞིག་ཡོད་ཀྱང་། ཁྱེད་ཅག་ལ་མཁོ་བའི་དབྱངས་སྒྲ་ཡོད་ཚད་སྔར་འཇའ་ཚོན་བཞིན་སྟོང་ཁམས་འདི་ནས་ཡལ་སོང་དེ་ཤེས་དགོས།
གནམ་འོག་འདི་ན་བྱིས་པ་དང་བྱིས་པ་ལས་གཞན་པའི་གཅེས་ནོར་ཞིག་ཡོད་ན། ང་ཚོ་ཚང་མ་དགུན་གསུམ་གྱི་ཁ་བ་བཞིན་ལྷུབ་ལྷུབ་དུ་ས་ལ་བབས་ཀྱང་སྒྲ་ཅི་ཡང་མེད་པར་ཚ་གདུང་ཁྲོད་ནས་བཞུར་འགྲོ་བ་དང་མཚུངས་པ་ཞིག་མ་ཡིན་ནམ། གང་ལ་ཟེར་ན། རེ་འགའ་གཟར་ཞིང་རེ་འགའ་ཡངས་བའི་མི་ཚེ་འདི། ཕ་མ་དང་བྱིས་པ་ལས་གྲུབ་པའི་ཁང་ཆུང་གྲུབ་བཞི་དེ་ཡིན་ལ། སེམས་པ་དང་སེམས་པ་འདྲེས་པའི་དཀའ་སྐྱོ་དང་བདེ་སྡུག་གི་གཏམ་རྒྱུད་དེ་ཡིན ། ངེད་ཅག་འཚོ་ཞིང་གནས་པའི་ཡུལ་འདི་ནི་མེ་ཏོག་ལ་ཉི་འོད་སྤྲོད་ཞིང་ཕ་འཛོམ་མ་འཛོམ་གྱི་དགོད་སྒྲའི་ཁེངས་བས། ང་དེ་ལྟར་འཁྱར་འཁྱོར་ངང་སྟོབས་ཤུགས་རྒུད་པ་ལས། ནམ་ཡང་སྲིག་ཅིང་མེད་པའི་བེམ་པོ་ཞིག་ལ་འགྱུར་ནས་། ནོར་ནག་གི་རྭ་བ་ནས་འཕྱུར་བའི་གངས་འདབ་གྱི་མེ་ཏོག་ཅིག་ཡིན་ན་འདོད།
དྲང་མོ་བཤད་ན། ལོ་དུ་མའི་ཡ་སྔོན་དུ་རྫ་རི་ལུང་གསུམ་བརྒྱུད་པའི་འཚོ་བ་དེ། ཉིན་རེེར་གདངས་དབྱངས་གསར་བ་བརྗེ་ནས་འགྲོ་དོན་ཅི། ཉེ་འཁོར་ཀྱི་འབའ་འབུ་དང་རྩི་ཤིང་ལོ་མ་ཡོད་ཚད། ཉི་མ་ནུབ་པའི་ཕྱོགས་སུ་བལྟས་ཏེ། ཆེས་སྐྲག་སྣང་དང་འཇིགས་སྣང་ཡོད་དོན་ཅི་ཡིན་ནམ། ཡང་ན་ཉི་འོད་འཆར་བའི་གནས་དང་ཤིན་ཏུ་བར་ཐག་རིང་སོང་བ་ཡིན་ནམ། གང་ལྟར་ཡང་། ཁང་ཁྱིམ་རེ་རེའི་སྒེའུ་ཁུང་ནི་ཅི་འདྲའི་མཛེས་ཤིང་ལྟ་ན་སྡུག་པའི་རང་འབྱུང་ལ་མིག་མདངས་འཕེན་ས་ཞིག་ཡིན་པས། སུ་གང་ཞིག་གིས་ངོ་གདོང་གློ་བུར་དུ་གྱུར་ནས་ལྗོང་ཤིག་གཅིག་ལ་ཕོག་པའི་གཟུགས་མེད་ཀྱི་གྲིབ་ནག་དེ་གཡོལ་ཡང་། སྨག་རུམ་ཀློང་ནས་ཤར་ཀྱི་ཐིག་ལེ་ང་ཡི་ངུ་ཁ་ལེན་བཞིན་རྐང་ལམ་ཕྲ་མོ་འཚོལ་རོགས་བྱས། ཚངས་པའི་རྟ་ཡི་དགུན་འཁྱག་ལ་དྲོད་རླབས་སྤྱིན་ནས་ངའི་རྣམ་ཤེས་འདིར་ཕྱིར་ལོག་ལ་རེ་སྒུག་བྱེད་དུས། ཚེ་སྲོག་གི་སྐར་ཆ་རེ་རེར་ནམ་ཞིག་གི་དུས་ལ་ཆད་འགྲོ་བ་ཡིན་ཡང་། སྔོ་ཞིང་སངས་པའི་ནམ་མཁའ་རུ་སྤྲིན་དཀར་ཞིག་སིབ་བུར་འཁྲིགས་དུས། ད་གཟོད། ང་ནི་ཚ་དྲོད་ཉམས་པའི་ལམ་ཁའི་གློག་འོད་ཀྱི་ཁྱི་ཕྲུག་བདག་མེད་དེ་ཡིན་པ་ཤེས་ཐལ།
༢༡།༠༣།༢༠༡༩
ཁ་བརྡ་ཚང་ལ་བཀའ་དྲིན་ཆེ།
ཀློག་རིན་ཡོད་པ་ཞིག་རེད། བུ་མོ་བཀའ་དྲིན་ཆེའོ།།
་་་་་་་་་་་་་་་ དྲང་མོ་བཤད་ན། ་་་་་་་་་་་་་ ལ་དཔྱད་པ།
དྲང་པོ་བཤད་ན། ཞེས་པའི་ཚབ་ལ། དྲང་མོ་བཤད་ན་ཞེས་་དགོས་དོན་གང་རེད་དམ། གང་ཡིན་ཞེ་ན། གཞན་གྱིས་དྲང་མོར་བཤད་ན། ཚ་གྲང་གཉིས་ཀྱི། གྲང་མོ་བཤད་ན། ཚ་པོ་ཚོ་བཤད་ན། ཅས་པའི་ལྡོག་ཕྱོགས་ལ་བསམ་བཞེས་མ་ཐུབ་པའི་སྐྱོན་ཡོད་རེད་དོ། ཨ་མདོ་བ་ཚོ། ངས་ཤེ། ཨ་མདོ་བས། ཐོག་མར་ཐུག་དུས། ཁྱོད། བདེ་མོ་ཡིན་པེ། ཞེས་ཟེར་སྲོལ་ཡོད་པའང་ཤེས་སོ།།