མཁོ་གཏོང་བ། དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས།
ཕྱི་ལོ་ ༢༠༡༣ ཟླ་༥ཚེས་ ༡ ཉིན་ཇི་ནེ་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ། སུད་སི་གནས་སྡོད་ལྷུན་འགྲུབ་ཚང་ཀརྨ་བཀྲིས་ཚེ་རིང་དང་སྟག་ཚང་དཀོན་ཅོག་ཁྱིམ་ཚང་གཉིས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཞུ་གཏུག་གི་ལས་འགུལ་དང་འབྲེལ་ལྷག་དཀར་སྲུང་བརྩི་ཞུས་ཡོད་འདུག དེ་ཡང་གོང་གསལ་ཁྱིམ་ཚང་གཉིས་ཀྱིས་ལོ་གཅིག་གི་ནང་ཟླ་རེའི་བདུན་ཕྲག་དང་པོ་དང་གསུམ་པའི་ལྷག་དཀར་ཉིན་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་པ་ལྟར། འདི་ཉིན་ཡང་ཁྱིམ་ཚང་གཉིས་ཀྱིས་ནང་མི་ཚོ་སུད་སིའི་གྲོང་ཁྱེར་ luzern ནས་ཆུ་ཚོད་གསུམ་ཙམ་གྱིས་འགྲོ་དགོས་པའི་ཇི་ནེ་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་སོང་སྟེ།
བོད་ཕྱི་ནང་དུ་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོའི་གྲངས་ཀ་དང་མཉམ་པའི་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། ཁོང་ཚོའི་ལོ་རྒྱུས་དང་ཞལ་ཆེམས། རྒྱ་གཞུང་གི་གདུག་རྩུབ་སྲིད་ཇུས་བཅས་གསལ་བའི་ཡིག་ཆ་དང་། དགོས་འདུན་དོན་ཚན་ ༦ ཅན་གྱི་ཞུ་སྙན་བཅས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་། གྲོང་ཁྱེར་དེའི་ས་གནས་ཡུལ་མི། རྒྱ་ནག་སྐམ་ས་ནས་སླེབས་པའི་རྒྱ་རིགས་དང་། ཡུལ་ལུང་འདྲ་མིན་ནས་ཕེབས་པའི་ཡུལ་སྐོར་བ་རྣམས་ལ་པར་དང་ཡི་གེ་གཉིས་ཀ་འགྲེམ་སྤེལ་བྱས་པ་དང་།
དེ་བཞིན་ཕྱི་ཟླ་༤ ཚེས་༡༧ ཉིན་ཡང་དེ་ལྟར་ལས་འགུལ་འཆར་ཅན་བཞིན་སྤེལ་སྐབས་ཉི་འོད་ཀྱི་ཚ་བས་ཁྱིམ་ཚང་གཉིས་ཀྱི་ནང་མི་ཚོའི་གདོང་སྤགས་འཚིག་ཡོད་པ་དང། འདི་ཉིན་ཕྱི་དྲོར་ཆར་རླུང་དྲག་པོས་ཁོང་ཚོའི་བོད་ནང་གི་བོད་མི་ཚོར། སྐྱིད་སྡུག་མཉམ་མྱོང་དང་། གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ལ་འགལ་རྐྱེན་ཇི་ལྟར་འཕྲད་ནའང། ཁྱིམ་ཚང་གཉིས་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་མུ་མཐུད་ནས་སྤེལ་བ་དང་།འཆར་ཅན་སྤེལ་འཆར་ཡོད་འདུག་པ་བཅས།